དམངས་སྲོལ་རིག་གནས་སྐོར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »དམངས་སྲོལ་རིག་གནས་སྐོར།
དམངས་སྲོལ་རིག་གནས་སྐོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-12-17ལྟ་ཀློག (2049)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དམངས་སྲོལ་རིག་གནས་སྐོར།

རྩོམ་པ་བོ། གངས་འཚོ།

རྨུ་ཐག་གི་སྐོར།

   རྨུ་ཐག་ཅེས་པའི་ཐ་སྙད་འདི་བྱུང་ནས་ཉུང་མཐར་ལོ་ངོ་ཉིས་སྟོང་འགོར་ཡོད་པ་ཆོས་འབྱུང་དེབ་ཐེར་ཁག་ལས་རྟོགས་ཐུབ་ལ། དེའི་ཐོག་མའི་འབྱུང་ཁུངས་དང་རྣམ་པ། དགོས་པ་སོགས་ནི་གནའ་བོའི་བོད་ཀྱི་རིག་གནས་ནང་གི་ཆེས་གསང་གནད་ཅིག་ཏུ་གྱུར་ཡོད་པ་དང་། དུས་ཡུན་ཤིན་ཏུ་རིང་བོ་དེ་འདྲ་ཞིག་གི་ནང་དུ་རྨུ་ཐག་གི་ཕྱོགས་སོ་སོ་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་ཡོད་པ་སྨོས་མ་དགོས། ལོ་ངོ་བརྒྱའི་རིང་གི་བདུད་ཤུལ་ཀླུ་ཚང་ལ་ཕྱི་མིག་བལྟས་ཚེ། ཕལ་ཆེར་འཚོ་བའི་ནང་གི་རྨུ་ཐག་གི་དགོས་པ་དང་བཅའ་ལུགས། འཐེན་ཚུལ་སོགས་ལ་འགྱུར་བ་གང་ཡང་བྱུང་མེད་པར་སྙམ། རྨུ་ཐག་གི་རྒྱུ་ནི་བལ་དཀར་བོ་ནག་ནོག་གི་དྲི་མ་ཙམ་ཡང་འགོས་མེད་པ་ཞིག་ཡིན་དགོས་པ་ལས་བལ་ནག་དང་ནོར་ཁུལ་སོགས་བྱེད་སྲོལ་གཏན་ནས་མེད། བལ་སྐུད་དཀར་བོ་དེ་ཐོག་མར་རྐྱ་མ་གསུམ་གཤིབ་བྱས་ནས་བར་མཚམས་རེ་ལ་ཁུག་སྣེ་རེ་འཇོག་པ་དང་། ཁུག་སྣེ་རེ་རེའི་ནང་དུ་བལ་དཀར་ཚོམ་བུ་རེ་འདོགས་དགོས་ལ། བལ་དཀར་ཚོམ་བུ་རེ་རེའི་བར་ཐག་ཀྱང་རིང་ན་ཁྲི་ཙེ་དོ་ལས་མི་བརྒལ། རྨུ་ཐག་གི་རིང་ཐུང་ལ་ཚད་མེད་པ་དང་ ཅི་ཙམ་རིང་ན་དེ་ཙམ་བཟང་བོར་བརྩི་བ་ཡིན། རྨུ་ཐག་འཐེན་ཚུལ་ནི་ལབ་རྩེ་མ་གཏོགས་པར་རྨུ་ཐག་གི་སྣེ་གཉིས་ཕྱོགས་སོ་སོར་དྲང་མོར་འཐེན་པ་ལས་དབྱིབས་ཟླུམ་པོ་དང་འཁྱོག་པོར་འཐེན་སྲོལ་གནའ་ནས་བཟུང་མེད་པར་བཤད། 

 རྨུ་ཐག་འཐེན་ཡུལ་ནི། གཟའ་སྐར་སྦྱོར་བ་ལེགས་པའི་ཉིན་མོར་ལབ་རྩེ་སྟོད་སྐབས། སྐྱེས་པ་ཚོས་རྨུ་ཐག་རིང་ཐུང་མང་བོ་ཁྱེར་ཡོང་ནས་ལབ་རྩེ་དཀྲི་བ་དང་། དེ་མིན་རྡེའུ་འབུམ་དང་སྐུ་འབུམ་སོགས་བཞེངས་ན་སྐུའི་རྒྱབ་ནས་རྨུ་ཐག་དཀར་བོ་མཐོ་ས་དང་རིང་སར་འཐེན་པ་ཡིན། ཤི་བོའི་དུར་ས་དང་གསོན་པོའི་སྐྱེས་སར་ཡང་རྨུ་ཐག་འཐེན་སྲོལ་ཡོད་དེ། འདས་པོའི་བེམ་པོ་དུར་སར་བསྐྱལ་རྗེས། བལ་དཀར་གྱི་རྨུ་ཐག་རིང་བོ་ཞིག་དུར་ས་ནས་རི་རྩེར་འཐེན་ལ། བྱིས་པ་གསར་དུ་བཙས་སར་ཡང་རྨུ་ཐག་རིང་ཐུང་ཅི་རིགས་འཐེན་པ་ཡིན། དེ་ནི་སྐྱེས་པའི་མི་དེ་ཚེ་རིང་ནད་མེད་ཡོང་བ་དང་ལྷ་ཀླུ་གཞི་བདག་སོགས་ཐུགས་དགྱེས་པའི་ཕྱིར་ཡིན་ཞེས་བཤད་སྲོལ་འདུག