ཆོས་ལ་འབད་ཁུལ་བྱས་ཀྱང་ཡར་སྐྱེད་མི་ཐོན་པའི་གནད་འདི་འདྲ་ཡིན་ནོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཆོས་ལ་འབད་ཁུལ་བྱས་ཀྱང་ཡར་སྐྱེད་མི་ཐོན་པའི་གནད་འདི་འདྲ་ཡིན་ནོ
ཆོས་ལ་འབད་ཁུལ་བྱས་ཀྱང་ཡར་སྐྱེད་མི་ཐོན་པའི་གནད་འདི་འདྲ་ཡིན་ནོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-01-01ལྟ་ཀློག (3293)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ཆོས་ལ་འབད་ཁུལ་བྱས་ཀྱང་ཡར་སྐྱེད་མི་ཐོན་པའི་གནད་འདི་འདྲ་ཡིན་ནོ།།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།  


འཕྲལ་དང་གནས་སྐབས་ཙམ་གྱི་བདེ་བའི་རོ། །
ཐེང་གཅིག་མྱོང་བས་མི་ཚིམ་ཐར་བ་དང་། །

ཐམས་ཅད་མཁྱེན་པ་སྙིང་ནས་དོན་གཉེར་བ། །

དེ་དག་རྣམས་ནི་ཆོས་པ་རྣལ་མ་ཡིན། །


འོན་ཀྱང་ཐོབ་འདོད་ཙམ་གྱི་བསམ་པ་དེས། །

རེ་བའི་འབྲས་བུ་སྨིན་པར་མི་འགྱུར་བས། །

གུས་རྟག་ཟུང་གི་བརྩོན་པ་ལྷོད་མེད་ཀྱིས། །

མཐར་ཐུག་ཐོབ་བྱའི་དོན་དུ་འབད་པ་གཅེས། །


དེ་ལྟ་མོད་ཀྱི་ཧ་ཅང་རྩོལ་བ་དང་། །

ཆེས་ཆེར་ལྷོད་པའང་སྐྱོན་དུ་འགྱུར་བས་ན། །

དམ་ལྷོད་རན་པར་ཆུ་བོའི་རྒྱུན་བཞིན་དུ། །

བསྐྱང་ན་ཡུན་གྱིས་རེ་འབྲས་སྨིན་པར་འགྱུར། །


སྔོན་གྱི་བཀའ་གདམས་གོང་མའི་ཞལ་རྒྱུན་དུ། །

བྱང་བའི་ར་མདའ་ཇི་བཞིན་མི་བྲེལ་ཞིང་། །

ཧ་ཅང་མི་དལ་ཇག་པ་འདེད་པ་ལྟར། །

དལ་ལྷོད་རན་པའི་བརྩོན་འགྲུས་བསྐྱེད་དགོས་གསུང་། །


སེ་མོ་གྲུ་པའི་ར་མདའ་ལྟ་བུ་དང་། །

ལྗི་བའི་མཆོངས་སྟངས་ལྟ་བུའི་བརྩོན་པ་ཡིས། །

མི་ཡོང་དེ་ལས་ཤིག་གི་བགྲོད་སྟངས་དང་། །

མཚུངས་པའི་བརྩོན་པ་བསྐྱེད་ན་ལེགས་ཚུལ་གསུངས། །


དངོས་པོ་གང་དང་གང་གི་རྒྱུ་འབྲས་ཚུལ། །

ལེགས་པར་ཤེས་ན་དེ་ཡི་གཤིས་ལུགས་མཐོང་། །

གང་ཞིག་འགགས་པས་ཅི་ཞིག་འགག་འགྱུར་བའི། །

སྤང་གཉེན་ཤེས་ན་ལམ་ལ་སློབ་ཚུལ་ཤེས། །


དེ་ཕྱིར་བརྩོན་འགྲུས་རྩོམ་པར་འདོད་པས་ཀྱང་། །

