སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ནས་རང་གི་ལྟ་མྱོང་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར
སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ནས་རང་གི་ལྟ་མྱོང་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-12-19ལྟ་ཀློག (4701)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ནས་རང་གི་ལྟ་མྱོང་གླེང་བ།

【གནད་བཏུས།】འདིར་དམའ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་གྱི་ལྟ་མྱོང་སྟེ། རྩོམ་འབྲིའི་གལ་ཆེན་རང་བཞིན་སྤྲོས་བརྗོད་དང་། རྩོམ་འབྲིའི་དུངས་ཞེན་བསླང་ཚུལ། རྩོམ་འབྲིའི་མཐུན་རྐྱེན་སྦྱར་ཚུལ། རྩོམ་འབྲིའི་དཔྱད་བརྗོད་སྤེལ་ཚུལ་སོགས་ཕྱོགས་བཞི་ནས་ཅུང་ཞིབ་འཐེམས་སུ་བྲིས་ཡོད།

【གནད་ཚིག】རྩོམ་འབྲི། དུངས་ཞེན། དཔེ་ཀློག 

 

      སྤྱིར་རྩོམ་འབྲིའི་སྦྱོང་བརྡར་ནི་སློབ་ཆུང་ལོ་རིམ་གསུམ་པ་ནས་བཟུང་སྟེ་མགོ་བརྩམ་དགོས་ཞེས་སྐད་ཡིག་བསླབ་ཚན་ཚད་གཞི་རུ་བསྟན་ཡོད་ཅིང་། ལྷག་པར་དུ་དམའ་འབྲིང་གི་དུས་ནས་བཟུང་སྒྱུ་རྩལ་རྩོམ་རིག་གི་ཕྱོགས་སུ་གོམ་པ་སྤོ་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། ཁོ་བོའི་སྣང་ངོར་དམའ་འབྲིང་གི་དུས་སྐབས་ནི་སློབ་མའི་རིག་སྟོབས་ཆེས་བསྐྱེད་སླ་ཞིང་ཆེས་འཕེལ་སླ་བའི་གོ་རིམ་ཞིག་ཡིན་པ་མ་ཟད། སྒྱུ་རྩལ་མྱོང་རོལ་གྱི་དགོས་མཁོ་ཡང་ཧ་ཅང་ཆེ་བར་ངོས་འཛིན་གནང་གི་ཡོད། འདི་ནི་རང་གི་ལྟ་ཚུལ་ཙམ་ཡིན་ཡང་ལག་ལེན་གྱི་ཉམས་མྱོང་དང་ལྡན་པས་ན། འདིར་ཕན་པ་རེ་བདོག་པར་འདོད་ནས་ཡི་གེར་ཕབ་པའོ། །

དང་བོ། རྩོམ་འབྲིའི་གལ་ཆེན་རང་བཞིན་སྤྲོས་བརྗོད།

     དེ་ཡང་མཁས་དབང་མཁྱེན་རབ་འོད་ཟེར་གྱི་ཞལ་ནས། མི་གང་དགའ་བའི་དངོས་པོ་གང་ཡིན་པ། །དེ་ཡིས་དེ་ཉིད་དབང་དུ་མ་འདུས་མེད། །ཅེས་པའི་དཔེ་ལྟར། ཐོག་མར་རྩོམ་འབྲི་ལ་ལྷན་སྐྱེས་ཀྱིས་དགའ་བའི་སློབ་མ་གཅིག་གཉིས་ཤིག་གནད་དུ་བཟུང་ནས་སློབ་མ་བྱིངས་རྩོམ་འབྲི་ལ་དགའ་བའི་འདུན་པ་ཆགས་སུ་འཇུག་དགོས། རྒྱུ་མེད་རྐྱེན་མེད་དུ་དགའ་བ་སྐྱེས་མི་སྲིད་པས། གཤམ་གྱི་བྱེད་ཐབས་འདི་དག་ཅུང་སྨན་པར་འདོད་དེ།

