ནང་བསྟན་གྱིས་རྒྱའི་སྲོལ་རྒྱུན་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ་རགས་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ནང་བསྟན་གྱིས་རྒྱའི་སྲོལ་རྒྱུན་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ་
ནང་བསྟན་གྱིས་རྒྱའི་སྲོལ་རྒྱུན་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ་རགས་ཙམ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-01-14ལྟ་ཀློག (4218)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྤྲེལ་ཉི་མ་རྒྱལ་མཚན།

ནང་དོན་གནད་བསྡུས།  

རྩོམ་ཡིག་འདིའི་ནང་དུ་རྒྱའི་སྲོལ་རྒྱུན་རིག་གནས་དང་ནང་བསྟན་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ་ནང་བསྟན་གྱིས་རྒྱ་ནག་གི་ཤེས་རིག་འཕེལ་རྒྱས་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཚུལ་དང་ནང་བསྟན་བདེ་ཐང་ངང་འཕེལ་རྒྱས་སུ་སོང་ན་རྒྱའི་རིག་གནས་དང་སྤྱི་ཚོགས།  རྒྱལ་ཁབ་བཅས་ཀྱི་འཕེལ་རྒྱས་ལ་ཕན་འབྲས་ག་ཚོད་འབྱུང་མིན་སྐོར་དངོས་ཤུགས་སུ་བསྟན་ཏེ་དཔྱད་ཁུལ་བྱས་ཡོད།  

བརྡ་ཆད་གཙོ་བོ།    ནང་བསྟན།  རྒྱ་ནག   བསམ་བློ།  རིག་གནས།

ནང་བསྟན་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ལ།  མཚར་སྡུག་འོད་སྟོང་འབར་བའི་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་།  སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་དུས་མཇུག་ཙམ་ལ་རྒྱ་གར་ནས་བྱུང་ལ།  ཧན་ཤར་ནུབ་གཉིས་ཀྱི་མཚམས་སུ་རྒྱ་ནག་ཏུ་དར་བ་སྟེ།   ལོ་ངོ་ཉིས་སྟོང་གི་གོ་རིམ་བརྒྱུད་ནས་ནང་བསྟན་གྱིས་རྒྱའི་སྲོལ་རྒྱུན་རིག་གནས་ལ་ཤུགས་རྐྱེན་ཐེབས་པ་རྒྱ་ཆེ་ཞིང་གཏིང་ཟབ་ལ།   རྒྱ་ནག་གི་སྲོལ་རྒྱུན་བསམ་བློ་དང་རྩོམ་རིག  སྒྱུ་རྩལ།  སྐད་ཆ་སོགས་ལ་ཚད་མི་འདྲ་བའི་སྒོ་ནས་ནང་བསྟན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཡོད།  རྒྱ་ནག་ནི་ནང་བསྟན་གྱི་ཕ་ཡུལ་གཉིས་པ་ཆགས་ཡོད་ལ།  ནང་བསྟན་ལོ་ངོ་ཉིས་སྟོང་ལྷག་བརྒྱུད་པའི་གོ་རིམ་ཁྲོད་རང་ཉིད་བདེ་ཐང་ངང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་མཉམ་དུ་རྒྱའི་རིག་གནས་ཀྱི་རིམ་པ་སོ་སོར་འདྲེས་ཤིང་རིག་གནས་ཀྱི་ཁྱབ་ཁོངས་ཀུན་ལ་ཤུགས་རྐྱེན་ཐེབས་ཡོད་ཅིང་། ཕུལ་ཏུ་བྱུང་བའི་རིག་གནས་ལོངས་སྤྱོད་གྱ་ནོམ་པ་བྱུང་ཞིང་།  རྒྱའི་སྲོལ་རྒྱུན་རིག་གནས་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  

རྒྱ་ནག་གི་སྲོལ་རྒྱུན་བསམ་བློའི་རིག་གནས་བདེ་ཐང་ངང་དར་ཐུབ་མིན་དེ་ཚད་ངེས་ཅན་ཞིག་ནས་བལྟས་ན་ནང་བསྟན་རིག་གནས་དར་ཐུབ་མིན་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཏུ་ཆགས་ཡོད།  

རྒྱལ་སྤྱིའི་ཤར་ཕྱོགས་རིག་པའི་སློབ་དཔོན་ཆེན་མོ་ཅི་ཤན་ལིན་季羡林གྱིས།  ཀྲུང་གོའི་མི་དང་རིག་གནས་ཀྱི་ཕྱོགས་ཡོངས།  སྤྱི་ཚོགས་ཀྱི་རིམ་པ་ཁག་སོགས་ལ་ཆོས་ལུགས་ཀྱི་འདུ་ཤེས་ཁྱེར་ཡོང་བ་ནི་རྒྱ་གར་ནས་བྱུང་བའི་ནང་བསྟན་ཡིན་ལ།  ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་མ་མཐའ་ཡང་རྒྱ་གར་ནས་བྱུང་བའི་ནང་བསྟན་བསམ་བློ་ལ་ཆ་རྒྱུས་ཡོད་འོས་ཞེས་ཐད་ཀར་བཤད་ཆོག་ལ།   ནང་བསྟན་དེ་ཉིད་ཀྲུང་གོའི་ལོ་རྒྱུས་ཀྱི་ཁྲོད་དང་རིག་གནས་ལོ་རྒྱུས།  མཚན་ཉིད་རིག་པའི་ལོ་རྒྱུས་ཁྲོད་སོགས་ལ་ནུས་པ་བཏོན་ཚུལ་མ་ཤེས་པ་ཡིན་ན་ཀྲུང་གོའི་མཚན་ཉིད་རིག་པའི་ལོ་རྒྱུས་དང་།  ཀྲུང་གོའི་བསམ་བློའི་ལོ་རྒྱུས།  ཀྲུང་གོའི་སྐད་བརྡ་རིག་པའི་ལོ་རྒྱུས།  ཀྲུང་གོའི་སྒྲ་གདངས་རིག་པའི་ལོ་རྒྱུས།  ཀྲུང་གོའི་འཛུགས་སྐྲུན་ལོ་རྒྱུས།  ཀྲུང་གོའི་རོལ་མོའི་ལོ་རྒྱུས།  ཀྲུང་གོའི་བྲོ་གར་ལོ་རྒྱུས་སོགས་འབྲི་ཐབས་བྲལ།  ཞེས་གསུངས།    