དེ་ཡི་འགལ་རྐྱེན་གང་ཡིན་ངོས་བཟུང་ནས། །

དེ་ནས་དེ་ཡི་གཉེན་པོ་ལེགས་བསྟེན་ན། །

འབད་པ་ཆུང་ངུས་བསམ་དོན་འགྲུབ་པར་འགྱུར། །


ཇི་ལྟར་འཐབ་རྙིང་ལས་དེར་ཆེས་གོམས་པའི། །

མཁས་པ་རྣམས་ནི་དགྲ་དང་གཡུལ་འགྱེད་ཚེའང་། །

ཕ་རོལ་འཇོམས་རྩིས་འབའ་ཞིག་མི་བྱེད་པར། །

ཚུར་གནོད་བཟུར་ཞིང་འགལ་ཟླ་ཕམ་པ་བཞིན། །


དེ་བཞིན་སྒྲུབ་པ་བོ་ཡང་ཉོན་མོངས་ཀྱིས། །

ཚུར་གནོད་བཟུར་ཞིང་ཕར་ལ་གཉེན་པོའི་སྒོས། །

འཇོམས་ལ་མཁས་པར་བྱས་ཏེ་བརྩོན་བསྐྱེད་ན། །

མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་བོར་འགྱུར། །


དེ་ལྟ་མིན་ན་ཉོན་མོངས་ཆ་གཅིག་གི །

བྱེད་པ་གཉེན་པོས་བཀག་པའི་ཁུལ་བྱས་ཀྱང་། །

ཉོན་མོངས་གཞན་གང་ཞིག་གིས་དགེ་བའི་ཆ། །

འགའ་ཞིག་འཕྲོག་པའམ་ཡང་ན་སེམས་ཀྱི་ཁམས། །


བཅོས་དང་རང་བཞིན་ཁ་ན་མ་ཐོ་བ། །

ཆེན་པོ་བསྐྱེད་པས་དགེ་དང་སྡིག་པ་གཉིས། །

མཉམ་པོར་སོང་ནས་དགེ་ལ་སྦྱོར་བའི་ལས། །

ཡར་སྐྱེད་འོང་བ་ཤིན་ཏུ་དཀའ་བར་གསུངས། །


འགའ་ཞིག་ཆོས་བྱེད་པ་ལ་ཤེས་དགོས་ཞེས། །

ཤེས་ཙམ་གཙོར་བཟུང་ཐོས་པས་རྨོངས་བསལ་ཡང་། །

ཉོན་མོངས་གཞན་ལ་བག་ཟོན་མ་བྱས་པས། །

རང་རྒྱུད་ངན་པར་གྱུར་བའང་ཤིན་ཏུ་མང་། །


ལ་ལས་ཤེས་པ་ལས་ཀྱང་རང་གི་རྒྱུད། །

འདུལ་བ་གལ་ཆེ་སྙམ་ནས་བསྒོམ་པ་ཙམ། །

གཙོར་བོར་བཟུང་ནས་རྨོངས་པའི་དགྲ་བོ་ལ། །

བག་ཟོན་མ་བྱས་ཆོས་ལ་མ་བསླབས་པས། །


ཇི་ལྟར་རང་གིས་ཅི་ཞིག་ཁས་བླངས་པའི། །

སྡོམ་པ་རྣམས་ཀྱི་བཅས་པའི་འཇུག་ལྡོག་ལ། །

ཆེས་ཆེར་རྨོངས་པས་རྒྱུན་དུ་རང་གི་རྒྱུད། །

ལྟུང་བས་འཇོམས་པའང་ཤིན་ཏུ་མང་ལ་ལྟོས། །


གཡུལ་དུ་རལ་གྲི་ལྷུང་ན་བསད་དོགས་ནས། །

འཇིགས་པས་མྱུར་དུ་ལེན་པར་བྱེད་པ་ལྟར། །

དེ་བཞིན་སེམས་ནས་དྲན་པའི་མཚོན་ཤོར་ན། །

དམྱལ་བའི་འཇིགས་དྲན་མྱུར་དུ་ལེན་དགོས་གསུངས། །


གང་ཞིག་གཡུལ་ལ་ཞུགས་པའི་འཐབ་མོ་བས། །

དང་བོར་རལ་གྲི་མི་ཤོར་དམ་པོར་འཛིན། །