༡ རྩོམ་འབྲི་ཡིས་སློབ་མའི་སྐད་ཡིག་གི་ཆུ་ཚད་མཚོན་ཐུབ།

    དེ་ཡང་ཨ་ལག་ཤ་ངག་དབང་བསྟན་དར་གྱིས། རྩོམ་ལ་མཁས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།ཞེས་པའི་དཔེ་ལྟར། གལ་ཏེ་མི་ཞིག་གི་རྒྱུད་ན་ཡོན་ཏན་ཅི་འདྲའི་མང་བོ་ཞིག་ཡོད་ཀྱང་།   ཁ་ནས་བཤད་པ་ཙམ་ལས་ལག་པས་འབྲི་མ་ཐུབ་ན། དེ་ལ་ཡུལ་དུས་ཀྱི་བཀག་རྒྱ་ཆེན་པོ་ཡོད་པས། མིའི་རིགས་ཀྱི་ཤེས་རིག་རྒྱུན་འཛིན་གྱི་ཕྱོགས་སུ་ནུས་པ་ཆེར་མི་ཐོན།   ད་དུང་རང་གྲོལ་ལགས་ཀྱིས་ཀྱང་།  རྩོམ་བཟང་བོ་ཞིག་འབྲི་འདོད་ན།  ཐོག་མར་ལྟ་རྒྱ་ཆེ་དགོས་ཤིང་། བསམ་བློའི་ཆུ་ཚད་དང་།  འཚོ་བའི་ཉམས་མྱོང་།  སྤང་བླང་གི་རྣམ་དཔྱོད། གོ་བརྡ་སྤྲོད་པའི་ནུས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཡོན་ཏན་འཛོམས་དགོས་པར་གསུངས་པ་ལྟར་ལགས་ཏེ། རྩོམ་འབྲི་བ་ནི་སློབ་མས་རང་གི་སྦྱངས་ཟིན་པའི་ཤེས་བྱ་དག་ཕྱིར་དྲན་དང་ལག་ལེན་བྱེད་པའི་གོ་རིམ་ཞིག་ཡིན་པས། རྩོམ་བཟང་བོ་ཞིག་འབྲི་དགོས་ཚེ། གོང་གསལ་ཆ་རྐྱེན་རྣམས་ཀྱང་ངང་ངམ་ཤུགས་ཀྱིས་འཛོམས་ཡོད་པ་བདེན་དཔང་བྱས་འདུག 

༢ རྩོམ་འབྲི་ནི་སྙན་གྲགས་ཀྱི་ལག་ཆ་ཡིན།

      ཧ་ཅང་གོ་སླ་བའི་སྒོ་ནས་བཤད་ན།  ཕལ་བའི་མི་དང་འདྲ་བར་རང་རེ་སློབ་མ་རྣམ་པའང་སྙན་གྲགས་ལ་དགའ་བ་ཆོས་ཉིད་རེད།  དེ་བས། གལ་ཏེ་ཁྱོད་ཀྱིས་རང་ཉིད་མིང་དུ་གྲགས་པར་འཇུག་འདོད་ན། རྩོམ་ཡིག་ཡག་པོ་ཞིག་བྲིས་ནས་ཀློག་པ་བོ་ཁྲི་སྟོང་གི་སྤྱན་སྔར་བཀྲམ་རྒྱུ་དེ་ཡིན། རྩོམ་རིག་འགྲེམ་པ་ལ་གླུ་གཞས་དང་ཞབས་བྲོ་ལྟ་བུའི་ཕྱི་ཡི་སྐྱེ་གཟུགས་དང་ལུས་ཀྱི་ཉམས་འགྱུར།   རྒྱན་གོས་དང་རོལ་ཆས་སོགས་ཀྱི་རམ་འདེགས་མི་དགོས་མོད། མྱོང་བ་ཟབ་མོའི་ཚོར་འདུ་དང་སྡེབ་ལེགས་ཚིག་གི་སྙན་འགྱུར།  སྒྲིག་སྤམ་དོན་གྱི་ངེས་ཤེས་སོགས་ངེས་པར་དགོས་པས། རང་གཅིག་པུས་བསམ་གཞིག་དང་ལྟ་ཞིབ་སོགས་གང་དགར་བྱས་ཆོག་པ་ཡིན།  དེ་བས།   དེ་ནི་སློབ་མ་རྩོམ་འབྲི་ལ་དགའ་བའི་རྒྱུ་ཞིག་ཏུ་ངོས་འཛིན་ཆོག་ཆོག་ཡིན་སྙམ།