ཐ་ན་ཕོ་མོ་རྒན་གཞོན་གང་ཞིག་རྐྱེན་ངན་འཕྲད་སར་ཡང་རྨུ་ཐག་འཐེན་སྲོལ་ཡོད་དེ། བྱིས་པ་ཡན་ཆད་རྟ་རྒྱབ་ནས་ལྷུང་སྟེ་རྐང་ལག་ཆག་སྐྱོན་བྱུང་ས་དང་། འཕྲུལ་འཁོར་རིགས་ཀྱིས་རྨས་སྐྱོན་དང་རྡོག་རྫིས་བཏང་སར་འབྲུ་རིགས་གཏོར་ཞིང་རྨུ་ཐག་འཐེན། དེའི་མིང་ལ་ས་བསྟོད་ཅེས་བརྗོད། དེ་ནི་ཡུལ་དེ་གའི་ལྷ་ཀླུ་གཞི་བདག་གི་ཐུགས་དང་འགལ་བའི་ཉེས་སྐྱོན་གང་ཡོད་བཤགས་ཤིང་ཐུགས་སྤྲོ་བ་དང་། རྐྱེན་ངན་བྱུང་བའི་མི་དེ་མྱུར་དུ་ན་ཚ་དང་ཚེ་བགེགས་ལས་ཐར་བའི་ཕྱིར་དུ་རྨུ་ཐག་འཐེན་གྱི་ཡོད་པ་རེད། སྤྱིར་རྨུ་ཐག་ཅེས་པ་འདི་ནི་ཡིག་རྙིང་ཁ་ཤས་ལས་བྱུང་བ་ལྟར་ན། གནའ་བོའི་དུས་སུ་མི་རྗེ་གྲགས་པ་ཅན་དག་གི་དབུ་གཙུག་ནས་འོད་དཀར་གྱི་རྨུ་ཐག་དཀར་བོ་བར་སྣང་དུ་འཐེན་ཡོད་ལ། མི་རྗེ་དེ་ནམ་ཞིག་ཚེ་ལས་འདས་སྐབས་སུ། འོད་དཀར་གྱི་རྨུ་ཐག་དེ་ལ་འཇུས་ནས་ནམ་མཁར་འཇའ་ཡལ་བ་བཞིན་འགྲོ་བས་ཤུལ་དུ་བེམ་པོའང་མེད་ཅེས་བཤད་སྲོལ་ཡོད། ད་ལྟ་ང་ཚོའི་འཚོ་བའི་ནང་གི་བལ་དཀར་གྱི་རྨུ་ཐག་འཐེན་སྲོལ་འདི་ཉིད་འོད་དཀར་གྱི་རྨུ་ཐག་ལ་འཇུ་བའི་གཏམ་རྒྱུད་དེ་བྱུང་བ་དང་བསྟུན་ནས་དེའི་ཚབ་ཏུ་དར་བ་ཞིག་  ཡིན་ནམ་སྙམ་ལ། དེ་ནི་སྔ་འགྱུར་རྙིང་མའི་ལུགས་སུ་གྲགས་ཆེ་བའི་འཇའ་ལུས་ཞེས་པ་དང་འབྲེལ་བ་ཞིག་ཡོད་ཤོས་ཆེའོ།།


མི་གཤིས་སྤྱོད་ལམ་སྐོར།

 ཚོ་བ་ཆེན་པོ་ཞིག་གི་མི་གཤིས་སྤྱོད་ལམ་འདི་འདྲའོ་ཞེས་ལག་མཐིལ་གྱི་རི་མོ་བཞིན་གསལ་ཐག་ཆོད་པ་ཞིག་འབྲི་རྒྱུ་ཤིན་ཏུ་དཀའ། ཐ་ན་ཕ་མ་གཅིག་གི་པང་ལས་སྐྱེས་པའི་གཅེན་གཅུང་གཉིས་ཀར་ཡང་མི་གཤིས་སྤྱོད་ལམ་མི་འདྲ་ས་ཤིན་ཏུ་མང་བས། རེ་རེ་བཞིན་ཞིབ་མོར་བརྗོད་ཐུབ་པ་ཞིག་མིན་མོད། བདུད་ཤུལ་ཀླུ་ཚང་བ་རྣམས་བོད་མི་སྤྱིའི་གྲས་སུ་བཞག་ནས་ཟུར་ལྟ་བྱས་ན། རྒྱལ་རབས་གསལ་བའི་མེ་ལོང་ལས། བོད་ཁ་བ་ཅན་པའི་མི་འདི་རྣམས་ཕ་སྤྲེའུ་དང་། མ་བྲག་སྲིན་མོ་གཉིས་ལས་ཆད་པ་ཡིན་པས།   