 དང་པོ། ནང་བསྟན་གྱིས་རྒྱའི་སྲོལ་རྒྱུན་བསམ་བློ་ལ་ཤུགས་རྐྱེན་ཐེབས་ཚུལ།

སྤྱིར་བཏང་མི་རིགས་ཤིག་གི་བསམ་བློ་ལ་ཤུགས་རྐྱེན་ཐེབས་ཚུལ་མི་རིགས་དེའི་མཚན་ཉིད་རིག་པར་ཤུགས་རྐྱེན་ཐེབས་ཚུལ་ཡིན་ཞིང་།   རྒྱ་ནག་གི་མཚན་ཉིད་རིག་པའི་བསམ་བློ་ནི་ཀྲོའུ་རྒྱལ་རབས་སུ་དར་ཞིང་ཀྲན་གོའི་དུས་སྐབས་སུ་རྒྱས་པ་ཡིན་ལ།  ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་མཁས་བརྒྱ་འགྲན་གླེང་གི་རྣམ་པ་བྱུང་ནས་རྒྱའི་མཚན་ཉིད་རིག་པའི་བསམ་བློ་ཧ་ཅང་དར་བའི་དུས་ལ་སླེབས།  ཧན་རྒྱལ་རབས་ལ་སླེབས་དུས་ཧན་ཝུའུ་ཏི་ཡིས་གྲུབ་མཐའ་གཞན་དག་དོར་ནས་རུའུ་ལུགས་གཅིག་བུ་བཀུར་སྟི་བླ་མེད་བྱས་པས་རུའུ་ལུགས་ཧ་ཅང་དར་བར་གྱུར་ཞིང་།  ཏའོ་ལུགས་ཀྱི་བསྟན་པ་ཉམས།   ཝེ་ཅིན་ལྷོ་བྱང་གི་དུས་སྐབས་སུ་ནང་བསྟན་བླ་ལྷག་ཏུ་དར་བ་དང་མཉམ་དུ་ཏའོ་ལུགས་ཀྱང་དར་མགོ་བརྩམས།  ནང་བསྟན་དང་ཏའོ་ལུགས་གཉིས་འགལ་བ་(དཔེར་ན་བོད་ཀྱི་ལོ་རྒྱུས་ཐོག་གི་བན་བོན་འབྲེལ་བ་ལྟ་བུ་ཡིན།)སྣ་ཚོགས་བརྒྱུད་དེ་མཐར་ཞི་མཐུན་མཉམ་གནས་སུ་གྱུར་ཅིང་།  རྒྱ་ནག་གི་མཚན་ཉིད་རིག་པར་ནང་བསྟན་གྱི་བསམ་བློ་ཆགས་པའི་ལའོ་ཙི་དང་ཀྲོང་ཙིའི་བསམ་བློའི་རྗེས་འཇུག་གི་མཁས་པ་གསར་བའི་དཔུང་ཁག་མང་པོ་བྱོན་ཞིང་།  ནང་པ་བ་དག་གིས་ཀྱང་ལའོ་ཙི་དང་ཀྲོང་ཙིའི་བསམ་བློ་དང་རྗོད་ཚིག་བླངས་ནས་རང་གི་ལྟ་བ་གསར་འགྲེལ་གནང་། རུའུ་ལུགས་ལ་མཚོན་ན་གོང་མ་དང་རུའུ་ལུགས་ཀྱི་མཁས་པ་གྲགས་ཅན་འགའ་ནང་བསྟན་ལ་དགའ་དད་ཆེན་པོ་ལྡན་པའི་ཤུགས་རྐྱེན་དང་ནང་བསྟན་གྱི་བསམ་བློའི་བརྗིད་ཉམས་དང་ཡིག་བསྒྱུར་རྩོམ་རིག་གི་མཛེས་སྡུག་སོགས་ཀྱིས་སྐབས་དེའི་རུའུ་ལུགས་པ་དག་གི་ཡིད་དབང་འཕྲོག་ཏེ་ནང་བའི་བསམ་བློར་མི་བསླབ་ཐབས་མེད་བྱུང་། ཀྲུང་གོའི་བསམ་བློ་བ་དང་ཆབ་སྲིད་པ།  སློབ་གསོ་བ་གྲགས་ཅན་ལིའང་ཆི་ཁྲའོ་梁启超ཡིས་༼ཁོང་ནི་ཀྲུང་གོའི་ཉེ་རབས་ཀྱི་མཚན་ཉིད་རིག་པ་བའི་ཚབ་མཚོན་མི་སྣའང་ཡིན།༽ནང་བསྟན་ནི་ཆོས་ལུགས་ཀྱི་སྟེང་དུ་མཚན་ཉིད་རིག་པ་ལྡན་ཞིང་།  ནང་བསྟན་ནི་སྤྱིར་བཏང་གི་ཆོགས་ལུགས་ཤིག་མ་ཡིན་ལ།  དེས་ཀྲུང་གོའི་མི་ལ་ཕན་པ་ཐོབ་ཚུལ་མང་ཤོས་མཚན་ཉིད་རིག་པའི་ཕྱོགས་ཡིན་པ་ལས་ཆོས་ལུགས་ཕྱོགས་མིན་ཞེས་བཤད་ཡོད།  ཁོང་གིས་ད་དུང་ནང་ཆོས་ནི་འཛམ་གླིང་རིག་གནས་ཀྱི་ཆེས་ལེགས་པའི་ཐོན་རྫས་ཡིན་ཞེས་བཤད།  

