ཁྱེད་ཅག་ནི་ཟླ་ཆུའི་འགྲམ་དུ་བཞད་པའི་རེ་བའི་མེ་ཏོག་ཚོམ་བུ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཁྱེད་ཅག་ནི་ཟླ་ཆུའི་འགྲམ་དུ་བཞད་པའི་རེ་བའི་མེ་ཏོག་ཚོམ་བུ་ཞིག
ཁྱེད་ཅག་ནི་ཟླ་ཆུའི་འགྲམ་དུ་བཞད་པའི་རེ་བའི་མེ་ཏོག་ཚོམ་བུ་ཞིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-02-25ལྟ་ཀློག (3107)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 
ཁྱེད་ཅག་ནི་ཟླ་ཆུའི་འགྲམ་དུ་བཞད་པའི་རེ་བའི་མེ་ཏོག་ཚོམ་བུ་ཞིག

       མཐོ་གཅིག་འཛིན་གྲྭ་གསུམ་པ་དང་བཞི་པའི་སློབ་གྲོགས་ཡོངས་ལ་ཕུལ། 

དེ་རིང་ཞོགས་པར་དུས་ཚོད་དྲུག་དང་ཕྱེད་ཀ་ནས་མལ་ལས་ལངས། ཁ་ལག་སྟབས་བདེ་ཞིག་བཀྲུས་རྗེས་ཞོགས་ཇ་འཐུང་ནས་སློབ་གྲྭའི་ཕྱོགས་སུ་བསྐྱོད་པ་ཡིན། གཡའ་དག་གི་ནམ་མཁའ་སྔོན་པོར་སྐར་མ་རེ་ཟུང་ཞིག་འོད་ཆེམ་ཆེམ་གྱིས་འཚེར་བཞིན་འདུག་པས། ཕལ་ཆེར་དེ་རིང་གི་ཉི་གཞོན་བསུ་བའི་སྟ་གོན་བྱེད་ཀྱི་ཡོད་པ་འདྲ། ལོ་ན་བཞི་བཅུ་ཡས་མས་ལ་སླེབས་པའི་བུད་མེད་རེ་ཟུང་ཞིག་གིས་ལག་ལ་ཕྱགས་མ་བཟུང་ནས་གཞུང་ལམ་གཙང་ཕྱགས་བྱེད་བཞིན་པ་མཐོང་བས། ལྐོག་གྱུར་གྱི་དོན་དག་མང་པོ་ཞིག་མངོན་སུམ་མིག་ལམ་དུ་མངོན་བྱུང་། ང་རང་ནམ་རྒྱུན་དཔེ་ཀློག་ཐན་ཐུན་གྱིས་མི་ཚེ་བསྐྱལ་བའི་བོད་ཀྱི་སློབ་མ་ཆུང་ཆུང་ཞིག་ཡིན་པར་མ་ཟད། མེས་པོ་རུས་མཁྲེགས་ཅན་རྣམས་ཀྱི་རྣམ་ཐར་ལ་དུང་ཞེན་ལྷག་མ་ཡོད་པའི་བོད་ཕྲུག་རྣལ་མའི་གྲས་སུ་གཏོགས་པར་སྙམ་ཡོད། ང་རང་ཆུང་དུས་ནས་རྩོམ་ཡིག་འབྲི་བར་དགའ་ལ་དེ་ལས་ཀྱང་བོད་སྐད་དང་བོད་ཡིག་གི་བར་ཐག་ཇེ་ཉེེ་གཏོང་བར་ཧ་ཅང་དགའ། འོན་ཀྱང་ངས་རྒྱུན་དུ་རྩོམ་འབྲི་བ་ནི་ངའི་དགའ་ཕྱོགས་ཡིན་པ་ལས་ཕུགས་བསམ་མིན་ཞེས་བཤད་མྱོང་བར་མ་ཟད། ནམ་ཞར་རང་གི་ཡིད་ལའང་དེ་ལྟར་བསམ་ནས་ལོ་ཟླ་གང་མང་ཞིག་གཙང་པོ་བཞིན་བཞུར་སོང་ཨང་། 