རིགས་གཉིས་སུ་ཕྱེ་ཡོད་དོ། །དེ་ལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་བ་ནི། ངང་རྒྱུད་རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་ལ་བརྩོན་འགྲུས་ཆེ་བ། དགེ་བ་ལ་དགའ་བ། ཚིག་འཇམ་པ། སྨྲ་མཁས་པ་དེ་ནི་ཕའི་རིགས་སོ། །མ་བྲག་སྲིན་མོའི་རིགས་སུ་གྱུར་བ་ནི། འདོད་ཆགས་དང་ཞེ་སྡང་ཆེ་བ། ཚོང་དང་ཁེ་སྤོགས་ལ་སེམས་པ། བློ་འདོད་དང་འགྲན་སེམས་ཆེ་བ། གད་མོ་ཆེར་དགོད་པ། ལུས་སྟོབས་དང་སྙིང་སྟོབས་ཆེ་བ། སྤྱོད་པས་སྐད་ཅིག་ཀྱང་མི་ཚུགས་པ། བློ་སྣ་མང་བ། བྱེད་སྐྱེན་པ། དུག་ལྔ་རྒྱས་པ། གཞན་གྱི་སྐྱོན་ཐོས་ན་དགའ་བ། ཁྲོ་གཏུམ་པ་དེ་ནི་མའི་རིགས་སོ། །ཞེས་བོད་མིའི་གཤིས་སྤྱོད་ལ་བཟང་ངན་གཉིས་སུ་ཕྱེ་ནས་གསུངས་ཡོད་པ་རེད། དེ་བཞིན་བདུད་ཤུལ་ཀླུ་ཚང་བ་རྣམས་ཀྱི་མི་གཤིས་སྤྱོད་ལམ་ཐམས་ཅད་ཀྱང་གོང་གི་གསུང་ཚིག་ཚན་པ་དེའི་ནང་དུ་འདུས་ཡོད་དེ། མི་མང་ཤོས་ལ་ཆོས་དད་དང་སྙིང་རྗེ་ཆེ་བ། ལས་འབྲས་བརྩི་ཞིང་སྦྱིན་པ་ལ་དགའ་བ། ཕྱི་ཐག་རིང་ཞིང་བློ་རྟོན་ཆེ་བ། མི་གཤིས་འཇམ་ཞིང་བློ་རིག་བཀྲ་བ། དེ་སྔོན་ནས་བླ་མ་དང་ལྷ་རྟེན་གང་ཞིག་མཐོང་ཚེ་མགོའི་ཞྭ་མོ་ཕུད་དེ་མཇལ་ཕྱག་འབུལ་བ་དང་། དགེ་སློང་རང་ལས་ལོ་ཆུང་བ་ཞིག་ཕེབས་ནའང་འདྲ། ཁྱིམ་པའི་རིགས་ལ་དབུལ་ཕྱུག་དང་ཐོབ་དབང་ལ་མི་ལྟ་བར་རང་ལས་ལོ་རྒན་པ་ཞིག་ཐོན་ཚེ། ཡར་ལངས་ནས་གོང་དུ་བཀུར་བ་དང་། ཕ་མ་དང་རྒན་པ་ལ་ཕྱག་འཚལ་བའི་གོམས་སྲོལ་མེད་མོད། ཕ་མ་ལ་གོས་འཇམ་པོ་དང་ཟས་ཞིམ་པོ་བྱིན་ནས་དྲིན་ལན་འཇལ་ཇི་ཐུབ་བྱེད་པ་ལས། ཚིག་རྣོན་པོ་སྨྲ་མཁན་གྱི་བུ་ཕྲུག་སྔོན་ཆད་ཧ་ལམ་མེད་པར་བཤད། ཐ་ན་ཆ་མེད་རྒྱུས་མེད་ཀྱི་སྤྲང་བོ་ཞིག་སྦྲ་སྒོར་སླེབས་ཚེ། ཁྱིམ་ཚང་གི་འབྱོར་བ་དང་བསྟུན་པའི་འོ་ཇ་ཚ་མོ་དང་ མར་རྩམ་གང་འཚམ་ཞིག་བྱིན་ནས་འགྲོ་རུ་འཇུག་པ་ལས། ཁ་སྟོང་ལག་སྟོང་དུ་སྒོར་ འདེད་མཁན་མེད། སྡེ་གྲལ་གྱི་ཁྱིམ་ཚང་གང་འདྲ་ཞིག་ལ་ན་ཚ་དང་རྐྱེན་ངན་བྱུང་ཚེ། སྡེ་མི་ཚང་མས་སེམས་ཤུགས་དང་རྒྱུ་ཤུགས་གཉིས་ཀས་རོགས་རམ་བྱེད་པ་དང་། ནད་པ་དྲག་ན་སྨན་པ་མ་བརྗེད་ཟེར་ནས་དེ་སྔོན་རང་ལ་རོགས་རམ་བྱེད་མྱོང་མཁན་དག་ ཡིད་ལ་བཟུང་སྟེ་བཟང་ལན་འཇལ་བ་ལས། ཕྱིས་སུ་གཞན་གྱི་དཀའ་ངལ་མཐོང་ན་གོ་མེད་ཚོར་མེད་དུ་གཞའ་ནས་འགྲོ་མཁན་ཤིན་ཏུ་ཉུང་། མི་དེ་རིགས་ལ་ཐམས་ཅད་ཀྱིས་"འཇོག་མེད"ཟེར་ནས་འཕྱ་སྨོད་བྱེད་པ་དང་ཕྱིས་སུ་འབྲེལ་འདྲིས་དང་རོགས་རམ་ བྱེད་མཁན་མེད། བདུད་ཤུལ་ཀླུ་ཚང་བ་རྣམས་མགྲོན་པོ་ལ་ཡང་བརྩི་མཐོང་ཧ་ཅང་ཆེ་སྟེ། མགྲོན་པོ་རྒྱང་ནས་མཐོང་དུས། སྣོད་སྟོང་དང་ཐལ་བ་སོགས་ཁྱེར་ནས་མདུན་   ཕྱོགས་སུ་མི་འགྲོ། དེ་ནི་མགྲོན་པོ་ཡོང་བ་ལ་མི་དགའ་བའམ་མཐོང་ཆུང་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་པས། མགྲོན་པོ་ཆ་མེད་ཅིག་ཡིན་ན་བྱ་བ་དེ་རིགས་ལ་འཕྲད་ན་རྟེན་འབྲེལ་ངན་པར་བརྩིས་ནས་ཡིད་མི་སྤྲོ་བ་དང་དོན་དག་ཁྱད་པར་ཅན་ཞིག་མེད་ན་དེ་ཚང་དུ་མི་ཡོང་། ཁྱིམ་མི་ཕོ་མོ་རྒན་གཞོན་ཐམས་ཅད་མགྲོན་པོའི་མདུན་ལ་བུད་དེ་རྟ་ཁ་བླངས་ནས་ཁྱིམ་ལ་བསུ་བ་དང་། མེད་མུག་བཏོན་ནས་མགྲོན་ངོ་མི་ལོན་ཞེས་དང་། ཉིན་གཅིག་གི་ཨ་ཞང་དང་ཞག་གཅིག་གི་མགྲོན་པོ་ཟེར་ནས་ཤ་ཆང་གང་འཛོམས་ཀྱིས་སྣེ་ལེན་བཟང་བོ་བྱེད་པ་ལས་མ་དགའ་བའི་རྣམ་འགྱུར་སྟོན་མཁན་གྱི་ཁྱིམ་ཚང་རེ་གཉིས་ལས་མེད་པར་བཤད།

   སྤྱིར་བདུད་ཤུལ་ཀླུ་ཚང་བ་རྣམས་ལས་འབྲས་ལ་ཡིད་ཆེས་དང་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་ན་ཡང་། ཁོར་ཡུག་གི་དཀའ་ངལ་དང་གནམ་གཤིས་ཀྱི་འགྱུར་ལྡོག གནའ་བོའི་གོམས་སྲོལ་སོགས་ཀྱི་དབང་གིས་སེམས་ཅན་གྱི་ཤ་ཁྲག་ལ་ཡང་ལོངས་སྤྱོད་མི་བྱེད་ཀ་མེད་བྱུང་ཡོད་པ་རེད་ལ། དེ་ནི་ཕྱེ་རྩམ་ལོངས་སུ་སྤྱོད་པ་བཞིན་བཏང་སྙོམས་ཀྱི་འདུ་ཤེས་ཤིག་གི་སྟེང་ན་གནས་མེད་པར། སྒོ་ཕྱུགས་གང་རུང་གི་ལག་རྐང་ཐག་པས་བསྡམས་ནས་འཆི་བ་མངོན་དུ་ཕྱོགས་སའི་གནས་སྐབས་སུ། སྐྱོ་སེམས་ ཆེན་པོས་མཚན་སྔགས་བཟློ་བ་དང་མཆོད་མེ་སྒྲོན། ཤ་ཁྲག་ཐོག་མར་ཁ་ལ་རེག་སྐབས་ཀྱང་བྱིས་པ་ཡན་ཆད་ཀྱིས་མ་ཎི་མི་འདོན་པ་མེད། བོད་མིའི་ངོ་བོ་དེ་ཆོས་ལ་ཐུག་ཡོད་ཅེས་གསུངས་པ་ལྟར། བདུད་ཤུལ་ཀླུ་ཚང་བ་རྣམས་ཀྱི་མི་གཤིས་སྤྱོད་ལམ་བཟང་བོའི་ཆ་ཐམས་ཅད་ཆོས་ཀྱིས་མ་བསྐྱེད་པ་ཧ་ལམ་མེད་དེ། ཆུང་བྱིས་པའི་དུས་ནས་བླ་མ་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་ཆེ་བ་དང་། སེམས་ཅན་ཆེ་ཕྲ་གང་ཡིན་ལ་གནོད་པའི་སྡིག་ལས་ལ་འཛེམ་བག་ཆེ་བ། རྐུན་པོ་ཡན་ཆད་ལ་དོགས་པ་ཟ་དུས་ཀྱང་ཁོས་ལྷ་དཀོན་མཆོག་སོགས་དཔང་དུ་བཞག་ནས་མནའ་བསྐྱལ་ན་ཐམས་ཅད་ཀྱིས་ཡིད་ཆེས་བྱེད་པ་ལས། ད་དུང་ཁོ་རྐུན་པོ་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་མེད། སྔོན་ཆད་མནའ་ལ་བརྩི་མཐོང་ཧ་ཅང་ཆེ་སྟེ། སྐྱེས་པ་ཚོས་ལྷ་དཀོན་མཆོག་སོགས་དཔང་དུ་བཞག་ནས་མནའ་མཆེད་བསྒྲིགས་རྗེས། མ་གཅིག་གི་བྱང་ཁོག་བརྒྱུད་པའི་སྤུན་མཆེད་བཞིན་ཕན་ཚུན་མདངས་བརྩེ་ཆེ་བ་དང་། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་ཟེར་ནས་སྐྱིད་སྡུག་གང་ལ་འཕྲད་ཀྱང་མི་བརྗེད་པར་ཕན་ཚུན་ལ་ཤ་ཚ་ཚས་རོགས་རམ་བྱེད་ལ། ཐ་ན་གྲོགས་མནའ་མཆེད་ཀྱི་ཆེད་དུ་རང་སྲོག་ དོར་བའི་གནས་ཚུལ་ཡང་བྱུང་མྱོང་བར་བཤད། དེ་ནི་གྲོགས་ཕྱི་ཐག་རིང་བ་ཞེས་པའི་ཚད་ལ་བརྩི། ལོ་རབས་དྲུག་ཅུ་བའི་ནང་སྲིད་དོན་ཐད་ཟང་ཟིང་གི་རྣམ་པ་ཐོན་ནས་མི་སེམས་ལ་འཇིགས་སྐྲག་དང་རྨ་ཁ་སྣ་ཚོགས་བཟོས་པ་དང་མི་རྣམས་གང་བྱེད་ཅི་བྱེད་མེད་པའི་གནས་སུ་བསྐྱལ་བས། མི་སྐོར་ཞིག་གིས་བླ་མ་དང་དགེ་བཤེས་ལ་གཅར་རྡུང་། ལྷ་རྟེན་ཆོས་གསུམ་སོགས་གཏོར་བཤིག་བྱས། ཐ་ན་ཕ་མ་སྒོར་དྲུད་ནས་འཐབ་རྩོད་བྱེད་མྱོང་མཁན་ཡང་རེ་གཉིས་ཡོད་ལ། ང་བརྒྱད་ཟིང་འཁྲུག་ནང་ཕ་མ་རྒན་འཁོགས་ཤུལ་དུ་བསྐྱུར་ནས་བྲོས་པའི་གནས་ཚུལ་ཡང་བྱུང་། གནས་སྐབས་དེའི་རིང་གྲོགས་དང་ཕུ་ནུའི་བར་ལ་ཡང་བློ་རྟོན་ཡིད་ཆེས་མེད་པར་ངག་བསྡམས་ནས་འདུག་དགོས་པ་ཞིག་ཆགས་མོད། དེ་ནི་གཡོན་གྱི་སྲིད་འགྱུར་གྱིས་མིའི་ནུས་པ་ལ་ཁ་ལོ་བསྒྱུར་བ་ཞིག་ཡིན་པ་ལས་རུས་རྐང་དུ་འཐིམ་པའི་མི་གཤིས་སྤྱོད་ལམ་ག་ལ་ཡིན་ཏེ་མིན་ནོ། །ལོ་རབས་བརྒྱད་ཅུ་བ་ནས་བཟུང་། སྲིད་ཀྱི་ཁ་ཕྱོགས་བདེན་པའི་ལམ་དུ་ཆས་པ་དང་བསྟུན་ནས། མེས་པོ་ནས་བརྒྱུད་དེ་འོངས་པའི་ཡ་རབས་ཀུན་ཕན་གྱི་གཤིས་སྤྱོད་སླར་ཡང་ལྷང་ལ་བུད་པ་རེད། ལོ་རབས་དགུ་བཅུ་བ་ནི་ཡོད་ཚད་ལ་འགྱུར་ལྡོག་ཆེ་བའི་དུས་ཚིགས་ཤིག་ཡིན་པས། མིའི་འདུ་ཤེས་དང་གཤིས་སྤྱོད་ཐད་དུ་ཡང་འགྱུར་བ་སྣ་ཚོགས་རིམ་གྱིས་ཐོན་མགོ་ཚུགས་པ་རེད། བདུད་ཤུལ་ཀླུ་ཚང་བ་རྣམས་ལ་ཡང་སྔར་དང་མི་འདྲ་བར་དུས་ཚོད་ཀྱི་འདུ་ཤེས་ཇེ་བཟང་དུ་སོང་བ་དང་། ཞིང་ས་དང་སྒོ་ཕྱུགས་སྒེར་ལ་དབང་བར་གྱུར་པས་རང་ཉིད་ཕྱུག་པོ་ཆགས་པར་བརྩོན་ལེན་བྱེད་བཞིན་ཡོད། དེ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་མོད། ཁ་ཤས་ཀྱིས་རང་ཁེ་ཁོ་ན་བསམས་ནས་གྲོགས་སྤུན་མཆེད་ཡིན་ཀྱང་མགོ་བསྐོར་བ་དང་མཚན་མོར་གཞན་གྱི་རྩྭ་ར་དང་ཞིང་ར་སོགས་སུ་རང་གི་ནོར་ལུག་ལྐོག་འཚོ་བྱེད་པ་དང་། རང་གི་རྩྭ་རྐང་གཅིག་གི་སླད་དུ་ཤ་ཉེ་རིང་དང་ཕོ་མོ་རྒན་གཞོན་མེད་པར་ཁ་འཛིང་ལག་འཛིང་བྱེད་པར་ངོ་མི་གནོང་བ། རིག་གནས་སློབ་གསོ་ལ་རྒྱབ་སྐྱོར་མི་བྱེད་པ་ཕར་ཞོག་