གཉིས་པ། རྩོམ་འབྲིའི་དུངས་ཞེན་བསླང་ཚུལ།

༡རྩོམ་པ་བོ་མང་བོ་ངོ་སྤྲོད་བྱེད་པ།

      སྤྱི་རགས་མིའི་བྱུང་འཕེལ་དང་ནང་གསེས་རྩོམ་རིག་གི་འབྱུང་ཁུངས་སོགས་ཀྱང་ལད་ཟློས་ལས་བྱུང་བར་སྨྲ་བ་ལྟར། སློབ་མ་རྣམས་ཀྱི་རྩོམ་འབྲིའི་བརྒྱུད་རིམ་ལའང་གཞན་རྩོམ་བཤུ་འབྲི་དང་བཅོས་འབྲི།   ལད་འབྲི་སོགས་ཀྱི་སྣང་ཚུལ་རྒྱུན་དུ་བྱུང་གི་ཡོད།  དེ་ལྟར་ན། ང་ཚོའི་གནད་འདི་ལ་དམིགས་ནས་སློབ་མ་རྣམས་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་མཁན་གྲགས་ཅན་དང་སྒོས་སུ་བོད་ཀྱི་རྩོམ་པ་བོ་ཆེ་མ་ཆུང་གསུམ་མང་བོ་ཞིག་ངོས་སྦྱོར་བྱས་ཏེ། སློབ་མ་རྣམས་ལ་རྩོམ་མཁན་དེ་དག་གི་རྩོམ་འབྲིའི་གོ་རིམ་དང་ཕུལ་བྱུང་བརྩམས་ཆོས་དག་ངོ་སྤྲོད་དང་དགེ་སློབ་གཉིས་ཀྱིས་མཉམ་དུ་རོལ་མྱོང་སོགས་བྱས་ཚེ། དེ་ནི་སློབ་མའི་རྩོམ་འབྲིའི་དགའ་ཕྱོགས་ཆེས་ཆེར་འཕེལ་བའི་ཐམས་ལམ་ཞིག་ཡིན་པ་ལག་ལེན་གྱིས་ར་སྤྲད་ཡོད།  འདིར་ཐབས་བཏོན་པ་ལས་ཞིབ་ཕྲའི་ནང་དོན་གླེང་བར་མི་བྱའོ། །

༢ རྩོམ་འབྲིའི་ཁོར་ཡུག་བསྐྲུན་པ།

     ཁོར་ཡུག་གིས་མི་བསྐྱངས་ཐུབ་ལ།   མི་ཡིས་རིག་གནས་གསར་བསྐྲུན་བྱེད་ནུས་ན། ང་ཚོས་ཅིའི་ཕྱིར་ཁོར་ཡུག་བསྐྲུན་ནས་རིག་གནས་མི་སློབ་པ་ཡིན། འདི་ནི་ཅི་འདྲའི་གལ་ཆེན་ཞིག་རེད་ཨང་། དེ་ཡང་ཀོར་ཨར་ཅིའི་ཡིས། སྐད་ཡིག་ནི་བསམ་བློ་མཐའ་དག་གི་ཕྱི་གོས་ཡིན་ཞེས་པ་དང་།  ད་དུང་དམའ་འབྲིང་སྐད་ཡིག་བསླབ་ཚན་ཚད་གཞི་ལས་སྐད་ཡིག་ནི་བསླབ་ཚན་གཞན་དག་ལ་འཇུག་པའི་སྒོ་ཡིན་ཞེས་པ་སོགས་ལས། སྐད་ཡིག་གི་ཆུ་ཚད་ཀྱིས་སློབ་མ་ཞིག་གི་ཕྱོགས་མང་བོ་ཞིག་མཚོན་གྱི་ཡོད་པ་རེད། དེ་བས། ང་ཚོས་རྩོམ་འབྲི་ལ་དགའ་བའི་སློབ་མ་རྣམས་ལ་སྐུལ་སློང་དང་མཛུབ་སྟོན་བྱས་ཏེ། རྩོམ་འབྲི་ལ་དགའ་བའི་སློབ་མ་སྔར་ལས་ཇེ་མང་དུ་འགྱུར་བར་འབད་བརྩོན་བྱེད་དགོས། དེའང་ཞིབ་ཏུ་བཀྲལ་ན། སློབ་མ་རེ་འགའི་རྩོམ་ཡིག་ལེགས་གྲས་དག་འཛིན་གྲྭ་གང་བོའི་སྔོན་ནས་སྒྲོག་འདོན་དང་སློབ་ཁང་གི་ཤེས་རིག་དགའ་ཚལ་དུ་འོས་སྦྱོར།  ཚགས་དེབ་ཏུ་འགོད་པ། དྲ་ཚིགས་ཀྱི་སྟེང་དུ་འཇོག་པ་དང་།  རབ་བྱུང་ན་དུས་དེབ་སོགས་ཀྱི་སྟེང་དགོད་ཐུབ་པ་བྱུང་ན་སློབ་མ་དེ་དག་གི་རེ་འདོད་ཡོངས་སུ་ཚིམ་པར་བྱས་ཤིང་། སློབ་མ་གཞན་དག་ལའང་འདུག་བཟོད་མེད་པའི་གནས་སུ་བསྐྱལ་ཚེ།   རྩོམ་ཡིག་འབྲི་མཁན་ཇེ་མང་ནས་ཇེ་མང་དུ་འགྱུར་ངེས་ཡིན་ལ། བྲིས་པའི་རྒྱུ་སྤུས་ཇེ་མཐོ་ནས་ཇེ་མཐོ་རུ་འགྲོ་སྲིད།

