གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཁྲུངས་རབས་དང་མི་ཚེའི་རིན་ཐང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཁྲུངས་རབས་དང་མི་ཚེའི་རིན་ཐང་།
གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཁྲུངས་རབས་དང་མི་ཚེའི་རིན་ཐང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-12-09ལྟ་ཀློག (14864)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།


༄༅། །གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཁྲུངས་རབས་དང་མི་ཚེའི་རིན་ཐང་། 


རྩོམ་པ་བོ།  རིན་ཆེན་རྡོ་རྗེ། 

དང་པོ། འཁྲུངས་རབས་ལོ་རྒྱུས་མདོར་བསྡུས།
    བླ་མས་བཏགས་པའི་མིང་ལ་ཁྲོ་བོ་དཔལ་ལྡན་དང་ཆོས་སྒོར་ཞུགས་པའི་མཚན་ལ་བརྩོན་འགྲུས་བཟང་པོ། ཡུལ་དང་གནས་མ་ངེས་པར་བོད་འབངས་སེམས་ཅན་གྱི་དོན་དུ་མཐུ་དང་རྫུ་འཕྲུལ་མང་པོའི་རྩལ་ཆེན་ལ་བརྟེན་ནས་རྣམ་དཀར་འཕྲིན་ལས་ཀྱི་བགྱི་བ་ཁོ་ནས་དུས་འདའ་བར་མཛད་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོའམ་རྗེ་ལྕགས་ཟམ་པ་ཞེས་པ་སྐུ་འཁྲུངས་པའི་ཡུལ་ནི། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་བར་དབུས་གཙང་རུ་བཞིའི་ནང་གསེས་གཙང་གཡས་རུའི་ཉི་མ་ལ་སྟོད་བྱང་གི་ཆར་གཏོགས་པ། དཔལ་ལྡན་རིན་ཆེན་སྡིངས་ཞེས་བྱ་བའི་འདབས། ཕོ་བྲང་ལྷ་རྩེ་ཁུལ་གྱི་ཤར་མདུན། གནས་ཆེན་འོ་བ་༼འོལ་བ། འོལ་ཝ། ཡང་ཞུ་སྲོལ་ཡོད།༽ལོང་པ་ཞེས་ཤར་རི་ཚོད་མ་ཚོས་སེ་བལྟ་བ་འདྲ་བ། ལྷོ་རི་སྲིན་མོ་ངུ་བྲང་བརྡུང་བ་འདྲ་བ། ནུབ་རི་དུག་སྦྲུལ་འཐུར་དུ་རྒྱུག་པ་འདྲ་བ། བྱང་རི་མི་རེང་སྐྱ་ཤར་རྒྱུག་པ་འདྲ་བ། ཆུའི་རྦ་སྲིན་མོ་རལ་བ་སྤྲུག་པ་འདྲ་བ། འོ་བ་ལྷ་རྩེའི་ཆུ་དར་དཀར་པོ་འཕྱར་བ་འདྲ་བའི་གདོང་ན་རིན་པོ་ཆེའི་མཛོད་ཡོད་པ། ཆུ་གྲུ་གསུམ། ས་གྲུ་གསུམ་ཀྱི་དབུས་ན་འོ་བ་ཞེས་བྱ་བ་དཔལ་བསམ་ཡས་ཀྱི་དཀར་ཆག་ཏུ་གསལ་བའི་གནས་དེ་ཉིད་ཡིན་ཞེས་རྗེ་རང་གི་གསུང་འབུམ་དུ་གསལ་ལོ། །ཡུམ་ནི་རྒྱ་གར་ལྷ་མོ་ཞེས་བྱ་བ་གདོང་པ་གཡས་སྔོ་ལ་གཡོན་དམར་བ། རང་བཞིན་གྱིས་ངང་རྒྱུད་བཟང་ཞིང་ཤ་ཆང་ལ་སོགས་མ་དག་པའི་ཟས་སྤང་པ། ཚེམས་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་མཐོང་བ་ཙམ་གྱིས་སྐྱེ་བོ་ཕལ་ཆེར་དང་བ་འདྲེན་པ། དགེ་བསྙེན་མའི་ཀུན་སྤྱོད་ཚང་བ། བུད་མེད་ཕལ་བའི་སྤྱོད་པ་ལས་འདས་པ་དེ་ཡིན། ཡབ་ནི་རུས་མི་ཉག་ནས་ཆད་པ་ལྷ་ལྡོང་དཀར་པོའི་རུས་སུ་གཏོགས་པ་སྤྱིའི་འབྲས་ལུང་པ་དཔོན་སློབ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། རང་བཞིན་གྱིས་ངང་རྒྱུད་རིང་ཞིང་སྤྱོད་པ་དགེ་སྡིག་སྤེལ་མར་གནས་དེས་གོ་དམག་ལ་བྱོན་པའི་ཚེ་ཁོང་གཉིས་ལ་སྲས་ལྕམ་སྲིང་དྲུག་འཁྲུངས་པ་ནི། ཆེ་བ་སེ་རོ་དཔལ་ལ། སློབ་དཔོན་དཔལ་ཚུལ། འཕན་༼ཕན་༽པོ། ལྔ་དར། ཁྲོ་བོ་དཔལ་ལྡན།  