བརྒྱ་ལ་ཤོར་ན་མྱུར་དུ་ལེན་པ་ནི། །

དེ་ཡི་དགོས་མཁོ་གསལ་བར་ཤེས་པས་ཡིན། །


དེ་བཞིན་ལམ་ལ་བརྩོན་པ་དེ་དག་ཀྱང་། །

ཐོག་མ་ཉིད་ནས་དྲན་པ་ཉམས་མི་བྱེད། །

བརྒྱ་ལ་ཤོར་ན་དེ་མ་ཐག་ཉིད་ཏུ། །

འཇིགས་ཤིང་དངངས་པས་མྱུར་དུ་སོར་ཆུད་བྱ། །


དེ་ལྟར་ནུས་དང་མི་ནུས་རྩ་བ་ཡང་། །

ཉེས་ལྟུང་བྱུང་བའི་འབྲས་བུ་ངན་སོང་དུ། །

ལྟུང་ལ་འཇིགས་པའི་བསམ་པ་ཚིག་ཙམ་དུ། །

སོང་དང་མ་སོང་ཉིད་ལ་རག་ལས་གསུངས། །


དེ་ཡང་ལས་འབྲས་མཐིལ་དུ་བྱས་པ་དང་། །

མ་བྱས་ཉིད་ལ་ཐུག་ཀྱང་འོ་སྐོལ་རྣམས། །

དེ་དག་གདམས་པ་ཟབ་མོར་མ་མཐོང་བས། །

ཡོན་ཏན་མཆོག་གི་རྩ་བ་ཆད་པར་གསུངས། །


མི་བསད་རྟ་འགྱེལ་རྐུ་འཕྲོག་བཅོམ་གསུམ་སོགས། །

སྡིག་པ་ཚབས་ཆེན་དག་ལ་ཟོན་དགོས་ཀྱང་། །

ཉེས་སྤྱོད་ཆུང་ངུ་དག་ལ་འཇིགས་དང་བཅས། །

སྒྲིམས་ནས་རྒྱུན་དུ་དགག་དགོས་ཅི་ཞེ་ན། །


ཇི་ལྟར་དུག་ཅན་མདའ་ཡིས་ཡན་ལག་ཙམ། །

ཅུང་ཟད་རྨས་ན་རིང་པོར་མི་ཐོགས་པར། །

ཡན་ལག་ཅན་དེ་དུག་གིས་འཇོམས་འགྱུར་བས། །

དུག་ཅན་རྨ་དེ་བཅད་ནས་འབོར་དགོས་བཞིན། །


ཉེས་སྤྱོད་ཆུང་ཡང་མ་འཛེམས་ཡལ་བོར་བས། །

མྱུར་དུ་སེམས་ལ་ཁྱབ་ཅིང་ཆེན་པོར་འགྱུར། །

དེ་ཕྱིར་དང་པོར་སྒྲིམས་ནས་འགོག་དགོས་ཤིང་། །

གལ་ཏེ་ཤོར་ན་མྱུར་དུ་བཅོས་དགོས་གསུངས། །


དེ་ཕྱིར་ཇི་ལྟར་ཁྲག་ལ་བརྟེན་བཅས་ནས། །

དུག་ནི་ལུས་ལ་ཁྱབ་འགྱུར་དེ་བཞིན་དུ། །

གླགས་རྙེད་གྱུར་ན་ཉེས་པས་རང་སེམས་ལ། །

ཁྱབ་པར་འགྱུར་ཞེས་སྤྱོད་འཇུག་ཆེན་མོར་གསུངས། །


    འདི་ནི་ཤཱཀྱའི་དགེ་སྦྱོང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཉིན་རེ་བཞིན་ལམ་རིམ་ཆེན་མོའི་ཤོག་རྒྱུན་བཟུང་ནས་ཀློག་བཞིན་ཡོད་པ་ལ།དེ ་རིང་བཀླགས་པའི་ཐད་ཀྱི་མྱོང་ཚོར་ཞིག་རྗེད་བྱང་དུ་བཀོད་པའོོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549369
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།