      ལོ་ཟླ་དེ་དག་གི་ཁྲོད་གྲངས་ཀྱིས་མི་ཟིན་པའི་ཞོགས་པ་བརྒྱུད་ནས་ཁོ་བོ་དེ་རིང་གི་བར་དུ་གསོན་ཡོད་ནའང་། དེ་རིང་གི་ཞོགས་པ་ནི་མི་ཚེ་འདིའི་ནང་ཐེངས་དང་པོར་རང་གིས་དངོས་སུ་བརྒྱུད་པས་ཆེས་སྤྱིར་བཏང་གི་ཞོགས་པ་འདི་སྤྱིར་བཏང་མིན་པའི་ཞོགས་པ་ཞིག་ཏུ་གྱུར་ཡོད་པ་རེད། ནམ་མཁའི་དགུ་ཚིགས་ཐང་ལ་ལྷུང་འདྲའི་ཟླ་ཆུ་སྔོན་མོའི་འགྲམ་ངོགས་སུ། ཕྱི་གསལ་ནང་གསལ་གྱི་ཁང་བཟང་ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་གིས། མ་བོས་མགྲོན་དུ་གྱུར་པའི་སློབ་གྲོགས་རྣམས་ཀྱི་རེ་བའི་མིག་ཟུང་ཡོངས་སུ་བསྡུས་ལ། དགེ་རྒན་རྣམ་པའི་སྤྱོད་ལམ་དང་རིག་གཞུང་ཁྲིད་སྟངས་ཀྱི་རྣམ་འགྱུར་ནི་སློབ་གྲོགས་རེ་རེའི་ཤེས་རབ་ཀྱི་སྒོ་མོ་འབྱེད་པའི་ཉེར་ལེན་ཁོ་ནར་གྱུར་ཡོད། ང་རང་ཞོགས་པ་དེར་སློབ་གྲྭའི་སྒོ་ཆེན་བརྒལ་ནས་ནང་དུ་འཛུལ་སྐབས། དགེ་རྒན་ཞེས་པའི་ཐ་སྙད་དེས་ལྗིད་ཏིག་ཏིག་གིས་སེམས་ཁམས་ཡོངས་སུ་མནན་སོང་། ཐ་སྙད་དེ་ལ་བསམ་གཞིག་མི་བྱེད་ཀ་མེད་ཀྱང་བྱུང་། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། དགེ་རྒན་གྱི་མཚན་ཉིད་ལ་གཙང་མཁས་གཞན་ལ་ཕན་པར་འདོད། ཅེས་པའི་བསྡོམས་ཚིག་དེ་གནང་། བསྡོམས་ཚིག་དེ་ཁ་ནང་ལ་ལེན་ཐེངས་རེ་རེར་དགེ་རྒན་གྱི་ལས་གནས་གཉེར་བའི་གང་ཟག་སུ་ཡིན་ཡང་བསམ་གཞིག་བྱེད་མྱོང་ཡོད་པར་མ་ཟད། རང་བཞིན་གྱིས་བློ་གཙང་བ་དང་འཁྲིད་བྱའི་གཞུང་ལ་མཁས་པ། གདུལ་བྱའི་སློབ་མ་ལ་རྩེ་གཅིག་ཏུ་ཕན་པར་འདོད་པའི་ཀུན་སློང་མཐོ་བའི་དགེ་རྒན་ག་ཚོད་ཅིག་ཡོད་མེད་ཕལ་ཆེར་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེ་བས་བསྡོམས་ཚིག་དེར་ཁ་ནང་དུ་བསྐོར་ནས་བསམ་བློ་ཞིག་བཏང་ན་དངོས་གནས་ཡིད་ཕམ་པ་ཞིག་ཡིན་པར་མ་ཟད། ངའི་རྒྱུད་དུ་གཞན་ལ་ཕན་པའི་ཡོན་ཏན་ཏིལ་ཙམ་ཡང་མེད་བཞིན་དུ་འཁྲིད་བྱའི་གཞུང་ལ་མཁས་པ་དང་། གཞན་ལ་ཕན་འདོད་ཀྱི་ཀུན་སློང་གཙང་མིན་སོགས་ཅི་འདྲའི་ཡིད་ལ་འཆར་སླ་བ་ཞིག་རེད་ཨང་། འོན་ཀྱང་ངས་རང་ཉིད་ཀྱི་ཡོན་ཚད་དང་བསྟུན་ནས་དཔེ་ཁྲིད་བྱས་པ་དེས། གདུལ་བྱ་མི་ཉུང་བ་ཞིག་གི་རེ་འདོད་བསྐང་ཐུབ་ན། ད་གཟོད་རང་ཉིད་ཀྱིས་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་ཡོངས་རྫོགས་ལེགས་འགྲུབ་བྱུང་སོང་བ་རེད། 

