ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (བརྒྱད་པ) ཨ་ཡེས་བསོད་ནམས་མཚོ་མོའི་མི་ཚེའི་ལོ་རྒྱུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (བརྒྱད་པ) ཨ་ཡེས་བསོད་ནམས་མཚོ་
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (བརྒྱད་པ) ཨ་ཡེས་བསོད་ནམས་མཚོ་མོའི་མི་ཚེའི་ལོ་རྒྱུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-02-25ལྟ་ཀློག (2946)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅། །ཨ་ཡེས་བསོད་ནམས་མཚོ་མོའི་མི་ཚེའི་ལོ་རྒྱུས།

དཀོན་མཆོག་ཚེ་རིང་། (ནག་ཆུ།)

གླེང་གཞི།

   འདིར་རང་ཉིད་ཀྱིས་འབྲོག་སྡེའི་བུད་མེད་སྐྱེས་མ་ཞིག་གི་མི་ཚེའི་ལོ་རྒྱུས་རགས་བསྡུས་ཤིག་འབྲི་དགོས་པ་ནི། གནའ་དེང་གཉིས་ཀྱི་ཆ་ནས་རང་རང་གི་ཡུལ་ཕྱོགས་ཀྱི་མི་ཞིག་ཚེ་ལས་འདས་ཚེ་མི་དེའི་མིང་ནས་འབོད་སྲོལ་མེད་སྟབས། རྒན་རབས་པ་མང་བོ་ཞིག་གི་མི་ཚེའི་ལོ་རྒྱུས་གཏམ་རྒྱུད་དང་བཤད་སྒྲོས་ཙམ་དུ་གྱུར་འདུག ལྷག་པར་དུ་ཡུལ་མི་ལ་ལའི་སྐྱེ་ཁུངས་མི་གསལ་ཞིང་ཐེ་ཚོམ་དུ་གྱུར་པའི་སྣང་ཚུལ་མང་བོ་འདུག་པས་ངས་འདིར་རང་ཡུལ་གྱི་བུད་མེད་ལོང་བ་ཞིག་གི་མི་ཚེའི་བརྒྱུད་རིམ་ཅུང་ཙམ་ཞིག་འབྲི་བར་འདོད། 

དང་བོ།  མཚམས་སྦྱོར་མདོར་བསྡུས།

   ཨ་ཡེས་བསོད་ནམས་མཚོ་མོ་ནི། བྱང་ཐང་ནག་ཆུའི་འབྲོག་མོ་ཞིག་སྟེ། བྱང་གནམ་མཚོ་ཕྱུག་མོ་དང་ཁད་ཉེ་བའི་འབུག་མཚོའི་འགྲམ་གྱི་ཕྱོགས་འཁོར་ཡུལ་ཚོར་སྤྱི་ལོ་༡༩༣༠ལོར་ཕའི་མིང་མི་གསལ་ལ་ཡུམ་མཚོ་བདེའི་བུ་མོར་སྐྱེས་ཤིང་། མིང་ལ་བསོད་ནམས་མཚོ་མོ་ཞེས་བཏགས། ལོ་བཅུ་དྲུག་ལ་སླེབས་པ་ན་མིག་གཉིས་ལོང་བར་གྱུར། ཕྱིས་སུ་ཁྱོ་བོ་གནམ་སྲས་དང་ཁྱིམ་ཐབ་བཅས་ཤིང་བུ་གཉིས་སྐྱེས། བསོད་ནམས་མཚོ་མོས་རང་གི་ཁྱོ་བོ་དང་ལྷན་དུ་ཤ་ཚ་ཞིང་སྙིང་ཉེ་བའི་རང་གི་བུ་གཉིས་འཚར་ལོངས་བྱུང་དུ་བཅུག 

    གློ་བུར་དུ་རང་གི་ཤ་ལས་ཆད་པའི་བུ་ཆེ་བ་(ཚེ་རིང་དར་རྒྱས།)དེ་དར་མའི་དུས་ནས་ཚེ་ལས་འདས་པས། ཕ་མ་དང་ཆུང་མ། སྤུན་དང་བུ་ཕྲུག་བཞི་མྱ་ངན་ཆེན་པོས་བརྙེས། བུ་ཆེ་བ་ཚེ་རིང་དར་རྒྱས་རང་དང་བྲལ་བ་མ་ཟད་རང་གི་བརྩེ་དུངས་ཟབ་པའི་ཁྱོ་བོ་ཡང་ཞ་བོར་གྱུར་པ་དང་ལོ་འགའི་རྗེས་སུ་ཁྱོ་བོའང་ཚེ་ལས་འདས། བུ་ཆེ་བའི་ཆུང་མ་ནོར་མཚོ་དང་བུ་ཆུང་བ་སྙན་གྲགས་གཉིས་ཀྱིས་ ཤ་ཚ་ཞིང་སྙིང་ཉེ་བའི་སྒོ་ནས་བདག་སྐྱོང་བྱས།

