༢༠༢༢ལོའི་ནོ་པེར་དངོས་ལུགས་བྱ་དགའ་དང་ནང་སེམས་ཀྱི་གསང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »༢༠༢༢ལོའི་ནོ་པེར་དངོས་ལུགས་བྱ་དགའ་དང་ནང་སེམས་ཀྱི་གསང་བ།
༢༠༢༢ལོའི་ནོ་པེར་དངོས་ལུགས་བྱ་དགའ་དང་ནང་སེམས་ཀྱི་གསང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-12-05ལྟ་ཀློག (4895)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ད་ལོ་སྟེ་༢༠༢༢ལོའི་ནོ་པེར་དངོས་ལུགས་བྱ་དགའ་དང་ནང་སེམས་ཀྱི་གསང་བ།

རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།

ཀུན་གྱིས་མཁྱེན་གསལ་ལྟར་ནོ་པེར་བྱ་དགའ་ནི་མཁས་པའི་གྲུབ་འབྲས་མངོན་པར་མཚོན་པའི་འཛམ་གླིང་རང་བཞིན་ཅན་གྱི་གཟེངས་རྟགས་མཐོ་ཤོས་དེ་རེད། དེ་བས་རྒྱལ་ཕྱི་ནང་གི་མཁས་པ་ཀུན་གྱིས་གཟེངས་རྟགས་འདི་ལ་ཡིད་སྨོན་གནང་གིན་ཡོད་ལ་བྱ་དགའ་འདི་འཐོབ་ན་པཎ་ཆེན་གྱི་མཚན་གནས་འཐོབ་ན་མཁས་པ་ཡིན་མིན་དོགས་མི་དགོས་པ་དང་ཡོངས་སུ་མཚུངས། དེ་བས་ལོ་རེའི་ནོ་པེར་བྱ་དགའ་ནི་འཛམ་གླིང་གི་ལྟད་མོར་གྱུར་ཡོད་ཅིང་ལྷག་ཏུ་ད་ལོའི་ནོ་པེར་དངོས་ལུགས་བྱ་དགའ་ནི་ནང་སེམས་ཀྱི་ཚན་རིག་ལ་ཡིད་ཕྱོགས་པ་ཀུན་གྱིས་ཐུགས་སྣང་གནང་རན་ཡོད་པ་ཞིག་ཡིན། སྤྱིར་ཚད་རྡུལ་གྱི་སྐོར་ནས་གཞིའི་དངོས་པོ་ཐམས་ཅད་རྡུལ་གྱིས་གྲུབ་ཅིང་རྡུལ་དེ་དག་ཀྱང་ཕན་ཚུན་མ་འཕྲད་པར་ཡོད་པ་སོགས་བྱེ་བྲག་སྨྲའི་ལུགས་ལྟར་ཚན་རིག་པ་དག་གིས་ཀྱང་འདོད་ལ་དེའི་སྐོར་ནས་མཁན་པ་མང་པོས་ཕྱག་རྩོམ་སྤེལ་འདུག། ཡིན་ནའང་ཚད་རྡུལ་ལ་ཡུལ་ཅན་དང་འདུ་ཤེས་སམ་ལྟ་མཁན་ཞུགས་མ་ཞུགས་ཀྱིས་འགྱུར་བ་འགྲོ་བཞིན་པའི་གནས་ཚུལ་རྒྱ་ཆེར་བཤད་པ་ཆེར་མ་མཐོང་། དེ་བས་འདིར་ཅུང་ཙམ་འཆད་པར་འབད་པ་ལ།