   ངས་སློབ་གྲོགས་རྣམ་པར་ཁྱེད་ཚོས་ངེས་པར་དུ་དགེ་རྒན་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་དགོས་ཞེས་ལུང་རིགས་ཀྱི་རྒྱབ་བརྟེན་ཁྱེར་ནས་མང་པོ་མང་པོ་ཞིག་བཤད། རྒྱུ་མཚན་དེས་བདག་ལའང་སྔར་མེད་ཀྱི་བློ་བསྐྱེད་ཅིག་སྟེེར་སོང་ལ། དགེ་རྒན་ལ་དད་པ་ཡོད་མདོག་གིས་དགེ་རྒན་གྱི་མཚན་ནས་བཟུང་སྟེ་མིག་ཟུམ་ཟུམ་ཇི་ཙམ་བྱས་ཀྱང་ཕན་ཐོགས་འབྱུང་དཀའ་བ་ཞིག་ཡིན་མོད། དེ་ལས་ཀྱང་གལ་ཆེ་བ་ནི་དགེ་རྒན་གྱི་བཀའ་བཞིན་བསྒྲུབ་ནས། རང་དོན་དུ་སློབ་སྦྱོང་གཤའ་མ་དང་གཞན་དོན་དུ་སློབ་གྲྭའི་སྒྲིག་ལམ་ལ་བརྩི་སྲུང་བྱེད་རྒྱུ་ནི་མིའི་འགྲོ་སྟངས་ཀྱི་རྩ་དོན་ཞིག་ཏུ་ཆགས་ཡོད་ཅེས་བཤད་པར་མ་ཟད། རང་གིས་ཀྱང་ཁ་ལེན་ཚིག་བརྩི་མེད་པའི་དད་པས་དགེ་རྒན་ཁོང་རྣམ་པའི་ཕྲིན་ལས་ལ་རམ་འདེགས་ཅི་ཡང་མི་ཡོང་བ་ཤེས། 

    ངའི་ཡིད་ལ་སློབ་གྲོགས་རྣམ་པས་གལ་སྲིད་དཔེ་དེབ་མཐུག་པོ་རེ་འབྲི་མ་ཐུབ་ཀྱང་སྐབས་ལན་རེར་རང་རང་གི་སློབ་དེབ་ངོས་ཀྱི་ལེགས་བཤད་འཕྲུལ་གྱི་དྲ་བ་དང་། རི་བོ་གངས་ཅན་གྱི་མཛེས་ལྗོངས།  ཤེས་རབ་དང་རྨོངས་པ་ལྟ་བུའི་སློབ་ཚན་གཙོ་གྲས་རྣམས་གཟབ་ནན་གྱིས་འབྲི་སྦྱོང་བྱས་ཚེ་ཡིད་འཛིན་གྱི་ནུས་པ་བླ་ལྷག་ཏུ་བསྐྱེད་ཐུབ་པར་མ་ཟད།  ཡིག་གཟུགས་ཇེ་ལེགས་སུ་འགྲོ་བ་ལ་ཡང་ཕན་ཐོགས་མངོན་གསལ་དུ་འབྱུང་ངེས་ཡིན།  ཐ་ན་སྙན་ངག་གི་དཔེར་བརྗོད་རྣམས་ཞིབ་འབྲི་བྱས་པའི་དབང་དུ་བཏང་ན་ཡང་། རྒྱན་དེ་དང་དེའི་ངོས་འཛིན་ཐད་ལ་རམ་འདེགས་ཀྱི་ནུས་པ་མི་དམན་པ་ཐོན་སྲིད།  