གཉིས་པ།  ཨ་ཡེས་བསོད་ནམས་མཚོ་མོ་གླེང་བ།

    ཁོ་མོ་ལོ་བཅུ་དྲུག་ལ་སོན་པའི་ལོ་དེར། ལུས་ལ་ན་ཚ་བྱུང་ཞིང་མིག་གཉིས་ལ་ཚ་ནད་ཕོག་པས་སྨན་པར་བསྟན་ཀྱང་བཅོས་ཐབས་མ་བྱུང་པར་མིག་གི་རྒྱལ་མོ་སྐམ་ནས་ལོང་བར་གྱུར། དུས་དེ་ནས་བཟུང་དབང་བོ་གཞན་དག་ལ་བརྟེན་ནས་ཁྱིམ་གྱི་བྱ་བ་མཐའ་དག་སྒྲུབ་ཐབས་བྱས།

    རྗེས་སུ་ཁོ་མོ་ཁྱོ་བོ་གནམ་སྲས་དང་གཉེན་སྒྲིག་བྱས་ཤིང་བུ་ཕྲུག་གཉིས་བཙས། སྙིང་སྟོབས་ལྷུན་པོ་དང་མཚུངས་པའི་ཁོ་མོས་རང་ཉིད་ཀྱི་མིག་མེད་པ་རྒྱུ་མཚན་དུ་མ་བྱས་པར་བུད་མེད་གཞན་དང་འདྲ་བར་ཨ་མའི་འགན་ཁུར་ཐམས་ཅད་ ཕྲག་ཏུ་ཁུར་ཅིང་། རང་གི་བུ་ཆུང་སྲོག་དང་འདྲ་བ་གཉིས་ཀ་སྐྱོན་མེད་བདེ་ཐང་ངང་འཚར་ལོངས་བྱུང་དུ་བཅུག མིག་ལོང་བར་གྱུར་ཀྱང་རང་གི་ཟླ་བོ་དང་བུ་ཕྲུག་ལ་ཁ་ལྟོ་སྦྱར་ཏེ་གཅེས་སྐྱོང་གང་ལེགས་བྱས། 

    ཁོ་མོའི་ཁྱིམ་ལས་ཀྱི་བྱ་བ་དག་ནི་འཚེམ་བཟོ་དང་། འཕང་འཁེལ་བ། འཐག་འཐག་པ། མལ་གཟན་དང་སྒྱེ་འཐག་པ། ཁྱོ་བོ་རྫི་བོར་འགྲོ་ཆས་སུ་འུར་ཆ་དང་། བཞོན་མ་བསྐྱིག་ཆས་ཀྱི་རྒྱུད་ཐིག ལྷས་མ་སླེ་བ། ད་དུང་ཞོ་བསྙལ་བ། མར་ལེན་པ། ཕྱུར་བ་སྐེམ་པ་སོགས་ལག་ལས་ལ་ཧ་ཅང་འཇོན་པས་ཁོ་མོའི་འཚོ་བ་ལ་དཀའ་ཚེགས་མེད་པར་གྱུར། བུ་ཕྲུག་གཉིས་ལ་ཡང་ལྟོགས་སྐོམ་ཀྱི་སྡུག་བསྔལ་མྱོང་དུ་མ་བཅུག་ཅིང་། མོའི་བུ་ཆེ་བའི་གཤིས་ཀ་འཇམ་ཞིང་ཞི་དུལ་བག་ཡོད་ཅིག་ཡིན་སྟབས། སྡེ་བའི་ཁྱིམ་མཚེས་ཀུན་གྱིས་བསྔགས་བརྗོད་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། བུ་ཆུང་བ་འཚེམ་བཟོ་དང་ཨར་ལས་ལ་འཇོན་པ་ཞིག་ཡིན་པས་ཇོ་སྙན་ཇོ་སྙནཟེར་ནས། སྡེ་བའི་མི་ཚང་མས་ལག་རེ་ས་ཞིག་ཏུ་གྱུར་ཡོད། 

