བོད་ཀྱི་པཎྚི་ཏའི་དཀར་ཆག (བདུན་པ) ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྚི་ཏའི་དཀར་ཆག (བདུན་པ) ཤིང་བཟའ་པཎྜི་ཏ་སྐལ་བཟང་
བོད་ཀྱི་པཎྚི་ཏའི་དཀར་ཆག (བདུན་པ) ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-12-22ལྟ་ཀློག (4184)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན།

གྲུབ་མཐའ། དགེ་ལུགས་པ།

འཁྲུངས་འདས། ༡༩༢༥-༡༩༩༨

ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནི། རབ་ཚེས་ཤིང་གླང་སྟེ་སྤྱི་ལོ་(༡༩༢༥)ལོར་མཛོད་དགེ་གླིང་དཀར་སྟོད་ཀྱི་ས་ཆར་ཨ་སྐྱིད་མདོ་ཚ་ཞེས་པར་ཡབ་རྟ་མགྲིན་སྐྱབས་དང་ཡུམ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  སེ་ར་སྤྲུལ་བའི་སྐུ་དང་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་རྗེ་བསྟན་པའི་རྒྱལ་མཚན། རྭ་རྒྱའི་ཤིང་བཟའ་རྡོ་རྗེ་འཆང་སོགས་ལྷ་དང་བླ་མའི་ལུང་བསྟན་ལས་ཤིང་བཟའ་བློ་བཟང་ཆོས་གྱི་རྒྱ་མཚོའམ་ཤིང་བཟའ་བླ་ཁོ་ཚང་གི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད།

དགུང་ལོ་ལྔ་བཞེས་པ་རབ་རྒྱལ་ས་སྦྲུལ་ཏེ་སྤྱི་ལོ་(༡༩༢༩)ལོའི་ལྷ་བབས་དུས་ཆེན་ལ་རྗེ་ཉིད་ཀྱི་གདན་ས་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་དུ་ཁྲིར་འདོན་ཞུས། ཡོངས་འཛིན་བློ་བཟང་བཀྲ་ཤིས་ཀྱི་ཞལ་སྔ་ནས་ཡི་གེ་འབྲི་ཀློག་སོགས་བསླབས། དགུང་ལོ་བདུན་གྱི་སྟེང་ནས་གཉན་ཐོག་སྐལ་བཟང་ཐབས་མཁས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་བཞེས་སྐབས་རྗེ་གཉན་ཐོག་རིན་པོ་ཆེས་སྨན་གྱི་རྒྱུད་ཆུང་གསུམ་དང་། མན་ངག་བཀའ་རྒྱ་མའི་ལུང་རྫོགས་པར་གནང་སྟེ། ད་ལྟའི་བླ་སྤྲུལ་གྱི་གཟུགས་བརྙན་འཛིན་པ་ཕལ་མོ་ཆེ་ལྟར་མངོན་ཤེས་གྲུབ་རྟགས་སུ་བསྙད་བཏགས་པའི། མཛད་སྤྱོད་འཕྲལ་འཕྲུལ་གྱིས་མགོ་སྐོར་བ་ཙམ་ལ་མི་རེ་བར་རིག་པའི་གནས་ལ་རིས་མེད་དུ་སྦྱང་རྒྱུ་དང་། ཁྱད་པར་དུ་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་སྐྱོང་དགོས་པའི་བཀའ་གནང་བ་བཞིན་ཡོངས་འཛིན་བློ་བཟང་བཀྲ་ཤིས། ཉིད་ཀྱི་ཞང་བོ་སྨན་པ་བློ་བཟང་ཆོས་གྲགས། ཨེ་མག་སྨན་རྒན་སོགས་ལས་རྩ་མདོ་ཆུ་མདོ་དང་མེ་བཙའ་ལག་ལེན་སོགས་བསླབས། སྨན་པ་མཁས་པའི་གྲོགས་དང་བཅས་སྨན་ངོས་འཛིན་སོགས་དཔེ་ཐོག་ཙམ་མ་ཡིན་པར་གཞུང་དང་མཐོང་བརྒྱུད་ཀྱི་ལག་ལེན་སྦྲགས་ནས་སྦྱངས། དགུང་ལོ་བཅུ་བར་འཛམ་ཐང་ལྷ་བཟོ་རི་ཁྲོད་པ་ལས་ལྷ་རིས་ཀྱི་ཐིག་རྩ་དང་ཐང་ག་འབྲི་ཚུལ་སོགས་བསླབ། བཅུ་གཅིག་པར་བེ་སིའི་སྨན་པ་འཇིགས་མེད་རྒྱ་མཚོ་ལས་གཙང་སྨན་ཡེ་ཤེས་བཟང་བོ་ནས་བརྒྱུད་པའི་རྒྱུད་བཞིའི་ཟབ་ཁྲིད་དང་ལག་ལེན་བཅས་ཞིབ་དུ་གསན། ལོ་དེར་ཨེ་མག་སྨན་རྒན་གྱི་ལག་ལེན་སྨན་ཡིག་སོགས་སྣ་ཚོགས་དང་ཆ་ལག་བཅོ་བརྒྱད། དྭགས་པོའི་ཐོར་འབུམ། འཇམ་དབྱངས་སྔོ་འབུམ། གཡུ་ཐོག་སྔོ་འབུམ། ཟླ་བ་རྒྱལ་བོ་སོགས་སྨན་དཔེ་པོད་སུམ་བཅུ་ཙམ་ལ་ལྟ་རྟོག་ཐེབས་པར་བྱས་གསུངས། གནས་མཆོག་ཇི་གིན་དུ་སྒྲོལ་དཀར་གྱི་སྐུ་མཚམས་ལ་བཞུགས་ནས་ཏྰ་རེ་དུང་ཕྱུར་གསུམ་གསུངས། རྒྱུན་རྐོང་ཆུང་ངུ་གཅིག་ཉིན་གསུམ་ལ་མི་གཟིམ་པ་སོགས་ལྷག་པའི་ལྷ་མོ་དེ་ཉིད་གྲུབ་པའི་མཚན་རྟགས་མང་བོ་བྱུང་། ཁྱད་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་དུ་བརྡོལ།