ཡིད་མ་ཆེས་ན་ཁྱེད་ཚོས་སང་ཉིན་ནས་བཟུང་ཚོད་ལྟ་བྱེད་ཆོག་ཅེས་བཤད་སྐབས་སློབ་གྲོགས་སུ་ལའང་ཁ་གྲགས་རྒྱུ་མེད་པར་གྱུར། ངའི་ཡིད་ལ་རྩོམ་འབྲི་བ་ནི་ཕལ་ཆེར་ཁོ་ཚོའི་དགའ་ཕྱོགས་སུ་གྱུར་མེད་པ་ཡིན་ནམ་སྙམ་ཡང་། རང་གི་ཚོར་བས་ས་གནས་ཀྱི་སློབ་གསོའི་གནས་བབས་ལ་བལྟས་ན་ཕལ་ཆེར་སློབ་གྲོགས་ཁོང་རྣམས་ནི་དགའ་ཕྱོགས་བརྟན་པོ་དང་། ཚུགས་ཐུབ་ཀྱི་ཤེས་རབ་ཟེར་ན་དཀའ་ཡང་ཨུ་ཚུགས་ཀྱི་ཤེས་རབ་ཀྱིས་དཔེ་ཆ་བཟང་པོ་ལ་ལྟ་ཀློག་དང་།སྐབས་བབས་སྦྱང་བྱ་ལ་རྡོ་རུས་ཐུག་པའི་བརྩོན་འགྲུས་བྱེད་པའི་ཀུན་སྤྱོད་སྐྱེད་སྲིང་བྱས་ཡོད་པ་ཕལ་ཆེར་བཤད་དཀའ་བའི་ཚོད་དུ་གྱུར་ཡོད་པ་ཤེས། ངས་དྲ་ལམ་སློབ་ཁྲིད་བརྒྱུད་ནས་ཁྱེད་ཅག་ངོ་མི་ཤེས་པ་ནས་ངོ་ཤེས་སུ་གྱུར་ཅིང་། ངོ་ཤེས་པ་ནས་ཆ་རྒྱུས་ཡོད་པའི་དགེ་སློབ་ཀྱི་རྣམ་པར་གྱུར་མོད། དེ་རིང་མ་གཏོགས་དངོས་སུ་འཕྲད་མ་མྱོང་བས་མིང་ཙམ་ལས་སློབ་གྲོགས་རྣམས་དབྱེ་བ་འབྱེད་མི་ཐུབ་པའི་དཀའ་ངལ་ཞིག་ཀྱང་ངང་གིས་བྱུང་། 

        གང་ལྟར་ང་ཚོའི་སེམས་ཀྱི་བར་ཐག་དེས་ང་ཚོ་གནས་གཅིག་ཏུ་འཛོམས་ཤིང་།  དགེ་སློབ་ཕལ་པའི་ཐ་སྙད་ཀྱི་བཀོད་སྒྲིག་འདི་སྔོན་བྱས་བསོད་ནམས་ཟོང་གིས་ཁུགས་པའི་ལས་འབྲས་ཀྱི་ཆོས་ཉིད་ནི་ང་ཚོའི་རིག་གཞུང་དུ་གསལ་བ་ལས་གཞན་དུ་ཅི།   སློབ་གྲོགས་རྣམ་པ། རིག་གཞུང་ནི་ལག་ལེན་གྱི་རྗེས་སུ་བྱུངབའི་ཉམས་མྱོང་གི་བསྡོམས་ཚིག་ལྟ་བུ་རེད། སྐབས་རེར་རིག་གཞུང་རྐྱང་པའི་ར་སྐོར་དུ་ཞུགས་ནས་ཤེས་བྱ་འདོམ་ལ་འཇལ་བ་ནི་རྙོག་འཛིང་ཅན་གྱི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་ང་ཚོ་ཤེས་བྱ་ཀུན་ལ་འཇུག་པའི་ལས་དང་པོ་པ་ཡིན་སྟབས་ཅིས་ཀྱང་རིག་གཞུང་གི་ཉམས་མྱོང་དང་། ལག་ལེན་གྱི་སྟོབས་ཤུགས་ཟུང་དུ་སྦྲེལ་ཏེ་མཐར་ཟླ་ཆུ་སྔོན་མོའི་འགྲམ་ངོགས་སུ་རྐང་རྗེས་གསོན་པོ་ཞིག་དབབ་ནས་མཐར་ཕྱིན་དགོས་པ་ཡིད་ལ་དྲན་པར་མཛོད།