གཅིག ནོ་པེར་བྱ་དགའི་ངོ་སྤྲོད་མདོར་བསྡུས།

མ་གཞི་ནོ་པེར་ནི་སི་ཝེས་དན་(Sverige,瑞典)རྒྱལ་ཁབ་ཀྱི་སི་ཐོག་ཁོར་མོ་(Stockholm,斯德哥尔摩)གྲོང་ཁྱེར་དུ་འཁྲུངས་པའི་རྫས་འགྱུར་མཁས་པ་ཞིག་གི་མཚན་ཡིན། ཁོང་གིས་དུས་རབས་བཅུ་བདུན་པར་ཞྭི་སའི་འགད་རྫས་(矽藻土炸药)གཙོ་བྱས་པའི་དམག་གི་སྒྲིག་ཆས་དང་མཚོན་ཆ་མང་པོ་བཟོས་པས་མིའི་རིགས་ལ་འཚེ་བ་ཆེས་ཆེར་ཐེབས། ཚེ་མཇུག་ཏུ་དེའི་འགྱོད་བཤགས་སུ་འགྲོ་བ་མི་དང་ས་ཆེན་འདིར་ཕན་པ་རླབས་ཆེན་མཛད་པའི་སྐྱེས་བུ་དག་ལ་བྱ་དགའི་བདག་རྐྱེན་སྤྲད་པའི་སྲོལ་གཏད་དེ་རང་གི་རྒྱུ་འབྱོར་ཀུན་ཀྱང་སྦྱིན་པ་བཏང་། དེ་ནས་བཟུང་བྱ་དགའི་བདག་རྐྱེན་དེའི་མིང་ལ་ནོ་པེར་ཞེས་གང་ཟག་གི་མཚན་གྱིས་བཏགས་པ་ཞིག་རེད།

དེ་ཡང་ནོ་པེར་བྱ་དགའ་ལ་གཟེངས་རྟགས་རིགས་མི་འདྲ་བ་དྲུག་ཙམ་ཡོད་ཅིང་དེ་དག་ནི་རྫས་འགྱུར་རིག་པའི་གཟེངས་རྟགས་དང་དངོས་ལུགས་རིག་པའི་གཟེངས་རྟགས། གསོ་རིག་གམ་ལུས་ཁམས་རིག་པའི་གཟེངས་རྟགས། རྩོམ་རིག་གཟེངས་རྟགས། ཞི་བདེའི་གཟེངས་རྟགས། དཔལ་འབྱོར་རིག་པའི་གཟེངས་རྟགས་བཅས་ཡིན། 

ནོ་པེར་བྱ་དགའི་དམིགས་ཡུལ་གཙོ་བོའམ་བདག་རྐྱེན་ཆེ་ཤོས་ནི་དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པའི་བྱ་དགའ་ཡིན་མོད། རང་ཅག་བོད་ཀྱི་ཡུལ་དུ་རྩོམ་རིག་བྱ་དགའ་ཁོ་ན་ལས་བྱ་དགའི་རིགས་གཞན་རྣམས་ཆེར་མི་བརྩི། ཡིན་ནའང་ནང་པའི་མི་ཞིག་ཡིན་གཤིས་ད་ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ལ་ངེས་པར་དོ་སྣང་བྱེད་དགོས་པར་མཐོང་། 

གཉིས། ད་ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ།

ད་ལོའི་དངོས་ལུགས་རིག་པའི་ནོ་པེར་བྱ་དགའ་ནི་ཚད་རྡུལ་ནུས་ཤུགས་རིག་པའི་(Quantum Mechanics,量子力学)མཁས་པ་ཆེན་པོ་གསུམ་ལ་ཐོབ་ཅིང་བྱ་དགའ་ཐོབ་པའི་རྒྱུ་མཚན་ནི་འབྲེལ་ལྡན་ཚད་རྡུལ་(photon entanglement,光子纠缠)གྱི་ཚོད་ལྟ་ལ་བརྟེན་ནས་ཚད་རྡུལ་ནི་བྷེལ་གྱི་མཚུངས་མིན་རྩིས་ཕྲེང་(Bell's inequality,贝尔不等式)གི་སྒྲིག་སྲོལ་ལྟར་མི་གནས་པ་བསྟན་པ་དང་ཚད་རྡུལ་ཆ་འཕྲིན་(Quantum information,量子信息)གསར་དུ་བཏོད་པས་ཡིན།