དགུང་ལོ་བཅོ་བརྒྱད་པར་རྗེ་གཉན་ཐོག་རིན་པོ་ཆེས་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པར་གནང་སྟེ་ཡི་དམ་ལྷའི་ལུང་དང་མར་མེའི་ལྟས་སོགས་གང་ལ་བརྟགས་ཀྱང་ངའི་གཅོད་ཀྱི་གདམས་ངག་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ནུས་པ་ཁྱེད་ལས་མི་འདུག་གསུངས་ནས་གདམས་ངག་དེའི་བདག་པོར་དབང་བསྐུར། དགུང་ལོ་ཉི་ཤུ་བར་ཕར་ཕྱིན་དམ་བཅའ་བཞག ལོ་དེར་བཀྲ་ཤིས་འཁྱིལ་དུ་ཨ་ལགས་བླ་ཁོ་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་མང་པོ་གསན། ཨ་ཁུ་རིན་པོ་ཆེ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་པོ་ཏི་ལྔ་སྔགས་དང་བཅས་པའི་ཞིབ་ཁྲིད་ལན་དུ་མར་ཞུས།  འཇམ་མགོན་ཙོང་ཁ་བ་ཆེན་པོའི་ཐུགས་བཅུད་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་།  བསྐྱེད་རྗོགས། དེ་དག་དང་འབྲེལ་བའི་རྒྱུད་དང་རྒྱ་གཞུང་གི་ལུང་དང་ཁྲིད། མན་ངག་ཐོར་བུའི་སྐོར་དང་བཅས་གདམས་རྒྱུན་བཞུགས་སོ་ཅོག་འབད་པ་ཆེན་པོས་གསན།  རྔ་བ་ཆོས་རྒྱམ་ཚང་གི་མདུན་ནས་རྒྱུད་བཞིའི་ཞིབ་ཁྲིད་གསན། བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་སྨན་དཔེ་དཀོན་པོ་པོད་དྲུག་ཅུ་ལྷག་ལ་ཞིབ་ཏུ་གཟིགས། བསང་ཁོག་ཚུལ་ཁྲིམས་ཚང་། ཁྲོ་ཁོའི་རྟ་དཀར་སྨན་པ། ཆི་བི་ཤིས་རྒྱ་ལུ་སྨན་པ་སོགས་ལ་གསོ་བ་རིག་པའི་དཀའ་གནད་མང་པོ་དོགས་གཅོད་ཞུས། དགུང་ལོ་ཉེར་ལྔ་བར་ཨ་སྐྱིད་སྡེ་དགུས་ཞུས་ངོར་རྡོར་ཕྲེང་དང་།  ཉེར་དྲུག་པར་བེ་སི་ནས་དུས་འཁོར་དབང་ཆེན་གནང་།