ཐང་དང་སུང་གི་དུས་སྐབས་སུ་ནང་བསྟན་མཚན་ཉིད་རིག་པ་དར་བའི་ཡངས་རྩེར་སོན།  སྐབས་འདིར་རུའུ་ལུགས་དང་ནང་བསྟན།  ཏའོ་ལུགས་གསུམ་གྱི་མཚན་ཉིད་རིག་པའི་ཆུ་བོ་རྣམ་གསུམ་གཞི་གཅིག་ཏུ་འདུས་ཏེ་བསམ་བློ་གཅིག་འདྲེས་དང་རང་རང་གི་དགེ་མཚན་འདོན་སྤེལ་གནང་བའི་གནས་སྟངས་འདིས་རྒྱའི་སྲོལ་རྒྱུན་མཚན་ཉིད་རིག་པས་ནང་བསྟན་མཚན་ཉིད་རིག་པར་ཨ་ལན་སློག་པའི་རྣམ་པ་བྱུང་ཞིང་།  གོ་རིམ་འདི་དག་བརྒྱུད་རྗེས་ནང་བསྟན་མཚན་ཉིད་རིག་པས་རྒྱའི་མཚན་ཉིད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་།  སུང་ཡོན་མིང་རྒྱལ་རབས་སུ་དར་ཁྱབ་ཆེ་བའི་རུའུ་རིགས་ཀྱི་རིག་གཞུང་གསར་བ་གནས།  པེ་ཅིང་སློབ་ཆེན་མཚན་ཉིད་རིག་པའི་དགེ་རྒན་ཆེན་མོ་ལིག་ཡིས་ལེ་ཡིས། ནང་བསྟན་མཚན་ཉིད་རིག་པས་སུང་དང་མིང་གྱི་གནས་ལུགས་རིག་པར་(理学:中国新哲学)

རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་ཤུགས་རྐྱེན་ཐེབས་ཡོད་པ་དེ་ནི་ཁས་མ་བླངས་ཐབས་མེད་ཀྱི་དོན་དངོས་ཤིག་ཡིན་ཞིང་།  གནས་ལུགས་རིག་པ་བའི་ཁྲོད་དུ་དེ་སྔ་ནང་ཆོས་སྦྱངས་མ་མྱངས་པ་ཕལ་ཆེར་མེད་ལ།  ཐ་ན་ནང་བསྟན་ལ་ལོག་པར་འཛིན་པའི་སུང་རྒྱལ་རབས་ཀྱི་གནས་ལུགས་རིག་པ་བའམ་རུའུ་ལུགས་རིག་པ་བ་ཀྲུའུ་ཞི་ཡིས་ཀྱང་སྔོན་དུས་ཡུན་རིང་པོ་ཞིག་ཏུ་ནང་བསྟན་ལ་སྦྱངས་པ་ཡིན་ཞེས་རང་ཉིད་ཀྱིས་བཤད་ཡོད་ཟེར། མིང་རྒྱལ་རབས་ཀྱི་རུའུ་ལུགས་རིག་པ་གསར་བའམ་སེམས་སློབ་རིག་པ་心学༼ཝང་ཡང་མེན་གྱི་སེམས་སློབ་རིག་པ་ནི་ཀྲུང་གོའི་མཚན་ཉིད་རིག་པའི་ཡང་རྩེ་ལ་ངོས་འཛིན་གྱིན་ཡོད།༽ཝང་ཡང་མེན་(王阳明1472---1529)གྱི་ལེགས་བཤད་གྲགས་ཅན།  སེམས་ཀྱི་རྩ་བ་ལུང་མ་བསྟན།། དགེ་སྡིག་བྱུང་བ་བསམ་པའི་གཡོ།། དགེ་སྡིག་ཤེས་པ་ཤེས་པའི་མཆོག།  དགེ་ཆེད་སྡིག་དོར་གནས་ལུགས་ལགས།།   (无善无恶心之体,有善有恶意之动。知善知恶是良知,为善去恶是良知。)ཞེས་པ་ལའང་ནང་བསྟན་གྱི་ལྟ་བ་ལགས།

གཉིས།  ནང་བསྟན་གྱིས་རྒྱའི་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ།

དབྱིན་ཇིའི་མཚན་ཉིད་རིག་པ་བ་ཁི་ལེ་སི་ཐོ་ཧྥུའུ་ཡིས།  རླབས་ཆེ་བའི་ཆོས་ལུགས་ནི་རླབས་ཆེ་བའི་ཤེས་རིག་གི་གཏན་ཁེལ་གྱི་རྨང་གཞི་སྟེང་བྱུང་བ་ཡིན་ལ།  ཆོས་ལུགས་བོར་བའི་སྤྱི་ཚོགས་ཞིག་གིས་སྔ་ཕྱི་ཙམ་མ་གཏོགས་དེའི་རིག་གནས་ཤོར་དུ་འཇུག་ངེས་ཞེས་བཤད། ནང་བསྟན་གྱིས་རྒྱའི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་ངང་གནས་ཡོད་ཅིང་།  དཔེར་ན་གཏམ་རྒྱུད་དང་གཏམ་དཔེ།  དམངས་ཁྲོད་སྲོལ་རྒྱུན་ཡུལ་སྲོལ་སོགས་ལ་ནང་བསྟན་གྱི་ཞབས་རྗེས་ཕབ་ཡོད།  ནང་བསྟན་གྱིས་རྒྱའི་རིག་གནས་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཐེབས་ཡོད་དེ།  དཔེར་ན།  སྙན་ངག་དང་སྒྲུང་གཏམ།  ཡིག་གཟུགས།  རི་མོ།  རོལ་མོ།  འཛུགས་སྐྲུན།  བྲག་བརྐོས་སོགས་ཡོད།