རང་གི་བུ་ཆུང་ལ་ཤ་ཚ་མདོག་དང་རང་ཉིད་ཧ་ཅང་དཔའ་མདོག་གིས་མགོ་སྐོར་དྲུད་ནས་དགེ་རྒན་སྟེང་ཤོར་མཁན་ཡང་རེ་གཉིས་ཡོད་པ་གོ་ཐོས་བྱུང་། དེ་སྔོན་བུ་ཕྲུག་གིས་ཕ་མའི་བསླབ་བྱ་ཉན་པ་དང་ཕ་མ་ལ་ཚིག་རྩུབ་མོ་བཤད་མཁན་ཞིག་གཏན་ནས་མེད་པར་བཤད། དེང་གི་བུ་ཕྲུག་ཚོའི་ནང་ན་ཕ་མའི་ཁ་ཏ་རྣ་རྒྱབ་ཀྱི་རླུང་བཞིན་བོར་ནས་རང་ཁྱིམ་གྱི་སྒོ་ཕྱུགས་ཡན་ཆད་བརྐུས་བཙོང་དང་། ཉིན་མཚན་མེད་པར་རྒྱ་སྲང་དུ་འཁྱམས་ནས་ཤོ་ཆང་ལ་རང་རྒྱུ་ཡོད་ཚད་བརྗེ་མཁན་ཡོད་ལ། ཕ་མའི་ཚིག་གཅིག་ཐོས་མ་ཐག་ཁོང་ཁྲོ་སྡིགས་དམོད་གཏོང་མཁན་ཡང་ཡོད། དེ་ལྟ་བུའི་ནད་ཡམས་ངན་པ་དེ་བདུད་ཤུལ་ཀླུ་ཚང་གི་བུ་ཕྲུག་ཁ་ཤས་ལ་འགོས་ཡོད་པ་ལས་ཐམས་ཅད་དེ་འདྲ་ཞིག་གཏན་ནས་མིན། འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་གང་ཡིན་ཡང་ཆོས་དང་འབྲེལ་ནས་བློ་དཀར་གཞུང་དྲང་གིས་སྒྲུབ་པ་སོགས་ཡ་རབས་ཀྱི་གཤིས་སྤྱོད་རང་སྟེང་ལ་བླངས་ཡོད། དེང་གི་ན་གཞོན་ཁ་ཤས་ཀྱིས། ད་ལྟའི་སྤྱི་ཚོགས་ནང་མི་དྲང་མོ་བྱེད་པ་ནི་གླེན་རྟགས་ཁོ་ན་རེད་ཅེས་བཤད་ཡམས་ངན་པ་ཞིག་སྒྲོག་བཞིན་འདུག ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་སྒྲུབ་སྐབས་བློ་དཀར་གཞུང་དྲང་གིས་བསྒྲུབས་ན་ཕན་འབྲས་ཆེ་འམ་གཡོ་སྒྱུ་མཁས་མདོག་གིས་བསྒྲུབས་ནས་ཕན་འབྲས་ཆེ། ཆུང་ས་ནས་ཁྱིམ་ཚང་དང་གྲོགས་སྤུན་མཆེད་བར་བློ་དཀར་གཞུང་དྲང་གིས་རོགས་རམ་བྱས་ན་བཟང་ངམ། ཧམ་སེམས་ཁ་གསག་གིས་ཧ་ཅང་གཅེས་མདོག་བསྟན་ན་བཟང་ངམ། བྱ་བ་བཟང་བོ་ཞིག་ལེགས་འགྲུབ་ཡོང་མིན་དེ་ཡང་བློ་དཀར་གཞུང་དྲང་ཡིན་མིན་དང་བརྩོན་སེམས་རྣལ་མ་ཆེ་མིན་ལ་ཐུག་ཡོད་པས། མི་དྲང་མོ་བྱེད་པ་ནི་གླེན་རྟགས་ཁོ་ན་རེད་ཟེར་བ་དེ་ནི་སྙིང་བོ་གང་ཡང་མེད་པའི་བབ་ཅོལ་ཙམ་དུ་ཟད་དོ། །

སྤྱིར་མིའི་རིགས་ཀྱི་འཚོ་བ་དང་ལག་རྩལ། མཁོ་ཆས་དང་བཟོ་ལས་སོགས་ཡར་རྒྱས་ཇི་ལྟར་སོང་ན་ཡང་། བློ་དཀར་གཞུང་དྲང་ཞེས་པ་འདི་མེད་པར་གྱུར་ཚེ། མི་དང་མིའི་བར་གྱི་འབྲེལ་བ་ཡོད་ཚད་ཆེས་ཐ་ཤལ་དུ་གྱུར་ནས། མི་སུ་ཡིན་ཡང་སྤྱང་ཚོགས་ཁྲོད་དུ་ལྷུང་བ་བཞིན་འཆི་རག་བར་དུ་འཇིགས་ཡེར་རེ་འདུག་དགོས་པ་རེད། དུས་རབས་ཉེར་གཅིག་པའི་ནང་དུ་བློ་དཀར་གཞུང་དྲང་ནི་ཐམས་ཅད་ཀྱིས་གཅེས་མཐོང་བྱེད་པའི་རྩ་ཆེ་བའི་རྒྱུ་ནོར་ཞིག་ཏུ་གྱུར་སྲིད་པ་སྨོས་ཅི་དགོས། བོད་ཡུལ་འདི་ས་མཐོ་ཞིང་འགྲིམ་འགྲུལ་མི་བདེ་བའི་དབང་གིས་དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་ཕྱི་རོལ་ལ་འབྲེལ་འདྲིས་བྱས་པ་ཧ་ཅང་ཉུང་བ་དང་། ཕྱི་རོལ་ཀྱི་མིའི་སྣང་ངོར་ཡང་བོད་མི་ནི་གྲང་ལྷགས་འཁྱགས་རིམ་ཀློང་ན་གནས་ཤིང་ཟས་སུ་ཤ་རློན་དང་ཁྲག་དྲོན་འཐུང་བའི་གདོད་མའི་དམུ་རྒོད་ཀྱི་རིགས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་མོད། དུས་རབས་ཉི་ཤུ་བའི་ནང་དུ་བོད་ལ་སྤྲོ་འཆམ་དུ་ཡོང་མཁན་ཇེ་མང་དང་བོད་མིའི་གཤིས་སྤྱོད་བཟང་བོ་རིམ་གྱིས་ཤེས་རྟོགས་བྱུང་བར་བརྟེན། ཕྱི་རོལ་དྲི་མས་མ་གོས་པའི་བོད་ཡུལ་ཞེས་ཐམས་ཅད་སྨོན་པ་ཤོར་བ་རེད། དེ་ནི་བོད་མིའི་བཟོ་ལས་དཔལ་འབྱོར་ལ་སེམས་ཤོར་བ་མ་ཡིན་པར། ང་ཚོའི་མེས་པོ་གོང་མ་ནས་བརྒྱུད་དེ་འོངས་པའི་བདག་གཞན་ཀུན་ཕན་གྱི་གཤིས་སྤྱོད་དང་དེས་བསྐྲུན་པའི་ཁོར་ཡུག་ལ་སེམས་པ་ཤོར་བ་ཡིན་ནོ། །


ཚེ་ཐར་སྲུང་རྟགས་ཀྱི་སྐོར།

བདུད་ཤུལ་ཀླུ་ཚང་གི་འབྲོག་ཁྱིམ་དག་གི་སྒོ་ཟོག་གྲས་ན་བཙོང་བ་དང་བཤའ་བ་སོགས་ཀྱི་འཇིགས་པ་ལས་ཐར་བའི་རྟ་ནོར་ལུག་ར་མ་སོགས་ཡོད་པ་དེ་ལ་ཚེ་ཐར་ཞེས་འབོད། ཚེ་ཐར་གཏོང་བའི་རྒྱུ་རྐྱེན་དང་དམིགས་ཡུལ་ནི། ནང་མི་གང་ཞིག་ནད་གདོན་གྱིས་གཙེས་པའམ་བུད་མེད་ལ་བྱིས་པ་གསར་དུ་བཙས་ཚེ། ནད་གདོན་གྱི་བར་ཆད་ཞི་ཞིང་ཚེ་བསོད་རྒྱས་པའི་ཕྱིར་དུ་སྒོ་ཟོག་ཆེ་ཕྲ་གང་ཡིན་ཚེ་ཐར་དུ་གཏོང་སྲོལ་ཡོད། རང་ཁྱིམ་གྱི་བླ་མཆོད་སོགས་ཀྱིས་མོ་རྩིས་བྱས་ནས་ཚེ་ཐར་གང་མང་གཏོང་དགོས་བྱུང་ན། སྡེ་བ་དང་སྤུན་ཉེ་དུ་ཚང་མས་དེ་ཚང་གི་ཚབ་ཏུ་རང་གི་སྒོ་ཟོག་ལས་ཚེ་ཐར་གཏོང་བ་དང་། ཐ་ན་རི་མགོའི་ཤིང་ནགས་ལ་བལ་སྐུད་སོགས་བཏགས་ནས་ནགས་ཚེ་ཐར་དུ་བཏང་བར་ངོས་འཛིན་བྱེད། སྒོ་ཕྱུགས་ཚེ་ཐར་དུ་གཏོང་སྐབས། བལ་སྐུད་དང་དར་ཚོན་ཐུང་ངུ་གང་རུང་ཞིག་རྔོག་མ་དང་དཔུང་བའི་མཐོ་སར་བཏགས་ནས་སངས་རྒྱས་ཚེ་དཔག་མེད་ཀྱི་མཚན་ཚེ་ཐར་དེའི་རྣ་ལམ་དུ་སྒྲོག་པའང་ཡོད། བདག་པོ་དེས། ད་ནས་བཟུང་བཙོངས་ནས་རིན་མི་ལེན། བཤས་ནས་ཤ་མི་ཟ་ཟེར་ནས་ཚེ་ཐར་དུ་གཏོང་བ་ཡིན། འབྲོག་མི་རྣམས་ཁ་དན་ཚིག་ལ་གནས་པ་རྐྱང་རྐྱང་ཡིན་པས་ཚེ་ཐར་བཤས་བཙོང་བྱས་པའི་གནས་ཚུལ་རིགས་གནའ་དེང་གང་དུའང་གོ་རྒྱུ་མེད།