    དེ་དག་ཕ་མ་བཀའ་དྲིན་ཅན་གྱི་བག་ཆགས་ལས་བྱུང་བ་ཞིག་ཅི་ལ་མིན། དེ་ལྟར་མིག་ལྡན་སྐྱེ་བོ་ཀུན་ལ་ངོ་ནོངས་མི་དགོས་པར་མཛའ་བརྩེའི་ཕྱི་ཐག་གིས་སྦྲེལ་བའི་ཁྱོ་བོ་དང་བུ་ཕྲུག་ལ་གཏད་ནས། དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་བཟང་བོ་ཞིག་བསྐྱངས། ཨ་ཡེས་བསོད་ནམས་མཚོ་མོ་དང་ཁ་བརྡ་བྱས་མྱོང་མཁན་ཞིག་ཡིན་ཕྱིན། སླར་བདེ་འཚམས་ཞུས་ན་ང་ནི་མི་འདི་ཡིན་ཟེར་མི་དགོས་པར་ངོས་འཛིན་ཐུབ་ཀྱིན་ཡོད་ལ། ཁོ་བོ་ནམ་སོང་ནའང་། ཁྱོད་ཇོ་དཀོན་མཆོག་ཨེ་ཡིན། ཟེར་ནས་ཨ་ཡས་བསོད་ནམས་མཚོ་མོས་ངོས་འཛིན་ཟབ་མོ་བྱེད་ཐུབ་ཀྱིན་ཡོད། ངའི་ཨ་མས་ཀྱང་ང་ལ་ཨ་ཡེས་ལ་སྔོན་ཤེས་ཡོད་པ་དང་ཁྱད་མེདཅེས་ཁ་བརྡ་བྱེད་ཞོར་དུའང་བཤད་མྱོང་། ཁོ་མོས་དེ་ལྟར་མི་ཚང་མ་ངོས་འཛིན་བྱེད་ནུས་ལ། ད་དུང་འདང་རྒྱག་འོས་པ་ཞིག་ནི་ཉི་ལྡེ་རུ་བའི་ཕོ་མོ་རྒན་གཞོན་ཚང་མས་རང་གི་མ་བཞིན་དུ་ཨ་མ་བསོད་ནམས་ཞེས་འབོད་ཀྱིན་ཡོད། 

    དེ་འདྲའི་སྔོན་ཤེས་ཐོབ་པ་ཞིག་མིན་ཀྱང་ལོ་མང་དུ་གོམས་ལོབས་སུ་སོང་བའི་ཉམས་མྱོང་དང་། དབང་བོ་གཞན་དག་གི་བྱེད་ནུས་ཀྱིས་ཡོད་ཚད་དབྱེ་འབྱེད་ཐུབ་མཁན་ཞིག་ཏུ་གྱུར་འདུག ལག་ལས་ཐམས་ཅད་སྒྲུབ་ཐུབ་པ་དང་། རྣ་ཤེས་ལ་བརྟེན་ནས་མི་ངོས་འཛིན་སོགས་ཁོ་མོའི་བྱ་སྤྱོད་ཅི་ལ་གཞིགས་ཀྱང་སྤྱིར་བཏང་གི་དབང་བོ་ཚང་བ་དག་ལས་ཚོར་ཤེས་རྣོ་བའི་རྟགས་མང་བོ་ཡོད། གཞན་གོང་དུ་བརྗོད་པ་བཞིན་བུད་མེད་ཀྱི་ལས་ཀ་ཡོད་དོ་ཅོག་མི་འགྲུབ་པ་སྣ་གཅིག་ཀྱང་མེད་པས་སྡེ་བའི་ཡུལ་མི་དག་གི་སེམས་སུའང་ཁོ་མོའི་དྲན་ཤེས་གསལ་བོ་ཞིག་ཡོད་པ་ནི་གསལ་བོར་ངེས།

    ཁོ་མོ་ནི་ནང་ཆོས་ལ་དད་པ་ཟབ་མོ་བྱེད་མཁན་ཞིག་ཡིན་ཏེ། རྒྱུན་པར་སྐྱབས་འགྲོ་དང་གུ་རུ་རིན་པོ་ཆེའི་མཚན་གཟུངས། མ་ཎི་བཅས་ཁ་བཏོན་ཆགས་མེད་དུ་འདོན་གྱིན་ཡོད་ལ། མ་ཎི་ལག་འཁོར་བསྐོར་བའི་དུང་འགྲུབ་ཀྱི་དུང་ཕྲེང་མང་བོ་ཡང་མཐོང་རྒྱུ་ཡོད། ཁོ་མོར་ཁོང་ཐམས་ཅད་མཁྱེན་པར་འབུལ་བ་བསྐུར་མྱོང་བའི་འཕྲོད་ཡིག་ཀྱང་འདུག ང་རང་ཆུང་དུས་སུ་༧སྟག་ལུང་བརྩེ་བ་རིན་པོ་ཆེ་མཆོག་ངེད་ཚང་དུ་ཕེབས་སྐབས་ཤིག་ལ་ཨ་ཡས་བསོད་ནམས་མཚོ་མོ་ཁོང་ལ་མཇལ་དུ་ཡོང་བ་ངས་ད་དུང་ཡང་དྲན་རྒྱུ་འདུག 