སྐད་ཆའི་ཤུགས་རྐྱེན།

རྒྱ་ནག་གི་སྐད་ཆའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གཞི་རྒྱ་ཆེན་པོས་ཕྱི་སྐད་བསྡུ་ལེན་བྱས་པ་ཐེངས་གསུམ་ངེས་ཤིང་།  ཐེངས་དང་པོ་ནི་ཀྲན་གོའི་དུས་སྐབས་ཡིན་ལ་གཙོ་བོ་ཞུང་ནུའུ་དང་ནུབ་ཡུལ་ནས་བྱུང་བའི་ཐ་སྙད་ཡིན།  ཐེངས་གཉིས་པ་ཝེ་ཅིན་སུའུ་ཐང་གི་དུས་སྐབས་ཡིན་ལ་གཙོ་བོ་ལེགས་སྦྱར་སྐད་ཀྱི་མ་ལག་ལས་བྱུང་བའི་ནང་བསྟན་ཐ་སྙད་ཡིན།  ཐེངས་གསུམ་པ་ནི་མིང་དང་ཆིན་གི་སྐབས་ཡིན་ལ་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་བྱུང་བའི་སྐད་ཁོངས་ཀྱི་མང་ཚིག་ཡིན།  དེའི་ཁྲོད་རྒྱའི་སྐད་ལ་ཤུགས་རྐྱེན་ཆེས་ཐེབས་པ་ནི་ནང་བསྟན་གྱི་ཐ་སྙད་ཡིན་ལ།   ནང་བའི་ཐ་སྙད་དེ་དག་རྒྱའི་སྐད་མཛོད་དུ་ཚུད་པས་རླབས་ཆེན་ཡིན་པའི་རྒྱའི་སྐད་ཆའི་སྒྱུ་རྩལ་སྔར་ལས་ཕུན་སུམ་ཚོགས་པར་བཏང་ཡོད་པ་མ་ཟད་རྒྱའི་ཐ་སྙད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།  སྐུ་ཞབས་ལིང་ཆིས་ཁྲོའོ་ཡིས་བསྡོམས་རྩིས་ལྟར་ན་ཉི་ཧོང་གི་དགེ་བཤེས་ཀྲུ་ཐེན་ཏི་ནིན་གྱིས་བརྩམས་པའི་༼ནང་བསྟན་ཚིག་མཛོད་ཆེན་མོ་༽རུ་ནང་བསྟན་ཐ་སྙད་ཁྲི་གསུམ་དང་སྟོང་ལྔ་ལྷག་ཡོད་ལ།  ཚིག་མཛོད་དེའི་ནང་佛ཞེས་པའི་ཡིག་འབྲུ་གཅིག་པོ་འདི་ལའང་འབྲེལ་བའི་ཐ་སྙད་ཚིག་གྲོགས་༡༥༢ཡོད་པར་གྲགས། ཚིག་མཛོད་འདི་ཀྲུང་གོའི་དཀར་ཆག་ཆེད་མཁས་པ་དང་དཔེ་ཉར་མཁན་ཏེན་ཧྥུ་པའོ་ཡིས་ཉི་ཧོང་གི་སྐད་ལས་ཡིག་བསྒྱུར་གནང་ཞིང་༢༠༡༡ལོར་ཀྲུང་གོ་དཔེ་ཁང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་པོད་གསུམ་གྱི་བདག་ཉིད་ཅན་ཡིན།  དེ་དག་ནི་ཧན་ཅིན་དུས་སྐབས་ནས་ཐང་གི་བར་གྱི་ལོ་ངོ་བརྒྱད་བརྒྱ་ལྷག་གི་རིང་དུ་ནང་བའི་སྐྱེས་ཆེན་དམ་པ་དག་གིས་གསར་གཏོད་གནང་བ་ཡིན།  

ཀྲུང་གོའི་ནང་བསྟན་རིག་གནས་ཞིབ་འཇུག་ཁང་གིས་བསྒྲིགས་པའི་༼ནང་བསྟན་ངག་རྒྱུན་༽ཞེས་པའི་དེབ་དེའི་ནང་དགེ་བསྙེན་ཀྲོ་པུའུ་ཁྲོའུ་ཡིས་དེ་སྔ་ན་གཞོན་མཁས་པ་ཞིག་ལ་ཤ་ཚ་བའི་སྒོ་ནས་དེང་སྐབས་མི་མང་པོ་ཞིག་གིས་ནང་བསྟན་ནི་ཀྲུང་གོའི་རིག་གནས་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཁས་ལེན་གྱི་མེད་མོད།  འོན་ཀྱང་ཁོ་ཚོས་ཁ་གདངས་ནས་སྐད་ཆ་བཤད་སྐབས་དེའི་ནང་དུ་ནང་བསྟན་གྱི་གྲུབ་པའི་ཆ་མང་པོ་འདུས་ལ།   གལ་ཏེ་ནང་བསྟན་རིག་གནས་རྦད་དེ་གཡུག་པ་ཡིན་ན་ཕལ་ཆེར་ཁོ་ཚོས་ཁ་བརྡ་ཆ་ཚང་བ་ཞིག་ཀྱང་བཤད་ཐུབ་ཀྱི་མ་རེད་ཅེས་གསུངས།   རྒྱ་སྐད་ནང་དུ་ནང་བསྟན་གྱི་ཐ་སྙད་མང་པོ་ཞིག་དུས་རྒྱུན་བཀོལ་བཞིན་ཡོད་ལ།  དཔེར་ན།  现在、如实、实际、真谛、单位、迷信、无常、净土、慈悲、相对、有缘、化身、忏悔、功课 导师、生老病死、菩萨心肠、大千世界、不可思议、三心二意、苦海无边回头是岸、执迷不悟、恍然大悟、走火入魔སོགས་ནི་ནང་བའི་ཐ་སྙད་འབའ་ཞིག་ཡིན།  