   དགེ་རྒན་མང་པོ་མང་པོ་ཞིག་གིས་རང་གི་འདས་དོན་ལ་ཡག་ཐོག་ཏུ་རྒྱན་བཏགས་ནས་སློབ་མ་ཚོར་བསྒྲགས་པ་ནི་གོམས་གཤིས་ཤིག་ཏུ་ཆགས་ཡོད་ལ། སློབ་མ་རྣམས་ཀྱིས་ཅུང་ཟད་མི་འཇོན་པ་མཐོང་ཚེ་རང་གི་ལོ་རྒྱུས་ལ་རྟོག་བཟོ་གྱ་ནོམ་པ་ཞིག་བྱས་ནས་མིག་དཔེ་ལྟ་དགོས་ཞེས་པ་ལྟ་བུའི་སློབ་གསོ་མི་ཉུང་བ་གཏོང་སྲིད། འོན་ཀྱང་ཁོ་བོ་ནི་དེ་ལྟ་བུར་རང་གི་ལོ་རྒྱུས་རྫུན་བཟོ་བྱེད་པར་མི་འཐད་པ་མ་ཟད། རང་ཉིད་ཀྱི་ངོ་གདོང་ངོ་མ་བསྟན་ནས་སློབ་མ་རྣམས་ལ་སློབ་གསོའི་སྲི་ཞུ་ཅུང་ཟད་རེ་བསྒྲུབ་ཐུབ་ན་དེ་གས་འཐུས་པར་བསམ་ཡོད། མ་གཞི་སློབ་གསོ་ཟེར་བ་དེ་མིའི་སེམས་རྒྱུད་ཡོངས་སུ་འདུལ་བའི་ཐབས་ལམ་ཡོད་དོ་ཅོག་ལ་སློབ་གསོ་ཞེས་ངོས་བཟུང་ན་རང་ཅག་རྣམས་ལ་འཐད་པར་སྙམ་ཡང་། སློབ་གསོ་ཞེས་པ་ལ་ལྟ་གྲུབ་ཀྱི་ངོས་ནས་འགྲེལ་རྒྱག་སྟངས་མི་འདྲ་བ་མང་པོ་ཞིག་འདུག་སྟེ། ཁ་ཅིག་གིས་གནའ་བོའི་རིག་གནས་ཁོང་དུ་ཆུད་རྒྱུ་ལྟ་བུར་འདོད་ལ། འགའ་ཞིག་གིས་རང་ཚུགས་ཐུབ་པའི་མི་གསོ་སྐྱོང་བྱེད་པར་བཞེད་པའང་ཡོད། ཡང་གཞན་རྣམས་ཀྱིས་མི་སོ་སོའི་རང་སྟེང་ལ་ཡོད་པའི་ནུས་པ། བྱམས་བརྩེ་དང་ཤེས་རབ་གསོ་སྐྱོང་བྱེད་པ་ལྟ་བུར་གོ་ཡང་། ངས་བལྟས་ན་གོང་གི་སྐད་ཆ་ཐམས་ཅད་ལ་དཔེ་མེད་ཀྱི་གནས་ལུགས་ཤིག་འདུག །འོ་ན་སྐབས་སུ་བབས་པར་ང་ཚོས་སློབ་གསོ་ལ་གོ་བ་ཇི་ལྟར་ལེན་ཞེ་ན། གང་བསླབ་པར་བྱ་བའི་གནས་ཐམས་ཅད་རང་རྒྱུད་ལ་གོམས་པར་བྱས་ནས་ཡ་རབས་སྤྱོད་བཟང་གི་མི་ཞིག་ཏུ་གཏོང་བའི་ཐབས་ལ་སློབ་གསོ་ཞེས་འགྲེལ་ན་མི་འགྲིག་པ་མེད་སྙམ། མེས་པོ་གོང་མ་རྣམས་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་འབྲས་བུ་རེ་རེ་ལ་བརྟེན་ནས་ང་ཚོར་རང་ཚུགས་ཐུབ་པའི་ཤེས་རབ་ཅིག་ཆགས་པའི་ཆེད་དུ་སློབ་གསོ་མྱོང་དགོས་ཞེས་གོ་བ་བླངས་ན་འགྲིག་ཡོད་པར་བསམ་ལ་ལག་ལེན་ཡང་དེ་ལྟར་གདབ་པར་འཚལ།  དེ་བས་ང་ཚོ་ཡང་ཆབས་ཅིག་ཏུ་སྔ་ལངས་ཕྱི་ཉལ་གྱིས་རིག་གཞུང་སློབ་སྦྱོང་བྱས་པས་རང་ཉིད་ཀྱི་ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་གོང་འཕེལ་དུ་གཏོང་བའི་ཐབས་ལ་འབད་པ་ནི་རང་ཉིད་རྒྱུ་མཚན་དུ་བྱས་ནས་ངོ་ཚ་ཤེས་ཤིང་། གཞན་རྒྱུ་མཚན་དུ་བྱས་ནས་ཁྲེལ་ཡོད་པ་ཞིག་བྱེད་པའི་སླད་དུ་ཡིན་པ་དཔེ་ཁྲིད་གཞན་དང་གཞན་ནས་ཀྱང་ཤེས་ཐུབ་པ་ཞིག་རེད། 