    ད་དུང་༧སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེ་དང་། ༧ནམ་མཁའ་རིན་པོ་ཆེ། ༧མཚམས་ཆུང་རིན་པོ་ཆེ་ཁོང་རྣམ་པ་དག་ལས་དབང་ཐེངས་མང་བོར་ཞུས་པ་མཐོང་མྱོང་། ཨ་ཡེས་འདི་མ་འདས་པའི་ཟླ་གཅིག་གི་སྔོན་ལ་༧མཚམས་ཆུང་རིན་པོ་ཆེ་མཇལ་བ་དང་། ཚེ་ལས་འདས་རྗེས་ཁོ་མོའི་སྔས་མགོའི་བླ་མར་ཡང་མཚམས་ཆུང་རིན་པོ་ཆེ་སྤྱན་དྲངས་ནས་ཕེབས་འདུག འདི་ནི་ཁོ་མོས་ཚོགས་བསགས་རྒྱ་ཆེར་བྱས་པ་དང་དད་པ་བརྟན་པོའི་སྟོབས་ཀྱིས་ཡིན་ཞེས་སྨྲས་ནའང་ཆོག་ལ། ལོང་བ་ཞིག་གིས་མིག་ལྡན་གྱིས་འཁྱོངས་མ་འཁྱོང་གི་བྱ་བ་ཐམས་ཅད་མིག་གིས་མཐོང་བ་དང་དབྱེར་མེད་པས། ཨ་ཡེས་བསོད་ནམས་མཚོ་མོ་ནི་བཟོད་བསྲན་དང་བརྩོན་འགྲུས་ལྡན་ལ། སྙིང་སྟོབས་ཆེ་ཞིང་དད་པ་བརྟན་པོ་ཞིག་ཡིན་པས་ངེས་དོན་གྱི་བུད་མེད་རླབས་ཆེན་ཞིག་རེད་ཨང་། མཐར་ཁོ་མོ་རང་སྡེ་བའི་འབུག་མཚོའི་འགྲམ་གྱི་ཕྱོགས་འཁོར་ཚོ་བར་དགུང་གྲངས་དགུ་བཅུ་གོ་གཅིག་པ་སྟེ་སྤྱི་ལོ་༢༠༢༡ལོའི་དབྱར་ཁར་ཚེ་ལས་འདས།

མཇུག་གཏམ།

     ཁོ་མོའི་མི་ཚེའི་ལོ་རྒྱུས་འདི་ལ་བརྟེན་ནས་དེང་གི་བུད་མེད་དག་དང་། ལྷག་པར་དུ་སྐྱེ་ཁུངས་འབྲོག་ན་ཡོད་ཅིང་འབྲོག་ལས་སྣ་གཅིག་ཀྱང་མི་ཤེས་པའི་གསར་བུ་གསར་མོ་དག་གིས་མིག་དཔེ་ཡར་ལྟོས་དང་ཡུལ་མི་ཚོའི་མི་ཚེ་རྗེས་ཤུལ་ཅུང་ཙམ་རེ་འཇོག་ཆེད། ཉིད་ཀྱིས་ཕྱོགས་ལྷུང་དུ་སོང་ནས་སྒྲོ་འདོགས་དང་འུད་བརྗོད་གང་ཡང་མ་བྱས་པར་རང་ཉིད་ཀྱིས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་དང་། ཨ་ཡས་འདིའི་བུ་ཆུང་བ་སྙན་གྲགས་དང་། ཚོ་བ་དེའི་རྒན་རབས་དགུང་གྲངས་གྱ་གཅིག་ལ་སླེབས་པའི་སྤོ་བོ་བདེ་ཆེན་ཆོས་མཛོད་དང་། དགུང་གྲངས་དོན་བཞི་ལ་སླེབས་པའི་ཨ་ཡས་བྱམས་པ་བཅས་ལ་བཅར་འདྲི་ཞུས་ཏེ་ཁོ་མོའི་མི་ཚེའི་ལོ་རྒྱུས་ཉིང་བསྡུས་ཤིག་འདིར་བཀོད་པ་ལགས་སོ། ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། l2t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574085
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།