རྩོམ་རིག་གི་ཤུགས་རྐྱེན།

རྒྱ་ནག་ལ་ལྷོ་བྱང་རྒྱལ་རབས་ཀྱི་སྔོན་དུ་སྙན་ཚིག་འབྲི་བའི་སྲོལ་ཆེ་ཆར་མེད་ཅིང་ཝེ་ཅིན་རྒྱལ་རབས་སུ་ནང་བསྟན་དར་བའི་རྨང་གཞིའི་ཐོག་ནས་ད་གཟོད་ཐང་དང་སུང་གི་སྙན་ཚིག་དང་མི་ཆོས་རི་མོ་ཧ་ཅང་དར་བའང་ནང་བསྟན་གྱི་འཆར་སྣང་སྟོང་བ་དང་དངོས་ཡོད་ཚད་བརྒལ་རྟོགས་ཡུལ་གྱི་ཤུགས་རྐྱེན་ལས་རྒྱའི་རྩོམ་རིག་སྒྱུ་རྩལ་ལ་སྔར་མེད་གསར་གཏོད་གྱི་རྣམ་པ་འཁྲུངས།  རྒྱལ་རབས་དྲུག་ནས་སུང་ལྷོ་བྱང་གཉིས་བར་ནང་བསྟན་ཧ་ཅང་དར་ལ།   སྐབས་འདིར་རྒྱའི་སྙན་ངག་པ་ནང་བསྟན་དང་འབྲེལ་བ་དམ་པོ་ཡོད་ཅིང་།  སྙན་ངག་པ་གྲགས་ཅན་ཝང་ཝེ། པེ་ཅུས་དབྱི། ལི་པེ། ལིག་ཙུང་ཡོན་སོགས་ནི་ནང་བསྟན་ལ་དད་མོས་ཡོད་མཁན་ཡིན་ཞིང་།  ཁོ་ཚོའི་བརྩམས་ཆོས་མང་པོ་ཞིག་གི་ནང་དོན་ནི་ནང་ཆོས་ཡིན་ལ། དཔེར་ན་ཝང་ཝེ་ཡི་༼ཞང་ཅིས་དགོན་པར་མཇལ་བ།༽སོགས་མང་པོ་ཡོད།   སྐབས་དེར་རབ་བྱུང་གི་སྡེ་ནས་ཀྱང་སྙན་ངག་པ་མང་པོ་བྱུང་ཞིང་།  བསྡོམས་རྩིས་ལྟར་ན་ནང་བསྟན་གྱི་ཕྱོགས་ནས་སློབ་དཔོན་ཀུ་མ་ར་ཤྲི་(鸠摩罗什343--413西域龟兹国 今新疆库车,东晋十六国时期后)དང་སློབ་དཔོན་ཞོན་ཙང་ངམ་ཐང་སན་བླ་མ་རྣམ་གཉིས་གཙོ་བོས་ལོ་ཙྰ་བ་མང་པོ་ཞིག་གི་ནང་བའི་བསྟན་བཅོས་དྲུག་སྟོང་ལྷག་བསྒྱུར་གནང་མཛད་ཅིང་། འདིས་རྒྱ་ནག་གི་རྩོམ་རིག་གར་སྟེགས་ལ་སྔར་ལས་འོད་སྟོང་འབར་བར་བྱས་ཡོད།  ནང་བསྟན་གྱིས་རྩོམ་རིག་གི་ཤུགས་རྐྱེན་ཆེས་ཟབ་པ་ནི་བརྩམས་སྒྲུང་ཡིན་ལ།  ལྷག་པར་གནའ་བོའི་ལེའུ་ཅན་གྱི་བརྩམས་སྒྲུང་གི་བརྗོད་བྱ་དང་མི་སྣ།  བྱུང་རིམ་སོགས་ལ་ནང་བསྟན་གྱི་ཤུགས་རྐྱེན་ཐད་ཀར་ཐེབས་ཡོད་ལ།   དཔེར་ན་ཐང་སིན་བླ་མའི་རྣམ་ཐར་༼ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་༽དང་༼ཅི་ཀུང་གི་རྣམ་ཐར།༽གཉིས་ཀྱི་མཐའ་གཅིག་ཏུ་ནང་བསྟན་གྱི་བརྗོད་བྱ་ཡིན་པའི་བརྩམས་སྒྲུང་ཡིན།   ༼ཆུ་ངོགས་གཏམ་རྒྱུད་༽དང་༼ཐོག་ཁང་དམར་པོའི་རྨི་ལམ་༽གཉིས་ཀྱི་བརྗོད་བྱ་ལའང་ནང་བསྟན་གྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད་རྩོམ་དེ་གཉིས་ཀྱི་གྲུབ་སྟངས་དང་འབྲི་ལུགས་ནི་༼མདོ་ཕལ་ཆེན་༽དང་༼མྱང་འདས་ཀྱི་མདོ་༽ཡི་ཤུགས་རྐྱེན་ཐེབས་ཡོད་པ་རྒྱ་ཡིག་གི་རྩོམ་ཡིག་གྲགས་ཅན་དག་ན་དྲངས་ཡོད།   ད་དུང་དཔེར་ན་༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་༽ནང་གི་ལིའུ་པེ་刘备སྐྱེ་གཟུགས་ཞིབ་འབྲི་དེ་སྟོན་པའི་སྐུའི་ཁྱད་ཆོས་མངོན་གསལ་ཡིན་ལ།  