ལྕམ་མོ་དཔལ་འཛིན་རྡོ་རྗེ་མ་བཅས་དྲུག་ལས་ལྔ་ཚིགས་པ་སྲས་ཁྲོ་བོ་དཔལ་ལྡན་ཞུ་བ་དེ་ཉིད་སྐུ་འཁྲུངས་པའི་དུས་སུ་ཡུམ་ལ་ནང་དུ་ངོ་མཚར་བའི་མནལ་ལམ་དང་ཕྱི་རུ་རང་བྱུང་གི་བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་བཅས་ཏེ་བོད་རབ་བྱུང་དྲུག་པའི་ལྕགས་མོ་གླང་༡༣༦༡ལོའི་དགའ་ལྡན་ཆོ་འཕྲུལ་ཆེན་པོའི་ཚེས་བཅུའི་ཕྱོགས་པ་ཉི་ཤར་དུས་སུ་སྐུ་འཁྲུངས་ཞེས་པ་ཡོངས་སུ་གྲགས་པའི་འཁྲུངས་སྐར་ཡིན། སྐུ་འཁྲུངས་པ་དང་ཡུམ་གྱིས་བླ་མ་ཀུན་སྤངས་དོན་ཡོད་རྒྱལ་མཚན་པ་གདན་དྲངས་ནས་མིང་དབང་དང་ཤེས་རབ་བློ་འཕེལ་གྱི་ཐབས་ལ་སོགས་པ་དང་། སོ་སྐྱེས་ཕལ་བ་དང་མི་འདྲ་བའི་ཡུམ་གྱི་ལྷུམས་སུ་ཞུགས་ཚུལ་དང་མངལ་ནས་བྱོན་ཚུལ་ལ་སོགས་པ་མང་དུ་ཞུས་པས། བླ་མ་ཀུན་སྤངས་པའི་ཞལ་ནས། ཁྱོད་ཀྱི་བུ་ཆུང་འདི་འགྲོ་དོན་ནུས་པ་ཞིག་ཡོང་པར་འདུག་གསུངས་པ་དང་། མཚན་ལ་ཁྲོ་བོ་དཔལ་ལྡན་དུ་བཏགས། ཚེ་དཔག་མེད་ཀྱི་དབང་དང་རྣམ་འཇོམས་ཀྱི་ཁྲུས་ཆོག ཤེས་རབ་བློ་འཕེལ་གྱི་ཐབས་ལ་སོགས་པ་མང་དུ་མཛད་དོ། །མཐར་འཕྲིན་ལས་རྣམ་པ་བཞིས་བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ནས་དོན་དུ་དགུང་ལོ་བརྒྱ་དང་ཉེར་བཞི་བཞེས་པ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ༡༤༨༥ལོར་གདན་ས་ཆེན་པོ་གཅུང་གི་དཔལ་རི་བོ་ཆེའི་གཙུག་ལག་ཁང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་གཟུགས་སྐུའི་བཀོད་པ་འཆི་མེད་མཚོ་འཁྲུངས་རྒྱལ་བའི་དགོངས་དབྱིངས་སུ་བསྡུས་སོ། །
ཁོང་གི་འཁྲུངས་འདས་ལོ་ཚིགས་ཐད་བཞེད་པ་མི་མཐུན་པ་རེ་ཟུང་ཡོད་དེ། ཤེས་རབ་དཔལ་ལྡན་གྱིས་ཐང་སྟོང་རྒྱལ་པོ་རང་ལ་དངོས་སུ་ཞུས་པ་ཡིན་ཟེར་བའི་རྣམ་ཐར་དུ་རབ་བྱུང་དྲུག་པའི་ལྕགས་མོ་གླང་༡༣༦༡-༡༤༨༥བར་དགུང་ལོ༡༢༤བཞུགས་པར་གསུངས་པ་དང་། བོད་ལྗོངས་སྤྱི་བཤད་སྔ་ཕྱི་གཉིས་ལས༡༣༨༥-༡༥༠༩བར་དགུང་ལོ༡༤༨བཞུགས་པར་འདོད་པ་བཅས་ཡོད་ལ། བདག་ནི་ཁོང་གི་ཐུགས་སྲས་ཤེས་རབ་དཔལ་ལྡན་གྱིས་ཞུས་པའི་རྣམ་ཐར་དང་འགྱུར་མེད་བདེ་ཆེན་གྱིས་བརྩམས་པའི་རྣམ་ཐར་གཉིས་ཀྱི་དགོངས་པ་དང་རྗེས་སུ་མཐུན་པ་ཡིན་ནོ། །
གཉིས་པ། རིག་པའི་གནས་ལ་ཐོས་བསམ་གནང་ཚུལ།
   དེའང་རྗེ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ཁོང་ཉིད་དགུང་ལོ་ལྔ་དྲུག་ཙམ་སོང་བ་དང་བླ་མ་ཉི་མ་སེང་གེའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པས་དགེ་ཚུལ་གྱི་མཚན་ལ་བརྩོན་འགྲུས་བཟང་པོ་ཞེས་གསོལ། བྱད་དམ་རིངས་ཀྱི་ཆོས་གྲྭ་ཆེན་མོར་མཁས་པ་བློ་གྲོས་རྡོ་རྗེ་ལས་ཚད་མ་རྣམ་འགྲེལ་གསན། གཞུང་འཛིན་པའི་དུས་ནའང་སྐྱོར་ཁང་གི་ནང་དུ་ཏིང་ངེ་འཛིན་ལ་ཡུན་རིང་དུ་འབྱམས་པ་དང་། སློབ་དཔོན་གྱིས་མ་བཤད་པར་གཞུང་གི་དོན་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་སོགས་པའི་ལྷན་སྐྱེས་ཀྱི་ཡོན་ཏན་མངའ། སློབ་དཔོན་དཀོན་མཆོག་དར་ལས་མངོན་རྟོགས་རྒྱན་གསན་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་གྲྭ་སྐོར་ལ་བྱོན་པ། གྲལ་ནས་བཞེངས་ཏེ་ལངས་པས་གཞུང་བསྐུར་བྱུང་བ་རྗེའི་དགོངས་པར་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་ཐ་སྙད་ཚིག་གི་གྲྭ་སྐོར་གྱིས་རང་སེམས་མ་གྲོལ། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྟོགས་པ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྐད་ཅིག་ཀྱང་མ་བྲལ་བའི་ངང་ནས་ཕྱོགས་རིས་མེད་པའི་སེམས་ཅན་གྱི་དོན་བྱེད་དགོས་པ་ཡིན་སྙམ་པ་ཐུགས་ལ་ཤར་བ་དང་། ཐ་སྙད་དང་བྲལ་བའི་ཏིང་ངེ་འཛིན་ཁྱད་པར་ཅན་འཁྲུངས། བརྟུལ་ཞུགས་གླང་ཆེན་ཆང་གིས་མྱོས་པ་ལྟ་བུ་གཅིག་བྱུང་བས་སྨྱོན་པ་བརྩོན་འགྲུས་ཞེས་བྱ་བར་གྲགས་སོ། །མི་ཚོ་བྱང་བའི་བཙུན་ཆུང་གཞུང་རྡུགས་སོ་ཟེར་ནའང་། ངོ་ཚ་བའི་སྣང་བ་ཡེ་མ་བྱུང་གསུང་། འགའ་རེས་བཙུན་ཆུང་འདི་གཞུང་འཛིན་པའི་དུས་ནའང་འོད་གསལ་ལ་ཡུན་རིང་འབྱམས་ནས་འགྲོ་བ་གཅིག་ཡོད་ཟེར་བས། བཟང་ངན་ཤེས་པར་དཀའོ་ཟེར། དེ་རུ་དུས་འཁོར་དང་རྡོར་དབྱིངས་ལ་སོགས་པ་མང་པོ་གསན། ཆོས་རྗེ་རིན་པོ་ཆེ་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་དཔལ་གསང་བ་འདུས་པ་དང་དམར་ནག་འཇིགས་གསུམ་ལ་སོགས་པའི་དབང་དང་། དབུ་མ་ལྟ་ཁྲིད། བློ་སྦྱོང་། གཅོད་ཡུལ་ལ་སོགས་པ་མང་པོ་གསན་ནོ། །དེ་ནས་ཆོས་རྗེ་བཀའ་ལྔ་བ་ཤེས་རབ་དཔལ་འབྱོར་པའི་དྲུང་དུ་བསྙེན་རྫོགས་མཛད། དགེ་སློང་བརྩོན་འགྲུས་བཟང་པོར་མཚན་གསོལ། ཆོས་རྗེ་དེ་ཉིད་ཀྱི་དྲུང་དུ་སླར་ཡང་ཕྱག་རྒྱ་ཆེན་མོ་དང་ནི་གུ་ཆོས་དྲུག་དང་། ནཱ་རོ་དང་། གཅོད་ཡུལ་དང་། ཐེག་ཆེན་བློ་སྦྱོང་ལ་སོགས་པ་ཆོས་མང་དུ་གསན། ཡུམ་རྒྱ་གར་ལྷ་མོ་ཡང་ཆོས་སྒོར་བཅུག་སྟེ་མིང་དཔལ་མོ་མགོན་དུ་བཏགས། རྫོགས་པ་ཆེན་པོའི་ཉམས་ལེན་མཛད། མཐར་ཐུགས་དམ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ནས་སྐུ་གཤེགས་སོ། །ཡུམ་གྱི་སྤུར་བཞུ་བས་མེ་ཏོག་གི་ཆར་དང་རིང་སྲེལ་མང་པོ་བྱུང་བ་རྣམས་མ་འཐོར་པ་མཛད་དེ། འཁྲུངས་སའི་ནུབ་ཕྱོགས་འོ་བ་ལྷ་རྩེར་འགྲོ་བའི་ལམ་དུ་རྗེ་རང་གཅིག་པོས་ཕྱག་ལེན་མཛད་པའི་མཆོད་རྟེན་ཁང་བུ་བརྩེགས་པ་གཅིག་བཞེངས་པའི་ནང་དུ་གདུང་རུས་ལ་བཏབ་པའི་ཚ་ཚ་རྣམས་དང་ཕྱོགས་གཅིག་ཏུ་བཞག་སྟེ། ནང་རྟེན་བདེ་གཤེགས་བརྒྱད་ཀྱི་བྲིས་སྐུ། རིན་པོ་ཆེ་ལས་གྲུབ་པའི་སྡུད་པ་དང་བཅས་པའི་རབ་གནས་དུས་གཅིག་མཛད་དོ། །འདི་རྣམས་རྟེན་བཞེངས་ཀྱི་ཐོག་མ་ཡིན་པར་གསུངས། ཡུམ་འདས་པ་དང་བརྩོན་འགྲུས་སྨྱོན་པ་ལ་ཆོས་འཇིག་རྟེན་གྱི་གདའ་ཆད་གར་ཀྱང་མེད་ཟེར། དེ་ནས་ཁོང་གི་ཨ་ཇོ་སློབ་དཔོན་དཔལ་ཚུལ་གྱིས་ནན་སྐུལ་བྱས་པ་ལྟར་མཚམས་མཛད་པར་ཞལ་གྱིས་བཞེས། དེར་ཟླ་བ་གཅིག་ཐུགས་དམ་ལ་བཏགས་པས་མ་རིག་པའི་སྒྲིབ་པ་དང་བྲལ་ཞིང་ཆོས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏོ། །དེ་ནས་བྱིན་རླབས་ཅན་གྱི་རྟེན་རྣམས་ཀྱི་དྲུང་དུ་སྨོན་ལམ་བཏབ་པ་ཕན་ཆེ་བར་དགོངས་ཤིང་། གདུལ་བྱ་སྣོད་ལྡན་གཅིག་སྨིན་པའི་དུས་ལ་བབ་པར་གཟིགས་ནས་རྒྱལ་ཁམས་རིས་མེད་བསྐོར། བལ་བོ་དང་རྒྱ་གར་ཕལ་མཐིང་ཚུན་ཞབས་ཀྱིས་བཅགས། བསྟན་པ་དང་སེམས་ཅན་གྱི་དོན་དུ་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་ཇོ་བོ་ཁ་སརྤ་ཎའི་ལུང་བསྟན་ལྟར་ཕྱིར་བོད་ཁ་བ་ཅན་གྱི་གདུལ་བྱའི་དོན་དུ་ཕེབས། སྐྱིད་གྲོང་བརྒྱུད་སྣར་ཐང་དུ་བསླེབས་ནས་འཕགས་པའི་གནས་བརྟན་ཡན་ལག་འབྱུང་བའི་དྲུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཚར་གཅིག་གསུངས་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་བསམ་གྲུབ་རྩེ་བརྒྱུད་ཞ་ལུར་ཐུགས་རྗེ་ཆེན་པོའི་དྲུང་དུ་སྨོན་ལམ་མཛད་པས་སྤྲེའུ་ཁྲིད་ཡ་ཕོ་བ་གཟའ་མི་