ང་བརྒྱད་ལོར་དཀའ་སྡུག་གིས་མནར་བའི་ཉམ་ཐག་པའི་འགྲོ་བ་སྟོང་ཕྲག་དུ་མ་ཐབས་མཁས་ཀྱིས་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ལས་བསྐྱབས། སྤྱི་ལོ་(༡༩༦༣)ལོར་རྨ་ལྷོའི་རྫོང་དཔོན་གཞོན་པའི་འགན་བཞེས་ཏེ་རིག་གནས་སློབ་གསོ་དང་གསོ་བ་རིག་པའི་དར་སྤེལ་དང་རྒྱུད་འཛིན་གྱི་ཕྱོགས་ལ་མཛད་རྗེས་མང་དུ་བཞག    དགུང་ལོ་ཞེ་གཅིག་པ་སྤྱི་ལོ་(༡༩༦༧)ལོ་ནས་ལོག་སྤྱོད་པའི་ཞྭ་མོ་བསྐོན་ཏེ་ཉིན་མོའི་ལས་ཀ་མི་སེར་དཀྱུས་མ་ལས་ལྡབ་དུ་མས་ལྕི་བའི་ཐོག་དགོང་མོ་ཡང་འཐབ་རྩོད་དང་སྲིད་ཇུས་སློབ་སྦྱོང་ཤ་སྟག་ལ་དེད་ཀྱང་རྐྱེན་ངན་ལམ་འཁྱེར་གྱི་གདམས་པ་ཁོ་ན་ལ་ཐུགས་གཞོལ། སྤྱི་ལོ་(༡༩༧༩)ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་མངགས་བཅོལ་བཞིན་ཀྲུང་གོའི་གསོ་རིག་ཀུན་འདུས་ཀྱི་ནང་ཚན་བོད་ཀྱི་གསོ་རིག་སྐོར་ལས་མན་ངག་རྒྱུད་ཀྱི་རླུང་ནད་གསོ་བ་སོགས་ལེའུ་བདུན་བཅུ་དོན་བདུན་གྱི་བརྗོད་བྱའི་གནད་བསྡུས་པ་ལ་གཞུང་ལུགས་གཞན་གྱིས་ཁ་སྐོང་དང་། གསོ་རིག་མཁས་པའི་མན་ངག་དང་ནད་ཐོག་ཉམས་མྱོང་གིས་ཟུར་གྱིས་བརྒྱན་པ་དེ་ཉིད་རྩོམ་སྒྲིག་མཛད།

དགུང་ལོ་དྲུག་ཅུ་བ་སྤྱི་ལོ་(༡༩༨༤)ལོར་བེ་སེ་དང་། ཐོར་གོད། ཨ་རིག་སོགས་ཀྱི་དབུས་མཇལ་བ་སེར་སྐྱ་སྟོང་ཕྲག་བརྒལ་བའི་དབུ་མཛད་དེ་དབུས་སུ་ཕེབས། གཙུག་ལག་ཁང་། རྒྱུད་གྲྭ་སྟོད་སྨད། གདན་ས་ཆེན་པོ་བཞི།  ས་སྐྱ། ཞ་ལུ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་གཙུག་ལག་ཁང་སོ་སོར་ལྷ་མཆོད་མི་མཆོད་རྒྱ་ཆེར་བསྟར། དགའ་ལྡན་ཤར་བྱུང་གཉིས་ཀྱི་ཡིག་ཆའི་དཔར་གསར་རྐོའི་འགྲོ་སོང་ཆ་ཚང་ཁོང་ཉིད་ཀྱིས་ཕུལ།

སྤྱི་ལོ་(༡༩༨༤)ལོ་ནས་བཟུང་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་སྡེབ་སྦྱོར་གྱི་མན་ངག་མདོ་སྨད་ཕྱོགས་སུ་དར་སྤེལ་གཏོང་ཆེད་དུ་མཁན་པོ་ཚེ་རྣམ་རིན་པོ་ཆེས་གདན་འདྲེན་ཆེད་དུ་ཁམས་སྡེ་དགེར་ལན་གསུམ་ཕེབས། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། སྲིད་ཇུས་གུ་དོག་པས་རིམ་པ་སོ་སོའི་འགོ་ཁྲིད་ལས་མཁན་རིན་པོ་ཆེ་མདོ་སྨད་དུ་ཕེབས་རྒྱུའི་གནང་བ་འཁྲོལ་དཀའ་བ་སོགས་ཀྱི་འོ་བརྒྱལ་དཔག་མེད་མྱངས་མཐར་སྤྱི་ལོ་(༡༩༨༧)ལོའི་ཟླ་གསུམ་པར་མཁན་རིན་པོ་ཆེ་རྨ་ལོ་ཁུལ་དུ་ཕེབས་ཐུབ་པ་བྱུང་། མཚོ་སྔོན། སི་ཁྲོན། ཀན་སུའུ་ཡོངས་ཀྱི་སྨན་པ་རྣམས་ལ་མཁན་རིན་པོ་ཆེ་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རཏྣ་བསམ་འཕེལ་སོགས་ཀྱི་ཕྱག་ལེན་ལེགས་པར་ཁྲིད་དེ། མདོ་སྨད་ལོ་རྒྱུས་སྟེང་གི་རིན་ཆེན་བཙོ་ཐལ་ཆེན་མོ་དང་རིན་ཆེན་རིལ་བུ་དང་བོ་ལེགས་འགྲུབ་བྱུང་། ད་ལྟ་མདོ་སྨད་ཀྱི་ཡུལ་གྲུ་མང་བོར་རིན་ཆེན་རིལ་བུ་བཟོ་ཐུབ་པ་ཡང་ཁོང་ཁོ་ནའི་བཀའ་དྲིན་ཡིན་ཞེས་དཔྱོད་ལྡན་མང་བོས་བསྒྲགས། པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུས་དགེ་རྒན་དུ་ཕེབས་ཏེ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་གྲུབ་མཐའ། ས་ལམ། ལོ་རྒྱུས་སོགས་ཁྲིད། སློབ་གླིང་གི་སློབ་གཞི་རྩོམ་སྒྲིག་ཚན་ཆུང་གི་བཀོད་སྒྲིག་བཞིན་བོད་སོག་ཆོས་འབྱུང་ཡང་བརྩམས།