དེའི་ནང་དུ་ལིའུ་པེ་འབྲི་སྐབས་གཟུགས་པོའི་རིང་ཚད་ལ་ཚད་ཤིང་བདུན་དང་སོར་ལྔ།  རྣ་ཤལ་ཟུང་དཔུང་བར་སླེབས།   ལག་གཉིས་པུས་མོ་བརྒལ།  མིག་གིས་རང་ཉིད་ཀྱི་རྣ་བ་བལྟ་ཐུབ་པ།  ཞེས་བྲིས་པ་དེ་རྒྱ་གར་ནང་བསྟན་གྱི་རྩོམ་རིག་གི་ཤུགས་རྐྱེན་ཡིན་པ་ལས་ཀྲུང་གོའི་གནའ་རབས་སྲོལ་རྒྱུན་གྱི་འབྲི་ལུགས་མིན་པ་རྒྱལ་སྤྱིའི་ཤར་ཕྱོགས་རིག་པའི་སློབ་དཔོན་ཆེན་མོ་དང་ནང་བསྟན་རིག་པའི་མཁས་དབང་ཆེན་མོ་སྐུ་ཞབས་ཅི་ཤན་ལིན་གྱིས་ཀྱང་གསལ་བོ་གསུངས་ཡོད།  རྒྱ་གར་གྱི་ནང་བའི་སློབ་དཔོན་རྟ་དབྱངས་སམ་དཔའ་བོས་མཛད་པའི་༼སངས་རྒྱས་ཀྱི་སྤྱོད་པ་༽ཞེས་བྱ་བའི་སྙན་ངག་ཆེན་པོ་ལེའུ་ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་༼སྡེ་དགེ་བཀའ་འགྱུར་གྱི་པོད་གེ་པ་ལ་བཞུགས་ཤིང་། པཎྡི་ཏ་ས་དབང་བཟང་བོ་དང་། ལོ་ཙྰ་བ་བློ་གྲོས་རྒྱལ་པོས་བོད་སྐད་དུ་བསྒྱུར། བསྟན་བཅོས་འདིའི་ལེགས་སྦྱར་གྱི་མ་རྩོམ་ཡང་ད་ལྟའི་བར་དུ་བཞུགས་ཡོད། ༽འདི་ཡིས་ཀྲུང་གོའི་གནའ་བོའི་སྙན་རྩོམ་གྱི་འཕེལ་རྒྱས་ལ་ཤན་ཆེན་པོ་ཐེབས་ཡོད་ལ། སྐུ་ཞབས་ལིའང་ཆི་ཁྲའོ་ཡིས།  རྟ་དབྱངས་ཀྱི་༼སངས་རྒྱས་ཀྱི་སྤྱོད་པ་༽(ཚིག་རྐང་༩༣༠༠དང་ཡིག་འབྲི་༤༦༠༠༠ལྷག་ཡོད་ཅིང་།  རྒྱ་ནག་གི་སྐད་དུ་སྤྱི་ལོ་དུས་རབས་ལྔ་བར་སྔ་ཕྱིར་འགྱུར་མི་འདྲ་བ་གཉིས་ཡོད་པ་རྒྱའི་༼བཀའ་བསྟན་༽ཁྲོད་དུ་བཞུགས། ད་དུང་དབྱིན་ཇིའི་སྐད་དང་ཉི་ཧོང་གི་སྐད་ལའང་བསྒྱུར་ཡོད་ཅིང་ཉི་ཧོང་གི་སྐད་ལ་བོད་སྐད་ནས་བསྒྱུར་བར་གྲགས།)ལ་ཞིབ་བལྟས་བྱས་ན་དེ་ནི་ཡིག་འབྲི་ཁྲི་གསུམ་ལས་བརྒལ་བའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ།  སྒྱུར་རྩོམ་གྱི་སྒྲ་གདངས་གལ་ཆེན་དུ་བཟུང་མེད་ནའང་ཀློག་མཁན་ལ་༼རྨ་བྱ་ཤར་ལྷོར་འཕུར་༽སོགས་གནའ་བོའི་རོལ་མོའི་ཕོ་བྲང་乐府(ཆིན་གྱི་དུས་སྐབས་སྲིད་གཞུང་གིས་དོ་དམ་བྱེད་བཞིན་པའི་དམངས་ཁྲོད་ཀྱི་རོལ་མོ་ཞབས་བྲོ་བསྡུ་སྒྲིག་བྱེད་མཁན་གྱི་ལས་ཁུངས་ཤིག)དང་འདྲ་བའི་ཚོར་བ་སྟེར།   སུང་ཡོན་མིང་གི་རྗེས་སུ་སྣ་མང་ཟློས་གར་དང་རྣམ་ཐར།  ངོ་མཚར་གཏམ་རྒྱུད།  གཞས་མ་གཏམ་སོགས་གླུ་གཞས་རིང་མོ་དག་ལ་༼སངས་རྒྱས་ཀྱི་སྤྱོད་༽སོགས་ནང་བའི་བསྟན་བཅོས་ཀྱི་དྲི་བསུང་གིས་ཁྱབ་ཡོད། ཅེས་བཤད་འདུག  