༣ དགེ་རྒན་རང་གིས་རྩོམ་ཡིག་བྲིས་ཤིང་བཀྲམ་པ།

      དེ་ཡང་༼སྐྱ་བོའི་སློབ་གསོ༽་ཞེས་པའི་ནང་དུ། སྐད་ཡིག་དགེ་རྒན་ནི་རྩོམ་པ་པོ་དང་། ཀློག་པ་པོ། ཁྲིད་པ་པོ། བསམ་བློ་བ། དཔྱད་བརྗོད་མཁན་གཅིག་གྱུར་གྱི་དཔེ་མཚོན་མི་སྣ་ཞིག་ཅིས་ཀྱང་ཡིན་དགོས་མོད། འོན་ཀྱང་འུ་ཚོའི་བོད་ཡིག་དགེ་རྒན་ཡོད་ཚད་ནི་ཀློག་གི་དགེ་རྒན་དང་འགྲེལ་བཤད་མཁན་པོ་རྐྱང་རྐྱང་ལས་མ་འདས་སོ་ཞེས་དང་ད་སྔ་བོད་ལ་སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱུང་མི་འདུག་ཅེས་གསུངས་འདུག  ཞིབ་ཏུ་བསམ་ན་དངོས་གནས་དེ་འདྲ་ཞིག་ཡིན་འདུག  མ་མཐའ་ཡང་དེའི་ནང་གི་ཆ་རྐྱེན་དང་བོ་དེ་ངེས་པར་འཛོམས་དགོས་ཡོད། ཡིན་ཡང་རང་རེའི་སྐད་ཡིག་དགེ་རྒན་མང་བོ་ཞིག་གིས་རང་གིས་རྩོམ་མི་འབྲི་ཞིང་། དེ་བཞིན་དུ་སློབ་མའི་བྲིས་རྩོམ་ལ་དཔྱད་བརྗོད་ཡག་པོ་ཞིག་ཀྱང་སྤེལ་གྱིན་མི་འདུག་པས། རྩོམ་འབྲི་ལ་དགའ་བའི་སློབ་མ་དོན་གཉེར་ཅན་རེ་འགས་གསར་རྩོམ་ཁ་ཤས་ཁྱེར་ནས་ཡོང་དུས། རང་རེའི་དགེ་རྒན་རྣམས་མགོ་བོ་ན་བཞིན་མི་ཤེས་ཤེས་ཁུལ་གྱིས་ཅིག་བཤད་བཞིན་ཡོད་ལ། དོན་དུ་རང་གིས་ཀྱང་སློབ་མའི་རྩོམ་ཡིག་དག་གི་གོ་བ་ལོན་གྱིན་མི་འདུག   རང་ཉིད་ཀྱང་འདི་འདྲའི་གནས་ཚུལ་ལ་འཕྲད་མྱོང་།   ལྷག་ཏུ་སྒྱུ་རྩལ་རྩོམ་རིག་གི་རིགས། དེ་ལྟར་བཤད་ཚེ།   དགེ་རྒན་ཁ་ཤས་ཀྱིས་རྩོམ་ཡིག་ནི་སློབ་མས་འབྲི་དགོས་པ་ཞིག་ཡིན་པ་ལས།    དགེ་རྒན་གྱིས་བྲིས་པས་ཅི་བྱ་སྙམ་ཡང་སྲིད།  དེ་ལའང་རྒྱུ་མཚན་མེད་པ་གཏན་ནས་མིན་ཏེ། དེ་ཡང་སློབ་མའི་སྣང་ངོར་དགེ་རྒན་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ལྟ་བུའི་ངོས་འཛིན་ཞིག་གནང་གི་ཡོད།  དེ་བས། དགེ་རྒན་གྱིས་རྩོམ་ཁ་ཤས་བྲིས་ནས་སློབ་མ་རྣམས་ལ་བཀྲམ་ན། ཁོ་ཚོས་དེ་ལ་དགའ་མོས་ཆེན་པོ་བྱེད་ཅིང་།  ལད་འབྲི་སོགས་བྱེད་པ་མ་ཟད། ཐ་ན་བློར་འཛིན་མཁན་ཡང་རེ་འགའ་བྱུང་ངེས་རེད། དེ་ནི་སློབ་མ་རྩོམ་འབྲི་ལ་དགའ་བའི་བསླུ་བྲིད་བླ་ན་མེད་པ་ཞིག་མ་ཡིན་ནམ། མ་གཞི་རྩོམ་འབྲི་བའང་བསླུ་བྲིད་ཅིག་ཡིན་པས་སོ། །