སྤྱི་ལོ་(༡༩༩༠)ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁོང་ལ་ཕུལ་བྱུང་ཆེད་ལས་མཁས་པའི་མཚན་སྙན་ཕུལ། དེ་བཞིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐང་གིས་ཀྲུང་གོའི་བོད་སྨན་ཚན་རྩལ་གྱི་གྲུབ་འབྲས་ཁྱད་འཕགས་ལོན་པའི་གཟེངས་བསྟོད་དང་དཔང་ཡིག་ཕུལ། སྤྱི་ལོ་(༡༩༩༡)ལོར་རྒྱལ་ཁབ་མི་དོན་པུའུ་དང་འཕྲོད་བསྟེན་པུའུ།  ཀྲུང་སྨན་དོ་དམ་ཅུས་ཐུན་མོང་ནས་ཀྲུང་སྨན་གཞུང་ལུགས་དང་ལག་རྩལ་གྱི་ཉམས་མྱོང་རྒྱུད་འཛིན་པར་འཛུབ་སྟོན་བྱེད་པའི་སྨན་པ་རྒན་པའི་ཕྱག་རྟགས་ཕུལ། ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་ལ་ལག་རྗེས་འབུར་ཐོན་བཞག་པའི་ཆེད་ལས་མཁས་པའི་དམིགས་བསལ་ཕོགས་སྣོན་གནང་བ་སོགས་སྲིད་གཞུང་དང་ཚོགས་པ་མང་བོས་གཟེངས་བསྟོད་དང་གོང་བཀུར་ཞུས། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་གླིང་གཙོ། རྨ་ལོ་ཁུལ་སྲིད་གྲོས་ཀྱི་དབུ་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་བཞེས།

དགུང་ལོ་དོན་གསུམ་པ་མེ་གླང་ལོའི་ཟླ་གཉིས་པར། ཀྲུང་གོ་དང་། ཐེ་གོ་འབར་མ་སོགས་རྒྱལ་ཁབ་ལྔས་ཞིས་ཧྲང་པན་ནྰ་ནས་སྨན་རྫས་ངོས་འཛིན་དང་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུ་བསྡུས་པར་གདན་ཞུས་བཞིན་ཕེབས། ཏུའུ་ཅང་ཡན་དུ་མཁན་ཚེ་རྣམ་རིན་པོ་ཆེ་ལས་མན་ངག་རྒྱུད་ཀྱི་འཆད་ཁྲིད་གསན། འདི་དུས་སྙན་བབས་ཤིན་ཏུ་ལྕི་ཡང་ཉིན་རེར་བཀའ་ཆོས་ཆུ་ཚོད་དྲུག་རེ་གསུངས་པ་ལ་ཆག་མེད་དུ་ཕེབས། ཞར་ལ་བོད་ལྗོངས་བོད་ལུགས་གསོ་རིགས་སློབ་ཆེན་དུ་དགེ་རྒན་བསྟན་པ་དར་རྒྱས་སོགས་དོན་གཉེར་ཅན་རྣམས་ལ་ལྷན་ཐབས་ལྡེ་མིག་གི་ལུང་གནང་། དགུང་ལོ་དོན་བཞི་བ་རབ་གནས་ས་སྟག་ལོར་མཁན་རིན་པོ་ཆེའི་བཀའ་ཆོས་མཇུག་གྲུབ་ནས་གཏང་རག་གི་བསྙེན་བཀུར་ལེགས་པར་ཕུལ། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐུ་གཤེགས།

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572859
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།