 ད་དུང་དམངས་ཁྲོད་དུ་ནང་བསྟན་བརྗོད་བྱ་ཡིན་པའི་གཏམ་རྒྱུད་ནི་གང་སར་ཁྱབ་ཡོད་ཅིང་།   འདི་དག་ལས་ནང་བསྟན་གྱིས་རྒྱའི་རྩོམ་རིག་ལ་ནུས་པ་གལ་ཆེན་བཏོན་ཡོད་པ་གསལ་བོར་བདེན་དཔང་བྱས་ཡོད།  

སྒྱུ་རྩལ་གྱི་ཤུགས་རྐྱེན།

རྒྱའི་སྒྱུ་རྩལ་བརྩམས་ཆོས་ལ་ནང་བསྟན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་དང་ནང་བསྟན་རིག་གནས་དང་མཉམ་འདྲེས་སུ་གྱུར་བས་ཀྲུང་གོའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གྱུར་ཞིང་།  ནང་བསྟན་གྱི་ཤུགས་རྐྱེན་འོག་སྒྱུ་རྩལ་བ་རིམ་བྱོན་གྱིས་རྒྱའི་སྒྱུ་རྩལ་གྱི་ཞིང་ཁམས་འདི་ལ་རིན་ཐང་བྲལ་བའི་རིག་གནས་ཀྱི་ཤུལ་ནོར་མང་པོ་བཞག་ཡོད།  མཇེས་རྩལ་གྱི་ངོས་ནས་བཤད་ན་ནང་བསྟན་གྱི་གཏམ་རྒྱུད་ནི་རྟག་པར་རི་མོ་བ་རིམ་བྱོན་གྱི་གསར་རྩོམ་གྱི་འབྱུང་ཁུངས་སུ་གྱུར་འདུག་ལ།  སྟོན་པ་དང་སྤྱན་རས་གཟིགས། འཇམ་པའི་དབྱངས་སོགས་ནི་ནང་བསྟན་གྱི་བླ་ན་མ་མཆིས་པའི་དད་ཡུལ་ཡིན་པས་རི་མོ་བ་དག་གིས་དུས་རྟག་པར་བཞེང་དགོས་པའི་ཡུལ་ཡིན།  ཐང་གི་རི་མོ་བ་གྲགས་ཅན་ཝའུ་ཏོ་ཙི་དང་ཅིན་གྱི་རི་མོ་བ་གྲགས་ཅན་ཀུའུ་ཁེ་ཀྲི་སོགས་རི་མོ་བ་གྲགས་ཅན་ཡོད་ཚད་ནང་བསྟན་གྱི་རི་མོ་བཞེངས་པར་མཁས་པས་མིང་དུ་གྲགས་པ་ཡིན་ལ། དཔེར་ན་ཝའུ་ཏོ་ཙོ་ཡི་རི་མོ་གྲགས་ཅན་༼སྟོན་པའི་འཁྲུངས་རབས། ༽ ལྟ་བུ། རྒྱའི་སྒྱུ་རྩལ་གླེང་དགོས་ན་རྒྱ་ནག་གི་ནང་བསྟན་སྒྱུ་རྩལ་མི་གླེང་ཐབས་མེད་ཡིན་ལ་རྒྱ་ནག་གི་ནང་བསྟན་སྒྱུ་རྩལ་གླེང་ན་ཏུན་ཧོང་རིག་གནས་དེ་བས་ཀྱང་མི་གླེང་ཐབས་མེད་ཡིན།  ཏུན་ཧོང་མའོ་ཀོ་བྲག་དགོན་བཞེངས་པ་གཞི་རྒྱ་ཆེ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་།  ད་ལྟའི་བར་དུ་རྒྱལ་ཁབ་བཅུ་དྲུག་པའི་དུས་སྐབས་དང་།  ཝེ་ནུབ་བྱང་།  ཀྲུའུ་བྱང་མ།  སེའུ།  ཐང་།  རྒྱལ་རབས་ལྔ།  སུང་།  མི་ཉག  ཡོན་སོགས་རྒྱལ་རབས་བཅུ་ཡི་བྲག་ཕུག་དང་ལྡེབས་རིས།  ཚོན་མདོག་སྐུ་བརྙན་སོགས་ལྡན་པས་ཡིན་ལ།  དེའི་སྒྱུ་རྩལ་གྱི་རིན་ཐང་བརྗོད་ཐབས་བྲལ།  ཏུན་ཧོང་མའོ་ཀོ་བྲག་དགོན་གྱི་ལྡེབས་རིས་ཁྲོད་མང་ཆེ་བ་ནི་ནང་བསྟན་རིག་གནས་ཀྱི་ལྡེབས་རིས་ཡིན་ལ།  དེ་ལ་རིགས་མི་འདྲ་བ་དྲུག་ཏུ་དབྱེ་ཆོག་སྟེ།  གཏམ་རྒྱུད་རི་མོ།  གཞུང་འགྱུར་རི་མོ(ནང་བསྟན་གྱི་བསྟན་བཅོས་དག་གི་ནང་དོན་གོ་བདེ་ཞིང་ཤེས་སླ་བའི་ཆེད་རི་མོའི་ལམ་ནས་བྲིས་པ་ལ་ཟེར།)།  ལྷ་རིས།  བསྟན་པའི་སྦྱིན་བདག་གི་རི་མོ།  རྒྱན་སྤྲོས་རི་མོ།  ལྷ་སྒྲུང་གི་རི་མོ་བཅས་ཡིན།   ནང་བསྟན་ཀྱི་ལྡེབས་རིས་ལས་གཞན་སྤྱི་ཚོགས་ཀྱི་ཡུལ་སྲོལ་རི་མོ་དང་སྲོག་ཆགས་ཀྱི་རི་མོ་སོགས་མཆིས།  