གསུམ་པ།  རྩོམ་འབྲིའི་མཐུན་རྐྱེན་སྦྱར་ཚུལ།

     དཔེ་ཀློག་བྱེད་པ་ནི་རང་སྦྱོང་གི་རྣམ་པ་ཞིག་ཡིན་ཞིང་།  རང་སྦྱོང་ནི་སློབ་སྦྱོང་གི་ཐབས་ཤེས་མཆོག་དེ་ཡིན། དེ་ཡང་ཨེན་སི་ཐན་གྱིས། གལ་ཏེ་ཁྱོད་ཀྱིས་སློབ་གྲྭའི་ནང་ནས་སྦྱངས་ཟིན་པའི་ཤེས་བྱ་མཐའ་དག་གཏིང་བརྗེད་དུ་གྱུར་ཚེ།  ཤུལ་དུ་ལྷག་པ་ནི་ད་གཟོད་སློབ་གསོ་ཡིན་ཞེས་པ་དང་། ཡང་སྐུ་ཞབས་ཏར་ཝུན་གྱིས་ངས་བསླབ་ཟིན་པའི་ཤེས་བྱ་དོན་སྙིང་ཅན་ཡོད་དོ་ཅོག་ནི་རང་སྦྱོང་ལས་ཐོབ་པ་ཡིན་ཞེས་པ་སོགས་ཀྱིས།  ང་ཚོར་རང་སྦྱོང་གི་གལ་ཆེན་རང་བཞིན་ཡོངས་སུ་ར་སྤྲད་ཟིན། ཇི་སྐད་དུ། ཟས་མ་ཟོས་ན་ལྟོགས་ཤིང་། དེབ་མ་བཀླགས་ན་རྨོངས་སོ་ཞེས་པ་ལྟར། དཔེ་དེབ་མང་བོ་ཞིག་ལྟ་ཀློག་མ་བྱས་ཚེ། ང་ཚོས་ཇི་ལྟར་ལེགས་རྩོམ་ཞིག་འབྲིའམ། དེ་བས། སློབ་མ་རྣམས་རྩོམ་འབྲིའི་ཕྱོགས་སུ་འཁྲིད་ཅིང་ལེགས་རྩོམ་མང་བོ་ཞིག་བྲི་འདོད་ན། དཔེ་ཀློག་མང་བོ་ཞིག་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་དུ་ཟད་དོ། །

༡ དཔེ་ཆའི་མཐུན་རྐྱེན་སྦྱོར་བ།

    དེང་རབས་ཀྱི་སྐད་ཆས་བཤད་ན། དགེ་རྒན་ནི་སློབ་མའི་ཞབས་ཞུ་བ་ཡིན་ཞེས་པའི་དཔེ་ལྟར།  དགེ་རྒན་གྱིས་སློབ་མར་དཔེ་ཀློག་བྱེད་པར་དཔེ་ཆའི་མཐུན་རྐྱེན་སྦྱོར་དགོས་པ་ཡིན། སློབ་གྲྭ་ཞིག་ལ་དཔེ་མཛོད་ཁང་མེད་པ་དང་།  འཛིན་གྲྭ་ཞིག་ལ་དཔེ་སྒྲོམ་མེད་པ་ནི་ཁང་བ་ཞིག་ལ་སྒེའུ་ཁུང་མེད་པ་དང་གཉིས་སུ་མ་མཆིས། དགེ་རྒན་སྒེར་གྱི་དཔེ་ཆ་ཁ་ཤས་འཛིན་གྲྭ་གཞུང་གི་དཔེ་སྒྲོམ་དུ་བཞག་ཆོག་ལ། འཛིན་གྲྭའི་གཞུང་དངུལ་གྱིས་དཔེ་ཆ་མང་བོ་ཉོས་ཀྱང་ཆོག   ད་དུང་སློབ་མ་རེ་རེར་དཔེ་དེབ་ཁ་ཤས་ཉོ་དགོས་པའི་འགན་ཡང་བཞག་ཆོག་པ་རེད། དེ་ལྟར་བྱས་ན་ད་གཟོད་སློབ་མ་རྣམས་ལ་དཔེ་ཀློག་བྱེད་པའི་གོམས་གཤིས་བཟང་བོ་ཞིག་ཆགས་ཐུབ་ངེས་རེད། དེ་བཞིན་དུ་རྩོམ་ཡིག་འབྲི་བའི་ཁོར་ཡུག་ཀྱང་ངང་ངམ་གྱིས་ཆགས་འགྲོ་བ་རེད།