   སྒོ་ཕྱུགས་ནང་ཚེ་ཐར་ལས་གཞན་སྲུང་རྟགས་འདོགས་སྲོལ་ཡང་ཡོད། སྤྱིར་ཚེ་ཐར་གཏོང་བ་དང་སྲུང་རྟགས་འདོགས་པ་གཉིས་མི་འདྲ་སྟེ། སྒོ་ཕྱུགས་གང་ཞིག་ཚེ་ཐར་དུ་བཏང་བ་ནས་བཟུང་། སྒོ་ཟོག་གཞན་ལ་བརྗེ་བ་དང་ཤི་རྗེས་སུ་དེའི་ཚབ་ཏུ་སྒོ་ཟོག་གཞན་ཚེ་ཐར་དུ་གཏོང་སྲོལ་མེད། སྒོ་ཟོག་གང་ལ་སྲུང་རྟགས་བཏགས་རྗེས་སུ།  བདག་པོ་དེས་སླར་ཡང་། ཁ་ཇེ་གཞོན་དང་ལུས་ཇེ་ཡག་ཏུ་བཏང་བ་ཡིན་ཟེར་ནས་སྒོ་ཟོག་གཞན་ལ་སྲུང་རྟགས་བརྗེ་ཆོག་པ་ཡིན། གལ་ཏེ་སྲུང་རྟགས་ཡོད་པའི་སྒོ་ཟོག་དེ་ ཉིད་རྐྱེན་ངན་གྱིས་ཤི་བའམ་ལོ་རྒས་ནས་ཤི་བར་གྱུར་ཚེ། དེའི་ཚབ་ཏུ་སྒོ་ཟོག་གཞན་ཞིག་ལ་སྲུང་རྟགས་འདོགས་དགོས། དེའི་དམིགས་ཡུལ་ནི་རང་ཁྱིམ་གྱིས་མཆོད་བཀུར་བྱེད་པའི་ལྷ་སྲུང་གང་རུང་ཞིག་ཐུགས་དགྱེས་ནས་ནང་གི་མི་ལ་ན་ཚ་མི་ཡོང་བ་དང་ཕྱིའི་ལོངས་སྤྱོད་དར་ཞིང་རྒྱས་པ་སོགས་ཚེ་འདི་ཁོ་ནར་ལྷའི་སྡོངས་གྲོགས་ཐོབ་པའི་ ཕྱིར་ཡིན། སྲུང་རྟགས་འདོགས་སྐབས་ཀྱང་ཐོག་མར་སྒོ་ཕྱུགས་ཁ་གཞོན་ཞིང་ཤ་ཤེད་བཟང་བ། སྤུ་མདོག་ལྷའི་སྐུ་མདངས་དང་ཆ་ཅུང་ཟད་མཚུངས་པ་ཞིག་བདམས་ནས་ཤུག་ལོ་དུགས་པ་དང་ཁྲུས་ཆུ་གཏོར་ཏེ་གཙང་དག་བྱེད། དེ་ནས་དར་ཚོན་དང་བལ་སྐུད་ཀྱིས་བརྒྱན་པའི་སྲུང་རྟགས་དེ་ཉིད་རྔོག་མའམ་དཔུང་བའི་མཐོ་སར་བཏགས་ནས་མགོ་རྣ་རྭ་རྩེ་དང་རྔོག་མ་རྔ་ཚིགས་སོགས་ལ་མར་རྒྱན་གཏོང་བ་དང་། མཐའ་མར་འོ་མ་བསྲེས་བའི་ཁྲུས་ཆུ་དཀར་བོ་ཞིག་འཕོངས་ནས་མགོ་ལ་གཏོར། སྲུང་རྟགས་འདོགས་པའི་བྱ་བ་འདི་ཡོངས་སུ་རྫོགས་རྗེས་སུ། སྒོ་ཕྱུགས་དེ་ཉིད་ཀྱིས་ལུས་ཕུང་སྤྲུགས་སྤྲུགས་བྱས་ནས་ཁྲུས་ཆུ་ཕྱོགས་སུ་གཏོར་ན་རྟེན་འབྲེལ་བཟང་བོར་བརྩི་བ་ཡིན། སྒོ་ཕྱུགས་དེ་ཉིད་ན་སོ་གཞོན་དུས་སུ་རྐྱེན་ངན་དང་ཕྲད་ནས་ཤི་ན་རྟེན་འབྲེལ་ངན་པར་བརྩིས་ནས་རྣམ་རྟོག་བྱེད་ལ། མྱུར་མོར་དེའི་ཚབ་ཏུ་སྒོ་ཕྱུགས་གཞན་ལ་སྲུང་རྟགས་འདོགས། གལ་ཏེ་ན་སོ་རྒས་ནས་ཤི་བ་ཡིན་ན་རྣམ་རྟོག་མི་བྱེད་ཀྱང་དེའི་ཚབ་ཏུ་སྔར་བཞིན་སྒོ་ཕྱུགས་གཞན་ཞིག་ལ་སྲུང་རྟགས་འདོགས་པ་ཡིན། ད་དུང་ལོ་རེ་རེ་བཞིན་འཆག་མེད་དུ་སྲུང་ཁ་གསོ་བ་མ་ཟད་ནང་མི་གང་རུང་ཞིག་ལ་ཡམས་ནད་འགོས་པ་དང་ཡུལ་ཕྱོགས་སུ་འཁྲུག་ལོང་སོགས་བྱུང་བ་གློ་བུར་དུ་སྲུང་ཁ་གསོ་བ་ཡང་ཡོད་དོ། །

རྩོམ་ཡིག་མཁོ་སྤྲོད་པ།  ནག་བཟའ་བློ་བཟང་ཆོས་གྲགས།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861552
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号