གསུམ་གྱིས་དཔལ་ཀྱཻ་རྡོ་རྗེ་དབང་སོགས་དབང་ལུང་མང་དུ་བསྐུར་པས་མཐར་ཡི་དམ་ཡབ་ཡུམ་དུ་ཞལ་གཟིགས་ཏེ་ཕྱག་རྒྱ་ཆེན་པོའི་ངང་དུ་སྙོམས་པར་བཞུགས་སོ། །དེ་ནས་དབུས་ལྷ་ལྡན་དག་པའི་ཞིང་དུ་ཕེབས་ནས་ཇོ་བོ་རྣམ་གཉིས་དང་རང་བྱོན་ལྔ་ལ་བསྟན་དང་འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེར་བཏབ། དེ་ནས་སླར་མང་ཡུལ་སྐྱིད་པའི་གྲོང་དུ་ཕེབས་ནས་བསྟན་དང་འགྲོ་དོན་རྒྱ་ཆེར་མཛད་པ་དང་། དེ་ནས་སླར་རང་ཡུལ་དུ་ཕེབས་ནས་འོ་ཝ་ལྷ་རྩེའི་ནུབ་མགུལ་གྱི་རྫ་ཁྲོད་དུ་སྒྲུབ་པ་མཛད་ཀྱིན་བཞུགས་པས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས། རྡོ་གཡམ་པ་མང་དུ་བཙལ་ཏེ། ལྕགས་ཀྱི་ཁབ་སྦོམ་གཉིས་ནམ་ཟད་བར་ལ་གདམས་ངག་ཟབ་མོ་རྣམས་རྡོ་ལ་ཡི་གེ་བྲིས་ཏེ་གཏེར་དུ་སྦས། བཀའ་རྒྱས་བཏབ། བཀའ་སྲུང་དུ་འོ་ཝ་ལྷ་རྩེའི་གཞི་བདག་དམ་ལ་བཏགས། དེ་ནས་མཆོག་བཟང་ལེགས་པའི་ཤེས་རབ་དང་། བྱང་སེམས་ཉི་མ་སེང་གེ ཆོས་རྗེ་བསམ་གྲུབ་རྒྱལ་མཚན། ཨ་ཇོ་བླ་མ་གྲགས་བཟང་། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས། ལྷ་གདོང་བ་བསོད་ནམས་སོགས་མཁས་གྲུབ་དུ་མའི་མདུན་ས་ནས་ཕྱི་ནང་གི་ཆོས་མང་པོ་གསན་བསམ་གནང་ནས་ཤེས་བྱ་རྒྱ་མཚོའི་ཕ་མཐར་སོན། དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས་བྱང་སེམས་སྦྱིན་པ་བཟང་པོ་ལས་ནི་གུ་ཆོས་དྲུག་ཆ་ལག་དང་བཅས་པ་གསན། ཕྱིས་ལ་སྟོད་བྱང་གི་དཔལ་རི་བོ་ཆེར་ཕེབས་ཏེ་ནི་གུའི་ཁྲིད་ཡིག་སྙིང་པོ་ཀུན་འདུས་ཆ་ལག་དང་བཅས་མཛད། དེ་ནས་ས་སྐྱ་པ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་དང་ཇོ་ནང་པ་ཆོས་རྗེ་ཆོས་དཔལ་མགོན་པོ། ཆོས་རྗེ་ཤེས་རབ་བཟང་པོ། སྒྲུབ་པ་པོ་བཟང་པོ་དཔལ། སྒྲུབ་ཆེན་རྒྱལ་དབང་། གྲུབ་ཆེན་བཟང་པོ་སྐྱོང་། ངོར་པ་བླ་མ་ཀུན་དགའ་བཟང་པོ། ཀུན་མཁྱེན་པ་སྣུད་ཀྲ་བ། རྒྱམ་པ་བཀའ་བཞི་བ་ནམ་མཁའ་འོད་ཟེར། མཁས་པ་ལུང་མང་པོ། གཞན་བོད་ཡུལ་གྱི་དམ་པ་མང་པོའི་ཞབས་ལ་གཏུགས་ནས་ཆོས་དང་རིག་གནས་གསན་པ་དང་། དབེན་གནས་རྣམས་སུ་སྒྲུབ་པ་དང་། དཀའ་ཐུབ་སྤྱོད་པ་སོགས་མང་དུ་མཛད་ནས་ཡུལ་དུ་ཕེབས། ལམ་ཤིན་ཏུ་བགྲོད་པ་དཀའ་བའི་དུས་སུ་རོགས་མེད་གཅིག་པོས་ཆོས་འཁོར་ལྷ་ས་ལན་བཅུ་གསུམ་བསྐོར། དེ་ནས་མ་འོངས་པ་ན་གདུལ་བྱའི་ཞིང་དུ་གྱུར་པ། རྒྱ་གར་དང་། ཁ་ཆེ་དང་། རྒྱ་ནག་དང་། ཟླ་བའི་གླིང་དང་། ཀ་ལིང་ཁ་དང་། པྲི་ཡང་ཀུ་དང་། ཡ་ཡིན་ན་གླིང་དང་། རྩེ་ལའི་ཡུལ་དང་། ཀ་མ་ཏ་དང་། ཀོན་ཚོ་དང་། བོད་དང་། སྦས་ཡུལ་ལ་སོགས་པར་བྱོན་ནས་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ལ་ཉམས་ལེན་དང་བསླབ་སྦྱངས་ཕྱིས་བྱིན་པར་མཛད་པས་མཁས་དང་གྲུབ་པའི་གོ་འཕང་ཐོབ་པོ། །
གསུམ་པ།  མི་ཡུལ་དུ་བཞག་པའི་མཛད་རྗེས།