༢ དཔེ་དེབ་དང་བརྩམས་ཆོས་ངོ་སྤྲོད།

   འདི་ནི་དགེ་རྒན་ཞིག་ལ་མཚོན་ན། ཆེས་དོ་སྣང་བྱེད་དགོས་པའི་བྱ་བ་ཞིག་ཡིན། སོ་མ་ནར་སོན་བཞིན་པའི་སློབ་མ་དག་ལ་མཚོན་ན། དཔེ་ཆ་གང་དག་དང་རྩོམ་ཡིག་གང་ཅན་པོ་བལྟ་དགོས་མིན་གྱི་དབྱེ་བ་མེད་པར། ལག་ལ་གང་ཡོང་ལ་བལྟ་ཁུལ་བགྱིས་ཏེ། གོ་བ་མ་ལོན་པ་དང་གོ་བ་ལོག་པ་སོགས་རྐྱེན་བྱས་ཏེ་དཔེ་ཆར་བལྟ་མི་འདོད་པ་དང་ལོག་ལམ་དུ་འགྲོ་བ་སོགས་ཀྱི་ཉེན་ཁ་ཡང་ཆེ་ཆེར་ལྡན་པས། འདིའི་སྐབས་སུ་ད་གཟོད་དགེ་རྒན་གྱིས་ལམ་སྟོན་པ་ཞིག་གི་འགན་ཡོངས་སུ་ལྕོགས་དགོས་པ་ཡིན། སློབ་མའི་སེམས་ཁམས་དང་ཤེས་རྟོགས་ལ་བགམ་པའི་དཔེ་ཆ་དང་རྩོམ་ཡིག་ངོ་སྤྲོད་བགྱིས་ཚེ། སློབ་མ་སྔར་ལས་དཔེ་ཀློག་ལ་དགའ་ཞིང་། རང་སྦྱོང་གི་ཕྱོགས་སུ་གོམ་པ་སྤོ་ཐུབ་ལ། རིམ་གྱིས་རང་རྐྱ་ཐུབ་པའི་བསམ་གཞིག་གཏོང་བ་དང་ལྟ་ཀློག་པ་རུ་འགྱུར་ངེས་རེད། གལ་ཏེ་དགེ་རྒན་ནི་དཔེ་ཀློག་ལ་སྤྲོ་བ་དང་བྲལ་ཚེ་འགན་འདི་ནི་རྩ་བ་ཉིད་ནས་ལྕོགས་ཐབས་དཀའ་འོ། །

༣དཔེ་བྱང་སྤྲད་རྒྱུ།

     ཁོ་བོའི་དཔེ་ཀློག་གི་བརྒྱུད་རིམ་ཁྲོད་ནས་ནམ་རྒྱུན་དོ་སྣང་དང་ཟིན་བྲིས་བཏབ་སྟེ།  སློབ་འབྲིང་སློབ་མར་ཕུལ་བའི་དཔེ་བྱང་ཞེས་པའི་དཀར་ཆག་ཅིག་མཁོ་སྤྲོད་བྱས་ཡོད།  སྤྱིར་དཔེ་བྱང་དེར་ད་དུང་འཕྲེད་གཞུང་གཉིས་ནས་མི་འདང་བའི་ཆ་ཤིན་ཏུ་མང་མོད།  མིག་སྔར་ངེད་སློབ་གླིང་དུ་དགེ་རྒན་དང་སློབ་མ་ཁ་ཤས་ཀྱིས་ངའི་ས་ནས་དཔེ་བྱང་དེ་དག་ཁྱེར་མྱོང་། དེའི་ནང་དུ་དཔེ་ཆ་མང་བོ་ཞིག་མེད་མོད།   ནང་གསེས་དབྱེ་བ་ཁ་ཤས་སུ་དགར་ཡོད་དེ།   བརྩམས་སྒྲུང་གི་སྐོར་དང་། བརྡ་སྤྲོད་ཀྱི་སྐོར། གླུ་གཞས་ཀྱི་སྐོར། སྤྱི་ཚོགས་དཔྱད་གླེང་གི་སྐོར། སྙན་ངག་གི་སྐོར། སྐྱེས་མའི་ཁེ་དབང་གི་སྐོར། ལོ་རྒྱུས་ཀྱི་སྐོར། དུས་དེབ་ཀྱི་སྐོར་བཅས་སོ། ། འདི་ལྟར་དཔེ་བྱང་སྤྲད་ཚེ། སློབ་མས་སློབ་དེབ་ཉོ་ཉེས་བྱས་པའི་གྱོང་གུད་མེད་ལ། ཉོ་མི་ཤེས་པའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་ཟིན། གནད་དོན་འདིའི་རིགས་ལ། རང་ཉིད་སྔོན་ཆད་སློབ་མ་ཡིན་དུས་ཀྱང་འཕྲད་མྱོང་སྟེ། ངས་ནི་སྔོན་ཆད་དམའ་འབྲིང་དང་བོའི་སྐབས་སུ་སྒྲ་རིག་པའི་དཔེ་ཆ་ཞིག་ཉོས་ཏེ། དབྱར་གནང་གཅིག་ལ་བལྟས་མྱོང་། དོན་མི་གོ་རུང་ཨུ་ཚུགས་ཀྱིས་བལྟས་པ་ཡིན། ད་ལྟ་ཕྱིར་འདང་ཅིག་བརྒྱབ་ཚེ། དངོས་གནས་དགོད་སྤྲོ་བ་ཞིག་རེད། དཔེ་བྱང་སྤྲོད་ཚེ་སློབ་མའི་དེ་འདྲའི་སྡུག་བསྔལ་མྱོང་དགོས་དོན་མེད་ལ། ཀྱག་ཀྱོག་གི་ལམ་ཕྲེང་ཡང་བརྒྱུད་དགོས་པ་མ་རེད། དེ་བས། དགེ་རྒན་རྣམས་ཀྱིས་སློབ་མར་དཔེ་བྱང་སྤྲོད་རྒྱུ་གལ་ཆེ་ལ། ཕྲན་གྱི་དཔེ་བྱང་འདི་དག་ལ་ཁ་གསབ་རྒྱག་པའི་རེ་བའང་ཞོར་དུ་ཞུ་བར་བྱའོ། །