རོལ་མོའི་ཤུགས་རྐྱེན།

ནང་བསྟན་གྱི་རོལ་མོ་ནི་ཡོངས་ཁྱབ་ཏུ་དམངས་ཁྲོད་དུ་དར་སླ་བའི་རོལ་མོ་དང་ཁྱབ་གདལ་དུ་གཏོང་སླ་བའི་རོལ་མོ་ཞིག་ཡིན་ཞིང་།  རྒྱལ་བོ་དང་ཕོ་བྲང་གི་ནང་དུ་མཐོང་ཆེན་བྱེད་ལ།  གོང་མ་སེའུ་ཡང་ཏི་ཡིས་ཕོ་བྲང་དུ་བསྡུས་པའི་གུས་ལུགས་རོལ་མོ་དགུ་ཡི་ཁྲོད་དུ་ནང་བའི་རྒྱལ་ཁབ་ནས་བླངས་པའི་རོལ་མོ་མི་ཉུང་བ་ཡོད་ཅིང་།  ཐང་རྒྱལ་རབས་ཀྱི་རོལ་མོ་ལ་ནང་བའི་རོལ་མོའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ།   ནང་བསྟན་རོལ་མོ་གྲགས་ཅན་༼སྤྱན་རས་གཟིགས་ཀྱི་གཟུངས་སྔགས་(大悲咒)༽ནི་ད་ལྟའི་བར་དུ་མ་ཉམས་པར་དར་ཞིང་མི་མང་པོས་དགའ་མོས་བྱེད་ལ། ལྷག་པར་དེང་གི་དུས་འདིར་གཞུང་ཞབས་པ་དང་སློབ་མ་མང་པོ་ཞིག་གི་སེམས་ཁམས་ཞི་བར་གནས་པའི་གསོས་སྨན་ལྟ་བུ་གྱུར་ཡོད།

ལྷོ་བྱང་རྒྱལ་རབས་དང་སེའུ་ཐང་ནི་ཀྲུང་གོའི་རོལ་མོ་ཆེས་དར་བའི་དུས་སྐབས་ཡིན་ཞིང་། ཐང་གི་རོལ་མོའི་འབྱུང་ཁོངས་ནི་ནུབ་ཡུལ་ཀུ་ཚའི་ཡུལ་(龟兹:今新疆库车一带)༼ཐང་སིན་བླ་མས་ཀྱང་འབུད་བརྡུངས་སིལ་འཁྲོལ་གྱི་རིགས་ལ་རྩིས་ཆེ་ཞིང་དེ་དག་ལ་ཡང་མཆོག་ཏུ་མཁས་སོ་ཞེས་ཀུབ་ཚའི་རོལ་མོ་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད། ༽

སོགས་ཡིན་ལ།  ནུབ་ཡུལ་གྱི་རོལ་མོ་ནི་ནང་བསྟན་གྱི་རོལ་མོའི་མ་ལག་ལས་གྲུབ་པ་ཞིག་ཡིན་ཞིང་། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་དུ་ཐང་གི་དུས་སྐབས་ཀྱི་ནང་བསྟན་གྱི་རོལ་དབྱངས་༢༨༤ལྷག་གི་མིང་ཐོན་འདུག

འཛུགས་སྐྲུན་གྱི་ཤུགས་རྐྱེན།

འཛུགས་སྐྲུན་གྱི་ངོས་ནས་བརྗོད་ན་ནང་བསྟན་གྱི་ཤུགས་རྐྱེན་ཧ་ཅང་ཆེ་ལ།  གནས་ཆེན་ཁག་གི་དགོན་པ་དང་བྲག་དགོན་སོགས་ནི་རྒྱའི་ནང་བསྟན་འཛུགས་སྐྲུན་གྱི་སྙིང་བཅུད་ཡིན་ལ།   དེང་སྐབས་གནས་པའི་གནའ་བོའི་འཛུགས་སྐྲུན་ཁྲོད་མང་ཆེ་བ་གནའ་དགོན་གྱི་འཛུགས་སྐྲུན་ཡིན་ཞིང་།  དཔེར་ན་ཧོ་ནན་སུང་ཧྲན་སུང་ཡུའེ་དགོན་གྱི་སོ་ཕག་མཆོད་རྟེན།   ཧྲན་ཞི་རི་བོ་རྩེ་ལྔའི་ནན་ཁྲན་དགོན།  ཡེན་རྫོང་གི་ཤིང་གི་མཆོད་རྟེན་ཆེན་མོ།   ཧྥུ་ཅན་ཆོན་ཀྲུའུ་ཁེ་ཡོན་དགོན་གྱི་རྡོ་ལས་བཟོས་པའི་ཤར་ནུབ་མཆོད་རྟེན་སོགས་ནི་རྒྱའི་གནའ་རབས་ཀྱི་རྩ་ཆེ་བའི་འཛུགས་སྐྲུན་ཡིན་ལ།  ཏུན་ཧོང་དང་ཡིན་ཀང་།  ལུང་མེན་བྲག་དགོན་སོགས་ནི་གནའ་རབས་ཀྱི་བརྐོས་རིས་མཛེས་རྩལ་གྱི་བང་མཛོད་ཡིན་པས་འཛམ་གླིང་དུ་སྐད་གྲགས་ཆེ་ཞིང་རྒྱ་ནག་གི་རླབས་ཆེ་བའི་རིག་གནས་ཤུལ་བཞག་ཡིན་ནོ།།   

དཔྱད་གཞི་ཡིག་ཆ། 

冯友兰《中国哲学简史》北京大学出版社 ,(2013)

རྒྱ་ཡེ་བཀྲ་བྷོ།《རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༼2015༽

མགོན་པོ་སྐྱབས་ཀྱིས་བརྩམས།  བློ་བཟང་བསྟན་འཛིན་གྱི་བསྒྱུར།《རྒྱ་ནག་ཆོས་འབྱུང་།》ཀྲུང་གོ་བོད་ 

རིག་པ་དཔེ་སྐྲུན་ཁང་།   ༼2005༽  

龚斌《鸠摩罗什传》上海世纪出版股份有限公司2018年

董志翘译注《大唐西域记》中华书局 2019年

蒋维乔《中国佛教史》团结出版社 2005年  

袁书会论文《佛所行赞》与中国文学 2004年

རྒྱ་ཡིག་གི་དྲ་རྩོམ་ཁག་ཅིག      


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570632
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།