       ཁྱེད་ཅག་གིས་ལས་ཀྱིས་བསྡུས་པའི་ཕ་ཡུལ་གྱི་ཉེ་དུ་ཐམས་ཅད་རྒྱང་རིང་དུ་བཞག་ནས་རྒྱུས་མེད་ཀྱི་ས་ཆ་ཞིག་ཏུ་སླེབས་དུས། ཐོག་མར་ཡིད་ལ་འཁོར་ཡོང་བ་ནི་རང་རང་གི་དྲིན་ཆེན་ཕ་མ་རྣམས་ཡིན་པ་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་འཛམ་གླིང་ལ་ཡོངས་སུ་གྲགས་པའི་སློབ་གསོ་བ་སྐོར་ཞིག་གིས་དགེ་རྒན་ནི་ཕ་མ་ལྟ་བུ་ཡིན་དགོས་ཞེས་པའི་སྐད་ཆ་འདིའི་གནད་འགག་ཀྱང་འདི་ལ་ཐུག་ཡོད་པར་སྙམ། མ་གཞི་སློབ་གཉེར་པ་ཞིག་ལ་མཚོན་ན་རྒྱང་རིང་དུ་འགྲོ་བ་ནི་ལྟོས་བཅས་ཀྱིས་དཀའ་ངལ་ཞིག་ཏུ་བསམ་ཡང་། དོན་གྱིས་སློབ་སྦྱོང་གི་འབྲས་བུ་ལ་ལམ་ལྷོང་ཡག་པོ་འབྱུང་བར་ཕན་ཐོགས་ཡོད་པ་ནི་རང་གི་མྱོང་བས་གྲུབ་པ་ཞིག་ལགས། ངས་བསམ་ན་ཁྱོད་ཚོར་རང་རང་ལ་འཚམ་པའི་ཕུགས་བསམ་ཞིག་ཡོད་ལ། ཕུགས་བསམ་དང་རང་ཉིད་གཉིས་ཀྱི་བར་ཐག་གནམ་ས་ལྟ་བུ་ཞིག་ཡོད་ན་མི་འགྲིག་པ་རང་གི་མྱོང་བས་གྲུབ་ཡོད། ལོ་ན་ཆུང་ཆུང་ཡིན་དུས་ཁྱེད་ཅག་གི་ཕུགས་བསམ་ཅི་ཞིག་ཡིན་ཞེས་དགེ་རྒན་གྱིས་དྲིས་ན། སློབ་མ་རྣམས་ཀྱིས་དེ་མ་ཐག་ཚན་རིག་པ་དང་། རྩོམ་པ་པོ་གྲགས་ཅན། གསར་གཏོད་པ། ཁེ་ལས་པ་སོགས་ཀྱི་ཐ་སྙད་གང་ལེགས་ཀྱི་སྡེར་ཁ་དགེ་རྒན་ལ་བསྒྲིགས་པ་ཤིན་ཏུ་མང་ཡང་། སློབ་མཐར་ཕྱིན་ནས་ཡུན་རིང་མ་འགོར་བར་ཆང་ཁང་དང་དྲ་ཁང་སོགས་བརྒྱུད་ནས་རང་ཉིད་ཀྱི་མི་ཚེ་རླུང་ལ་བསྐུར་བའི་སློབ་གྲོགས་ནི་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད། དེ་བས་ཁྱེད་རྣམ་པས་ཀྱང་ཕུགས་བསམ་ཞེས་པ་ནི་འདིར་གནས་པའི་སློབ་གྲོགས་མང་པོ་ཞིག་ལས་ཐམས་ཅད་དང་མི་འདྲ་བའི་གྲུབ་འབྲས་ཤིག་ལོན་ན་སྙམ་པའི་བསམ་ཚུལ་ལ་གོ་བ་བླངས་ན་ཆོག་མོད། ཕུགས་བསམ་ནི་ཁྱེད་ཅག་མ་འོངས་པར་རང་གི་རིག་གནས་ལ་ཡིད་ཆེས་དང་རང་གི་མི་རིགས་ལ་ཤ་ཚ་བའི་སློབ་མ་ཡ་རབས་ཤིག་ཏུ་འགྱུར་བའི་སྔོན་འགྲོར་སེམས་ཆོག །མི་ཚེ་འདིར་ང་ཚོ་ཟླ་ཆུ་སྔོན་མོའི་འགྲམ་ངོགས་ནས་འཕྲད་པ་ལ་གཏམ་རྒྱུད་ཀྱི་དོན་སྙིང་ལྡན་ཞིང་། དམའ་འབྲིང་ནས་སློབ་མཐར་ཕྱིན་ཏེ་སློབ་གླིང་འདི་འདྲ་ཞིག་ལ་ཡོང་བའང་མི་ཚེའི་འགྲུལ་བཞུད་ཀྱི་མགོ་བརྩམས་པ་ལས་མཇུག་བསྡུས་པ་མིན་པས། དུས་ནམ་ཡང་ཕྱིར་ལྡོག་མི་བྱེད་པའི་དམ་བཅའ་བརྟན་པོ་སྙིང་གི་བྲག་ལ་བརྐོ་དགོས་ཨང་། 

      རྩོམ་འདི་བྲིས་ནས་མཚམས་འདིར་སླེབས་དུས་ཡང་བསྐྱར་ཁྱེད་ཅག་གི་ངོ་གདོང་ཡིད་ལ་འཁོར་བྱུང་། དེ་ལས་ཀྱང་ཡིད་ཀྱི་གཏིང་དུ་ཟུག་པ་ནི་ཁྱེད་ཅག་གི་རེ་བའི་མིག་ཟུང་དང་དགེ་རྒན་ཞེས་ངག་གི་འབོད་སྟངས་ཁོ་ན་ཡིན། ང་ཚོས་འདི་ནས་ཤེས་བྱའི་རྣམ་གྲངས་དང་། རྣམ་དབྱེ་དང་ཚིག་ཕྲད་ཀྱི་སྦྱོར་བ་ཙམ་གྱིས་ཡིད་ཚིམ་ནས་མི་འདུག་པར། བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ལས་ཕྱོགས་ཡོངས་ལ་གོ་ཐོས་ཡོད་པ་ཞིག་ཀྱང་བྱ་དགོས་ངེས་ཡིན་ལ། དེ་བས་གནའ་རྩོམ་འོ་མ་ལྟ་བུའི་རྗོད་བྱེད་ཚིག་གི་རྩལ་ལ་ལད་ཟློས་དང་། བརྗོད་བྱ་དོན་གྱི་ཆ་རྣམས་སེམས་ཀྱི་ཟབ་སར་ལེན་པའི་སྙིང་སྟོབས་ཀྱི་ཡ་ལད་ལེགས་པོར་བགོས་ནས་ད་གཟོད་མི་རིགས་རིག་གནས་ཀྱི་སེམས་ཁམས་དྭངས་གཙང་ཞིག་ཆགས་སུ་འཇུག་དགོས་སོ།།

              ཞེས་སློབ་གྲོགས་ཡོངས་ལ་སློབ་སྦྱོང་གི་འདུན་པ་མ་ལྷོད་ཅེས་པའི་སྐུལ་ལྕག་ཙམ་དུ་དམིགས་ནས། བླ་དྭགས་ཀྱི་མིང་དབྱངས་ཅན་བློ་གཏེར་དགྱེས་པའི་ཉིན་བྱེད་དམ། ཐུན་མོང་དུ་སེེར་ཚང་པའམ་བསོད་ནམས་ལྷུན་གྲུབ་ཏུ་འབོད་པའི་དགེ་མིང་ཙམ་འཛིན་པ་དེས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག།

                                            ༢༠༢༣-༢-༢༤


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23576268
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།