བཞི་བ། རྩོམ་འབྲིའི་དཔྱད་བརྗོད་སྤེལ་ཚུལ།

      དེ་ཡང་རྩོམ་ཡིག་འབྲི་སྦྱོང་དང་རྩོམ་རིག་དཔྱད་བརྗོད་གཉིས་དུས་མཉམ་དུ་འཕེལ་རྒྱས་འགྲོ་དགོས་པ་ཞིག་ཡིན་ཏེ། རྩོམ་རིག་དཔྱད་བརྗོད་པ་མེད་ཚེ་རྩོམ་རིག་སྒྱུ་རྩལ་ནི་རྣམ་ཤེས་བྲལ་བའི་བེམ་པོ་དང་འདྲ་ལ།  རྩོམ་རིག་དཔྱད་བརྗོད་ནི་རྩོམ་རིག་གར་སྟེགས་ཀྱི་གད་བདར་བ་ཡིན་ཞིང་། རྩོམ་རིག་དཔྱད་བརྗོད་དང་བྲལ་ཚེ་རྩོམ་རིག་གར་སྟེགས་ནི་གད་སྙིགས་ཀྱིས་ཡོངས་སུ་བཀང་བའི་སྦགས་བཙོག་གི་ཁོར་ཡུག་ཅིག་ཏུ་འགྱུར་ཉེན་ཆེའོ། །

༡ དཔྱད་བརྗོད་རྩོམ་ཡིག་ངོ་སྤྲོད།

     གོང་དུ་བརྗོད་པ་ནང་བཞིན་སོ་མ་ལམ་ལ་ཆས་བཞིན་པའི་སློབ་མ་རྣམས་ལ་མཚོན་ན། རྩོམ་རིག་དཔྱད་བརྗོད་ནི་ལམ་སྟོན་སྒྲོན་མེ་དང་ཕྱོགས་སྟོན་འཁོར་ལོ་དང་འདྲ་བར་སློབ་མས་ཀྱག་ཀྱོག་གི་ལམ་ཕྲེང་མང་བོ་བརྒྱུད་མི་དགོས་པར། ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་མྱུར་ལམ་ཡིན་ནོ་སྙམ།   ང་ཚོའི་དཔེ་ཆ་དང་དུས་དེབ།  ཚགས་པར་སོགས་ཀྱི་སྟེང་དུ་བཀོད་ཡོད་པའི་རྩོམ་རིག་དཔྱད་བརྗོད་ཀྱི་སྐོར་རྣམས་སློབ་མར་ངོ་སྤྲོད་དང་མཚམས་སྦྱོར།  མཁོ་སྤྲོད་བཅས་བྱ་རྒྱུ་ནི་དགེ་རྒན་གྱི་འོས་འགན་དུ་འཁུམས་སོ་སྙམ། དཔེར་ན་གངས་རྒྱན་མེ་ཏོག་དང་སྦྲང་ཆར།  སོ་ལྟ་དང་གཟབ་ཉན་ལྟ་བུ་ངོ་སྤྲོད་བྱེད་དགོས་པ་ཡིན།

༢ སློབ་མ་རེ་རེའི་བྲིས་རྩོམ་ལ་ལེགས་ཉེས་དཔྱད་བརྗོད།

     འདི་ནི་གོང་དུ་སྐྱ་བོའི་སློབ་གསོ་ཞེས་པའི་ནང་དུ་གསུངས་པའི་སྐད་ཡིག་དགེ་རྒན་གྱི་ཆ་རྐྱེན་ལྔ་བ་དེ་ཡིན་འདུག   ཁོ་བོ་ནི་རྩོམ་པ་བོའི་ཆོ་ལོ་ཡོད་མཁན་ཞིག་གཏན་ནས་མིན་མོད། ནམ་རྒྱུན་རྩོམ་ཡིག་རེ་འབྲི་རྒྱུ་དང་ཀློག་རྒྱུ།   དཔྱད་རྒྱུ་སོགས་ལ་ཞེ་དྲག་དགའ་མོས་ཅན་ཞིག་ཡིན་པས། ནམ་རྒྱུན་སློབ་མའི་གསར་རྩོམ་དག་ལ་ལུང་རིགས་ཀྱི་རྒྱུ་མཚན་བཀོད་ནས་དཔྱད་བརྗོད་བྱས་པ་ཡིན། འདིས་ནི་མངོན་གསལ་གྱིས་སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་འཕེལ་དུ་གཏོང་ངེས་ཤིང་། དཔེ་འཇོག་གཟུགས་འགོད་དང་གབ་སྦས་ཀྱི་རྣམ་པ་སོགས་ཀྱང་འོས་འཚམ་གྱིས་བཀོལ་ཐུབ་པ་བྱུང་བས། ང་རང་སློབ་མ་དག་ལ་དགའ་ཞིང་། རྩོམ་རིག་དཔྱད་བརྗོད་ལ་ལྷག་ཏུ་དུངས་པ་འཕེལ། དེ་བས། ཁོ་བོས་སློབ་མའི་རྩོམ་ཡིག་ལ་དཔྱད་བརྗོད་སྤེལ་རྒྱུ་ནི་སློབ་མའི་རྩོམ་འབྲིའི་ཆུ་ཚད་འཕེལ་བའི་མྱུར་ལམ་ཡིན་ཞེས་སྐད་གསེང་མཐོན་པོས་བཤད་ཕོད།