   དེ་ཡང་གྲུབ་ཐོབ་ཁོང་གི་བོད་ཀྱི་བཟོ་རིག་པ་དང་། ལྷག་པར་ལྷ་མོའི་སྒྱུ་རྩལ་ཐད་མཛད་རྗེས་ཆེན་པོ་ཡོད་ནའང་སྐབས་བབས་གཞན་རྗེས་སུ་འཛིན་པ་གསོ་དཔྱད་ཚེ་རིག་པའི་མཛད་རྗེས་ཐད། རྗེ་ཁོང་ཉིད་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ན་རང་ཡུལ་དཔལ་རི་བོ་ཆེ་རུ་གཞི་བདག་གི་གནོད་པ་ཚབ་ཆེན་བྱུང་ནས་མི་མང་པོ་ནད་ཡམས་ཀྱིས་ཤི་བ་ཐུགས་ཀྱིས་མ་བཟོད་པར་ནད་ཡམས་ལས་ཐར་ཆེད་ཚེ་ཆོག་གི་སྒྲུབ་རྟགས་མང་པོ་བསྟན་ནས་ནད་ཀྱི་འཇིགས་པ་ལས་བསྐྱབས། དེ་ནས་གདན་ས་ཆེན་པོ་དཔལ་ས་སྐྱའི་ཡུལ་དང་དབུས་འགྱུར་ལྷ་ལྡན་ཞིང་སོགས་སུ་ཡང་ནད་ཡམས་ཀྱི་འཇིགས་པ་བྱུང་བར་རྒྱལ་ཁམས་ཡོངས་སུ་རྗེ་གྲུབ་ཐོབ་པ་ཐང་སྟོང་རྒྱལ་པོ་ཁོ་ན་ལས་གཞན་སྨན་དཔྱད་དང་མཁས་གྲུབ་སུས་ཀྱང་ནད་ཡམས་ལས་ཐར་བ་མཛད་མ་ཐུབ་པར་གསུངས། དེའང་གྲུབ་ཐོབ་པ་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ནད་བརྒྱ་སྨན་གཅིག་ལྟ་བུའི་རིལ་བུ་དཀར་དམར་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། ཤིང་མོ་ཡོས་ཀྱི་ལོར་རྗེ་ཉིད་ལ་སྟོད་ཕྱོགས་སུ་བྱོན་མཛད་པ་དང་། མངའ་རིས་རྫོང་ཁའི་མངའ་བདག་གི་བླ་མ་ཆོས་དཔལ་བཟང་པོ་ཞེས་པ་རྗེའི་འཕྲིན་ལས་དང་མཛད་པར་ཕྲག་དོག་སྐྱེས་ཏེ་ཁོ་རང་གི་ཕྱག་རྒྱ་མ་ལ་གསེར་ཞོ་བཞི་རྔན་པ་བྱིན་ནས་བཙན་དུག་ཐུན་ཆེ་བ་ཞིག་བསྐུར་ཏེ་འདི་ཆང་ལ་བཏབ་ནས་རྟོགས་ལྡན་གསོད་ཐུབ་པ་གྱིས་ཞེས་ངན་སྐུལ་བྱས་པ་ལྟར་དུག་དེ་ཆང་ཕོར་བ་གང་ལ་བཏབ་སྟེ་རྗེ་ལ་དྲངས། རྗེ་མཁྱེན་བཞིན་དུ་གཉེན་དགྲ་གཉིས་ལ་ཉེ་རིང་གི་བསམ་པ་སྐད་ཅིག་ཙམ་ཡང་མེད་པ་དང་ཟས་དང་དུག་གཉིས་ལ་བདེ་སྡུག་ཕན་གནོད་ཀྱི་བསམ་པ་དྲི་མ་ཙམ་ཡང་མེད་པའི་ཆེས་མཐོའི་རྟོགས་པ་ཟབ་མོ་ཉམས་སུ་བླངས་ནས་དུག་ཀྱང་ཕན་པའི་ཟས་བཞིན་དུ་བསྒོམ་སྟེ་ཡོངས་སུ་བཞེས་པས་གྲུབ་ཐོབ་ཆེན་པོ་སྐུ་མདོག་སོལ་བ་ལྟ་བུ་སྙུང་ཟུག་ཤིན་ཏུ་ཆེ་བར་གྱུར་ཏེ་རེ་ཞིག་ལུས་པ་ན། ཡོན་བདག་དར་མ་སྐྱིད་དང་ཡུལ་མི་ཀུན་གྱིས་རྗེའི་མཚམས་ཁང་མདུན་ནས་མཆོད་པ་དང་ཕྱག་མང་དུ་ཕུལ་ནས་བལྟས་པས། ལ་ལས་སྤྱན་རས་གཟིགས། ལ་ལས་འོད་ཀྱི་ཕུང་པོ་མ་ཎིའི་སྒྲ་འབྱུང་བ། འགའ་ཞིག་གིས་སངས་རྒྱས་སྨན་བླའི་སྐུར་མཐོང་བ་སོགས་མཐོང་ཚུལ་མི་འདྲ་སྣ་ཚོགས་བྱུང་ཡང་། ཕལ་ཆེ་བའི་མཐོང་ཚུལ་མཐུན་པར་གྲུབ་ཐོབ་ཆེན་པོ་སྐུ་ཞི་མ་ཁྲོ་སྔར་བས་གཟི་བརྗིད་ཆེ་བའི་དྲུང་ན་དགེ་བའི་བཤེས་གཉེན་སྐུ་མདོག་སྔོ་སངས་ལྷུང་བཟེད་དང་ཤིང་གི་ཡལ་ག་ལོ་མ་ཅན་གྱི་རྩེ་ལ་ཨ་རུ་ར་ཡོད་པ་ཞིག་དང་གསུང་གླེང་མཛད་པ་མཐོང་། དུས་སྐབས་སུ་སངས་རྒྱས་སྨན་གྱི་བླའི་བདུད་རྩི་སྨན་གྱི་བྱིན་རླབས་དང་། ལྕགས་ཟམ་ལུགས་ཀྱི་རིལ་བུ་དཀར་དམར་དུ་གྲགས་པ་ནད་ཐམས་ཅད་ལ་ཕན་པའི་གདམས་པ་ཁྱད་པར་ཅན་འདི་གནང་བ་ཡིན་ནོ་ཞེས་རྗེ་རང་ཉིད་ཀྱི་གསུང་འབུམ་དུ་གསལ།
   ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་གདམས་པ་ཟབ་མོ་དེ་ནི་ཐང་སྟོང་རྒྱལ་པོ་དཔལ་རི་བོ་ཆེ་རུ་མི་རྟོག་ཏིང་འཛིན་བསྒོམ་ནས་མཚམས་མཛད་པའི་དུས་སུ་མཁའ་འགྲོ་ཡེ་ཤེས་སྡེ་ལྔས་ལུང་དུ་གནང་ཚུལ་གྱི་གཏམ་རྒྱུད་བརྗོད་ཟིན་ནས་ད་ནི་རིལ་བུ་དཀར་དམར་གཉིས་ཀྱི་སྨན་གྱི་སྤྱོར་སྡེ་དང་ལུང་གི་བརྒྱུད་པའི་སྐོར་རྗེ་རང་ཉིད་ཀྱི་གསུང་འབུམ་དུ་བཞུགས་པ་ཇི་བཞིན་བྲི་བར་བྱ་སྟེ། ན་མོ་གུ་རུ་ཌཱ་ཀི་ནི་བྷྱ༔ ཕ་རྒན་ཐང་སྟོང་རྒྱལ་པོ་ངས། །དཔལ་རི་བོ་ཆེ་ཡི་རྩེ་མོ་རུ། །མི་རྟོག་ཏིང་འཛིན་བསྒོམ་པའི་ཚེ། །མཁའ་ལ་འཇའ་དང་སྒྲ་འོད་བྱུང་། །ནམ་མཁའི་མཐོངས་སུ་བལྟས་པའི་ཚེ། །ཨོ་རྒྱན་མཁའ་འགྲོའི་ཡུལ་ནས་ནི། །མཁའ་འགྲོའི་གཙོ་མོ་ལྔ་བྱོན་ནས། །དབུས་ཀྱི་གཙོ་མོའི་ཞལ་ནས་ནི། །སྔར་ཡང་དཔའ་བོ་ཁྱོད་ཉིད་ཀྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སེམས་ཀྱི་སྡུག་བསྔལ་ཐི་བར་བྱས། །དེ་ལ་བདག་ནི་རྗེས་ཡི་རངས། །ད་ནི་ལུས་ཀྱི་ནད་རྣམས་ཀུན། །སེལ་ཕྱིར་སྨན་གཙོ་འདི་རྣམས་ཟུངས། །དབུས་ཀྱི་གཙོ་མོའི་ཕྱག་ན་ནི། །འདུ་བ་སྤྱི་སྙོམས་ཆ་དྲུག་བཟུངས། །ཤར་གྱི་གཙོ་མོའི་ཕྱག་ན་ནི། །སྲིད་བཅུད་འདས་པ་དེ་ཡི་ཕྱེད། །ལྷོ་ཡི་གཙོ་མོའི་ཕྱག་ན་ནི། །ཀུན་བྱེད་རྒྱལ་པོ་དེ་དང་མཉམ། །ནུབ་ཀྱི་གཙོ་མོའི་ཕྱག་ན་ནི། །རིན་ཆེན་སྙིང་པོ་དེའི་ཆ་ཕྱེད། །བྱང་གི་གཙོ་མོའི་ཕྱག་ན་ནི། །མེ་ཏོག་བཅུད་དང་གཉེན་པོའི་སྨན། །རྣམ་པ་ལྔ་པོ་ཚད་དང་སྦྱར། །གཞན་རྣམས་ཐམས་ཅད་ཞིབ་པར་བཏགས། །མེ་ཏོག་བཅུད་ཀྱི་ཁུ་བས་སྦྲུ། །རིལ་བུ་བྲ་བའི་རིལ་མ་ཙམ། །རིན་ཆེན་སྣོད་དམ་ཐོད་ནང་བླུག །དེ་སྟེང་ཟླ་བའི་དཀྱིལ་འཁོར་སྟེང་། །སྔར་གྱི་མཁའ་འགྲོ་སྡེ་ལྔ་པོ། །ཕྱོགས་མདོག་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་རིན་ཆེན་ཌཱ་མ་རུ། །གཡོན་པ་མི་ཡི་ཐོད་པ་བསྣམས། །རྐྱང་བསྐུམ་གར་སྟབས་ཁ་ཊཱཾ་བསྣམས། །དབུས་ཀྱི་གཙོ་མོའི་སྤྱི་གཙུག་ཏུ། །ཡི་དམ་ཐུགས་རྗེ་ཆེན་པོ་ནི། །སྐད་ཅིག་དྲན་པས་བསྒོམ་པར་བྱ། །ཐོག་མར་མ་ཎི་སྟོང་བཟླས་ལ། །ཐུགས་རྗེ་ཆེན་པོ་བདུད་རྩི་ཞུ། །མཁའ་འགྲོ་ལྔ་ལ་ཐིམ་པར་བསམ། །དེ་ནས་མཁའ་འགྲོའི་སྔགས་འདི་བཟླས། །ཨོཾ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཨོཾ་ཨཱ༷ཿཧཱུྃ། ཞེས་པ་བསྔགས་བརྒྱ་བཟླས་པ་ཡིས། །མཁའ་འགྲོ་ལྔ་ཡང་བདུད་རྩིར་ཞུ། །སྨན་རྣམས་ཀུན་ལ་ཐིམ་པར་བསམས། །འདུ་བ་གང་ལའང་མི་གནོད་ཅིང་། །རླུང་དང་མཁྲིས་པ་བད་ཀན་སོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །འདི་ཡི་མི་སེལ་གང་ཡང་མེད། །ནད་རྣམས་སོ་སོར་དབྱེ་མི་དགོས། །འདུ་བ་སྤྱི་སྙོམས་ཞེས་ཀྱང་བྱ། །མགོ་དང་རྐང་བའི་བར་དག་གི །ནད་རྣམས་ཀུན་ལ་ཐེངས་པས་ཆོག །དབུས་གཙང་སྟོད་སྨད་བར་གསུམ་གྱི། །སྨན་པ་ཀུན་ལ་འདི་ཉིད་གདམས། །སྨན་གཞན་ཐམས་ཅད་གཏེར་དུ་སྦོས། །འདི་ཉིད་གཅིག་པུས་འགྲོ་དོན་གྱིས། །འདི་ཡི་མན་ངག་སྦྱིན་པའི་ཚེ། །འབྲུ་བཅུད་བཟང་པོ་སྣོད་བཀང་ལ། །ཐོག་མར་སློབ་དཔོན་ཧབ་གང་འཐུང་། །དུག་ལ་སོགས་པའི་མན་ངག་ཀྱང་། །དུ་མ་གསུངས་ཀྱང་བརྗོད་དེ་ཐལ། །འདི་ལ་ནན་ཏན་བསྐྱེད་པ་ཡིན། །ཁ་བསྒྱུར་སྨན་ནི་འདི་ལྟ་སྟེ། །རླུང་ལ་ཨ་གར་ལི་ཤི་དང་། །མཁྲིས་པར་ཏིག་ཏ་གསེར་མེ་ཏོག །བད་ཀན་སེ་འབྲུ་སེ་ཡབ་སྟེ། །གཉན་ཚད་བོང་ང་གླ་རྩི་བསྣན། །རིམས་ལ་བོང་དཀར་འཛིན་པ་བསྣན། །དོན་ལྔ་ལ་ནི་བཟང་དྲུག་སྟེ། །སྙིང་གི་བཟང་པོ་ཛཱ་ཏི་སྟེ། །སྲོག་རྩའི་བཟང་པོ་ལི་ཤི་ཡིན། །གློ་བའི་བཟང་པོ་ཅུ་གང་ཡིན། །མཆིན་པའི་བཟང་པོ་གུར་ཀུམ་མོ། །མཚེར་བའི་བཟང་པོ་ཀ་ཀོ་ལ། །མཁལ་མའི་བཟང་པོ་སུག་སྨེལ་ལོ། །མཁྲིས་པའི་བཟང་པོ་གསེར་མེ་ཏོག །སྣོད་དྲུག་ལ་ཡང་བཟང་པོ་དྲུག །ཕོ་བའི་བཟང་པོ་སེ་འབྲུ་ཡིན། །རྒྱུ་མའི་བཟང་པོ་དུག་མོ་ཉུངས། །མཚན་མའི་བཟང་པོ་དབང་པོ་ལག །ལྒང་བའི་བཟང་པོ་རྒྱ་ཚྭ་ཡིན། །མངལ་གྱི་བཟང་པོ་བ་སྦྲུ་བ། །མངལ་དང་བསམ་སེ་གཅིག་ཏུ་འདོད། །ཆུ་སེར་སེང་ལྡེང་དངུལ་ཆུ་བསྣན། །གཉེན་པོའི་སྨན་ནི་གཞན་མེད་ཀྱང་། །རྩ་བའི་སྨན་ནི་ཀུན་ལ་བསྔགས། །དེ་སྐད་མཁའ་འགྲོའི་ཞལ་གདམས་བཅུད། །མ་བརྗེད་ལྕགས་ཟམ་སྨྱོན་པ་ངས། །ནན་དུ་བགྱིས་ནས་ཡི་གེར་བཏབ། །དགེ་འདིས་ཡུལ་དུས་གནས་སྐབས་སུ། །མར་གྱུར་འགྲོ་བ་མ་ལུས་པ། །ཀུན་ཀྱང་བྲོ་ནད་མ་མཆིས་པར། །ཕུལ་བྱུང་སྨན་གྱི་བླ་མ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཅེས་གསུངས་ཤིང་། ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས་སྨད་ཆ་ལས། འདུ་བ་སྤྱི་སྙོམས་ཞེས་ཨ་རུ་གསེར་མདོག་ཡིན་ཞིང་ཆ་དྲུག་དང་། སྲིད་པའི་བཅུད་བསྡུས་ཞེས་ཅོང་ཞི་ཡིན་ཞིང་དེ་ཡང་ཕོ་ལ་མོ་ཅོང་དང་། མོ་ལ་ཕོ་ཅོང་། གཉིས་ཀ་ལ་མ་ནིང་ཅོང་ཞི། སྤྱི་ཁྱབ་ཏུ་ཕོ་ཅོང་རྟ་སོ་བཅག་པ་ལྟ་བུ་ཆ་གསུམ། ཀུན་བྱེད་རྒྱལ་པོ་ཞེས་གཞུང་རྩ་བར་སྔོ་སྨན་ཞེས་པ་ཙམ་ལས་གསལ་བར་མ་གསུངས་ཀྱང་ཕྱག་ལེན་དུ་ཟུར་ལུགས་སྤང་རྩི་དོ་བོ་དང་། བྱང་ལུགས་ཧོང་ལེན། གཞན་འགའ་ཞིག་གིས་རེ་སྐོན་ངོས་འཛིན་སྲོལ་བཅས་ནད་གཞི་དང་བསྟུན་པའི་བཏང་ལུགས་བྱས་ཀྱང་མི་འགལ་རུང་བརྒྱུད་པ་འདིའི་ཕྱག་བཞེས་སུ་སྤང་རྩི་དོ་བོ་ལ་བཞེད་པས་ཆ་གསུམ། རིན་ཆེན་སྙིང་པོ་ཞེས་བྲག་ཞུན་ཡིན་ཞིང་ཆ་ཕྱེད་གཉིས། མ་ནུ་པུཥྐར་ཞེས་ཁམས་རུས་ཡིན་པས་ཆ་གསུམ་བཅས་བཏང་དགོས་པར་གསུངས། གྲུབ་ཐོབ་རིལ་དམར་བཞུགས་སོ། །ལོ་ཀེ་ཤྭ་ར་ལ་ན་མོ། །ཕ་རྒན་ཐང་སྟོང་རྒྱལ་པོ་འགྲོ་བའི་དོན་ལ་དགོངས་ནས་སྙུངས་པའི་ཚུལ་བསྟན་ནས་བཞུགས་པའི་ཚེ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་བྱོན་ནས་གདམས་ངག་འདི་གནང་ངོ། །༼སངས་རྒྱས་སྨན་གྱི་བླ་མས་གནང་ཡང་གསུངས།༽རབ་དཀར་བོང་ང་འདྲེ་འཇིགས་ཐུན་ཚད་རེ། །ཀུན་བྱེད་རྒྱལ་པོ་སྟག་ཤ་ཕྱེད་ཕྱེད་ཕྲི། །ཉི་མའི་བུ་ནི་དེ་དག་ཀུན་དང་མཉམ། །ཀུན་གྱི་བཅུད་འགྱུར་བདུད་རྩི་ཟླ་བའི་བུ། །གུར་ཀུམ་ཆུའམ་མེ་ཏོག་བཅུད་ཀྱི་སྦྲུ། །པདྨ་རཱ་གའི་མདངས་ལྡན་རིལ་བུ་འདི། །ཕྱི་ནང་ཕལ་ཆེར་ནད་ལ་བསྔགས་པ་སྟེ། །ཁྲག་མཁྲིས་གཉན་ཚད་ཀུན་ལ་ཤེས་༼ཤིས་ཨེ་ཡིན་སྙམ།༽པ་ཡིན། །ཁྱད་པར་ནག་པོ་གསུམ་སུམ་འགྲིལ་ནད་ལ་བསྔགས། །ཀུན་ལ་དཀོན་པས་ཨུ་དུམ་ཝ་ར་འདྲ། །མཐོང་ཐོས་སྤྱོད་པ་སྐལ་ལྡན་རེ་རེ་ཙམ། །ཅེས་པ་འདི་ཡང་ཐང་སྟོང་རྒྱལ་པོས་བཀོད། །ཅེས་གསུངས་པ་འདི་དག་ཐམས་ཅད་ཤིན་ཏུ་ཟབ་པའི་གདམས་པ་ཡིན་ཞིང་དུས་ད་ལྟའི་བར་འགྲོ་བའི་ལུས་ནད་ཚ་གྲང་གཉིས་སེལ་བའི་གཉེན་པོ་སྨན་གྱི་རྨང་རྡོ་ལྟ་བུར་གྱུར་ཡོད་པ་རེད།
   གྲུབ་ཐོབ་རིལ་དཀར་གྱི་གཞུང་ཚིགས་བཅད་མའི་ལུང་དང་བདུད་རྩིའི་བྱིན་རླབས་བཅས་ཐོབ་པའི་བརྒྱུད་པ་ནི། རྗེ་རང་གི་གསུང་འབུམ་ལས། ཡེ་ཤེས་མཁའ་འགྲོ་སྡེ་ལྔ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བསྟན་འཛིན་ཉི་མ་བཟང་པོ། ཤཱཀྱ་བཤེས་གཉེན། རྒྱལ་མཚན་དཔལ་བཟང་། བསྟན་པའི་རྒྱལ་མཚན། རབ་འབྱམས་ཆོས་རྗེ། ཨོ་རྒྱན་ཡོངས་གྲགས།  ཚེ་དབང་ནོར་བུ། ཆོས་དབྱིངས་ཡེ་ཤེས། པདྨ་འགྱུར་མེད། བསྟན་འཛིན་ནོར་བུ། ཛྙཱ་ནའི་མཚན་ཅན། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ལྕགས་ཟམ་ཆུ་བོ་རིའི་བླ་བྲང་དུ་ལེགས་པར་བསྩལ་བའོ། །རིལ་དམར་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། པདྨ་འགྱུར་མེད་ནས་སྔགས་འཆང་ཆོས་ཀྱི་རྒྱལ་མཚན། བྱ་བང་ཡེ་ཤེས་ཕུན་ཚོགས། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་མན་འདྲའོ། །ཞེས་རྗེ་ཁོང་ཉིད་ཀྱི་དད་བརྩོན་ཤེས་རབ་ཅན་གྱི་སློབ་བུ་ཤེས་རབ་དཔལ་ལྡན་གྱིས་ཞུས་པ་དང་རྗེ་ལྕགས་ཟམ་པ་སྐུ་དངོས་ཀྱིས་གསུངས་པ་ཡིན་ནོ། །གཞན་རིལ་བུ་དཀར་དམར་གཉིས་ཀྱི་བསྒོམ་སྒྲུབ་བྱ་ཐབས་སོགས་ཞིབ་པར་རྗེ་རང་ཉིད་ཀྱི་གསུང་འབུམ་དུ་བཞུགས་ཡོད་པས་དད་བརྩོན་ཅན་རྣམས་ཀྱིས་གཟིགས་པར་འཚལ།
   གཞན་ཡང་ལྕགས་པོ་རི་གསོ་རིག་འགྲོ་ཕན་གླིང་གི་ཐོག་མའི་རྨང་གཞི་ཡང་གྲུབ་ཐོབ་པ་ཐང་སྟོང་རྒྱལ་པོས་ཕྱག་བཏབ་པའི་བཙུན་མའི་དགོན་པ་ནང་རྟེན་བྱིན་ཅན་ཞིག་ཡོད་པ་དེ་ཡིན་ཞིང་། སྨན་རྒྱལ་རི་ཞེས་པའི་ཐོག་མའི་མཚན་གསོལ་མཁན་ཡང་རྗེ་ཉིད་ཡིན་པར་གྲགས། དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་བ་ཆེན་མོས༡༦༡༧-༡༦༨༢དངོས་སུ་ལྕགས་པོ་རི་གསོ་རིག་འགྲོ་ཕན་གླིང་ཞེས་པ་ཕྱག་བཏབ་པ་དང་། དེའི་རྗེས་སུ་ལོ་ངོ་བཅུ་གྲངས་ལྷག་རིང་ཉམས་ཆག་ཆེན་པོ་བྱུང་བ་དང་། རབ་བྱུང་བཅུ་གཅིག་པའི་མེ་བྱི༡༦༩༦མི་དབང་སངས་རྒྱས་རྒྱ་མཚོ་མཆོག༡༦༥༣-༡༧༠༥གིས་སླར་ཡང་ཕྱག་བཏབ་ནས་རྒྱུན་འཛིན་དར་འཕེལ་བྱས་པ་ཡིན་ནོ། །
 མཇུག་བསྡུ་བ།
   ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ། །འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས། །ལོང་སྟོང་གི་སྨྱོན་པ་དང་ཐང་སྟོང་གི་རྒྱལ་པོ་ཞེས་སུ་གྲགས་པ་མཁས་གྲུབ་གཉིས་ལྡན་གྱི་བྱ་བྲལ་རྣལ་འབྱོར་པའི་རང་ལུགས་ཁོ་ན་འཛིན་མཁན། བོད་འབངས་ཡོངས་ཀྱི་ཆོས་དང་ལོངས་སྤྱོད་དར་འཕེལ་མཛད་མཁན་པ། སྒྱུ་མ་ལྟ་བུའི་སྐྱིད་སྡུག་རེས་མོས་ཀྱི་འཁོར་བའི་མུན་ནག་གི་སྣང་གསལ་གྱི་སྒྲོན་མ། དམག་འཐབ་ཀྱི་འཁྲུག་ལོང་དང་ནད་ཡམས་ཀྱི་འཇིགས་པ་ལས་ཡོངས་སུ་བཀྲོལ་མཛད་མཁན་དེ་ཉིད་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་དང་། ཤོད་དྲུག་དང་།  རོང་དྲུག་དང་།  གཤོང་དྲུག་དང་།  ཆུ་དྲུག་དང་།  མཐིལ་དྲུག་སོགས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་པས་རྒྱ་ཆེའི་བོད་རིགས་དམངས་ཚོགས་ཀྱིས་ཐང་སྟོང་རྒྱལ་པོར་དད་གུས་ཆེ་ཞིང་། ནམ་རྒྱུན་ནད་ཡམས་འགོག་པ་དང་ཁྱིམ་ཚང་བཀྲ་ཤིས་ཤིང་མི་རྣམས་ཚེ་རིང་ཡོང་ཆེད་མི་ཚང་རེ་རེའི་ཁྱིམ་དུ་ཐང་སྟོང་གི་སྐུ་བརྙན་རེ་མ་བཞག་པ་མེད། མདོར་ན་གྲུབ་ཆེན་ཐང་སྟོང་པ་ཞུ་བ་འདི་ཉིད་ཡུལ་ཁམས་མང་པོར་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་བསྐྱངས་ཤིང་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་ཐོས་བསམ་སྒོམ་པའི་མཛད་འཕྲིན་བཟང་པོས་དབུ་སྐྱེས་དུང་ལྟར་དཀར་བའི་བར་དུ་འཚོ་ཞིང་བཞེས་པས་རང་ཅག་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། ། 
རྩོམ་ཁུངས། རིག་གནས་ཡར་སྤེལ་དྲ་བ་ལས་བཤུས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 86xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505911
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།