༣ དུས་མཚམས་རེ་ནས་ཐུན་མོང་དང་མི་སྒེར་ལ་དཔྱད་བརྗོད་བྱེད་པ།

      སློབ་མ་མང་བོའི་གྲུབ་པའི་ཐུན་མོང་ཞིག་ལ་མཚོན་ན།   སྐུལ་སློང་ནི་དེའི་སྒུལ་ཤུགས་རེད་འདོད། ང་ཚོས་དུས་ཡུན་ངེས་ཅན་རེའི་ནང་ནས་རྩོམ་འབྲི་ལ་ཡར་རྒྱས་ཡོད་པའི་སློབ་མ་མི་སྒེར་ལ་གཟེངས་བསྟོད་དང་འཛིན་གྲྭ་ཐུན་མོང་གི་རྩོམ་འབྲིའི་ལེགས་ཉེས་གླེང་སྟེ་རྩོམ་འབྲིའི་མཁའ་དབུགས་ཇེ་ལེགས་དང་སྐབས་བབ་ཀྱི་གནས་ཚུལ་མཐོང་བའི་མེ་ལོང་ལ་འགྱུར་དུ་འཇུག་དགོས་པ་རེད།

     མདོར་ན། རྩོམ་འབྲི་བ་ནི་དགའ་བ་ཙམ་གྱིས་མི་ཡོང་བས། དེར་དགེ་རྒན་གྱིས་ལྷོད་ཆག་མེད་པའི་ལྟ་སྐྱོང་དང་མཛུབ་སྟོན། སྐུལ་སློང་སོགས་དང་འབྲལ་ཐབས་མེད་པས། འདིར་ཆེད་དུ་ཀུན་ལ་སྨན་པའི་གསོས་སུ་རང་ཉིད་ཀྱི་ཉམས་མྱོང་ལ་སློབ་གསོ་རིག་པའི་གཞུང་ལུགས་ཀྱིས་ཟུར་བརྒྱན་ཏེ། སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བའི་ཐད་ཀྱི་བསམ་འཆར་འགའ་དཀྱུས་སུ་ཕུལ་བ་ལགས་པས། ནོར་སྐྱོན་ཅི་མཆིས་ལ་གཟུར་གནས་བློ་ལྡན་ཀུན་ནས་བསམ་འཆར་ལྷུག་རྩོལ་གནང་བར་ཞུ།

དཔྱད་གཞིའི་ཡིག་ཆ།

སྐྱ་བོའི་སློབ་གསོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དོ་རྒྱ་བསོད་ནམས་ཚེ་རིང་།

སློབ་གསོ་ཐབས་ལམ་རྣམ་བཞག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། གཅོང་རོང་བསྟན་འཛིན།

སེམས་ཁམས་རིག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྣམ་སྲས།

སྐད་ཡིག་བསླབ་ཚན་གྱི་ཚད་གཞི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།



 

རྩོམ་པ་བོ་ངོ་སྤྲོད།

དངོས་མིང་ལ་མགོ་ཚ་སྟག་ཐར་སྐྱབས་ཟེར་ཞིང་། ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་གི་སྐད་ཡིག་དགེ་རྒན་དང་སློབ་རའི་ཚགས་པར་༼ཤེས་རིག་དགའ་ཚལ༽གྱི་རྩོམ་སྒྲིག་པ། མཐོ་འབྲིང་སྐད་ཡིག་སློབ་དཔྱོད་ཁང་གི་མགོ་འཛིན་བཅས་ཡིན།

འབྲེལ་གཏུག་ཁ་པར། 13893986556

姓名:德合塔加

地址:甘南州碌曲县藏族中学

联系电话;13893986556

邮政编码:747200


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ནས་རང་གི་ལྟ་མྱོང་གླེང་བ།   སྤེལ་མཁན།: རྩམ་སྲས། སྤེལ་དུས:2017/12/1
ཧ་ལས་པོ་ཡག་འདུག བཀའ་དྲིན་ཞུའོ།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23495285
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།