འོ་ན་ཅི་ཞིག་ལ་ཚད་རྡུལ་ཟེར་ཞེ་ན། དེ་ནི་དངོས་ལུགས་རིག་པའི་ཆེད་སྤྱོད་ཐ་སྙད་ཅིག་ཡིན་ལ་གོ་བདེ་བོའི་སྒོ་ནས་བཤད་ན་དོན་གྱིས་དངོས་པོའི་ཆུང་མཐའ་ཞིག་ལ་གོ་བ་ལེན་ཆོག། དེ་བས་ཚད་རྡུལ་ནུས་ཤུགས་རིག་པ་ནི་ཤིན་ཏུ་ཕྲ་བའི་དངོས་པོའི་ཆུང་མཐའ་དེ་དག་གི་རྣམ་པ་དང་འགྱུར་བ་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ཡིན་ཞིང་། རིག་པ་དེ་ལ་བརྟེན་ནས་མིའི་རིགས་ལ་ཕན་བདེ་དང་གནོད་འཚེ་ཅི་རིགས་བསྐྲུན་པའི་ཚན་རྩལ་གྱི་ལག་ཆ་མང་པོ་གསར་གཏོད་བྱེད་ཀྱིན་ཡོད་པ་དང་། འཇིག་རྟེན་འདི་ཡུལ་དང་ཡུལ་ཅན་གང་གིས་བདེན་པ་ཡིན་མིན་ཡང་རིག་པ་འདི་ལས་རྙེད་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད།  

སྐབས་འདིར་ང་ཚོས་ངེས་པ་དུ་འབྲེལ་ལྡན་ཚད་རྡུལ་(photon entanglement,光子纠缠)ཞེས་པའི་བརྡ་ཆད་འདི་ཤེས་དགོས། འོ་ན་ཅི་འདྲ་ཞིག་ལ་འབྲེལ་ལྡན་ཚད་རྡུལ་ཟེར་ཞེ་ན། དེ་ནི་དུས་རབས་ཤིག་གི་ཚན་རིག་པ་ཚང་མ་སྨྱོ་བར་བྱེད་པའི་དངོས་ལུགས་ཀྱི་བདེན་པ་ཞིག་ཡིན་ལ་དེང་རབས་ཚན་རིག་གི་ཕ་ཡབ་ཏུ་གྲགས་པའི་ཚན་རིག་པ་ཆེན་མོ་ཨེན་སི་ཋན་(爱因斯坦)ལགས་ཀྱིས་སྐུ་ཚེ་དེར་བྱུང་པའི་ནོར་འཁྲུལ་ཆེ་ཤོས་ཞིག་གི་འབྱུང་རྐྱེན་ཡང་ཡིན།

འབྲེལ་ལྡན་ཚད་རྡུལ་ཞེས་པ་ནི་གཞི་རྡུལ་ཞིག་དུམ་བུ་ཀ་པ་དང་དུམ་བུ་ཁ་པ་གཉིས་སུ་བཏང་ནས་དུམ་བུ་ཀ་པ་འཇིག་རྟེན་གྱི་ཚུ་རོལ་དང་དུམ་བུ་ཁ་པ་འཇིག་རྟེན་གྱི་ཕ་རོལ་དུ་བཞག་སྟེ་དུམ་བུ་དེ་གཉིས་གང་རུང་ལ་མིས་བལྟས་པ་ཙམ་གྱིས་དུམ་བུ་གཞན་དེ་ཡང་འགྱུར་ལྡོག་འགྲོ་བ་དང་འགྱུར་ལྡོག་དེ་ཡང་དུས་རྟག་ཏུ་མིས་བལྟས་ཡོད་པའི་དུམ་བུ་དེའི་ལྡོག་རྣམ་དུ་ཡོད་ཅིང་མིས་བལྟས་ཡོད་པའི་དུམ་བུ་དེའང་ལྟ་ཐེངས་རེར་རྣམ་པ་མི་འདྲ་པ་ཞིག་ལ་ཟེར། དེ་ཡང་དཔེར་ན། ལག་ཤུབས་ཆ་གཅིག་ལས་ཡ་གཅིག་ཁང་པའི་ནང་དང་ཡ་གཅིག་ཁང་པའི་ཕྱི་རུ་བཞག་ནས་ཁང་པའི་ནང་གི་ལག་ཤུབས་དེ་ལ་མིས་ལྟ་བའི་ཚེ་ན་ལག་པ་གཡས་པའི་ལག་ཤུབས་ཡིན་ན་ཁང་པའི་ཕྱི་ན་བཞག་པའི་ལག་ཤུབས་ཏེ་ལག་པ་གཡོན་པའི་ལག་ཤུབས་ཡིན་པ་བརྒྱ་ཆའི་བརྒྱ་ཡིན་པ་ལྟར་དང་། ལྟ་ཐེངས་རེར་རྣམ་པ་འགྱུར་འགྲོ་བ་ནི་ཁང་པའི་ནང་གི་ལག་ཤུབས་ཡ་གཅིག་དེ་མི་ཞིག་གིས་ཐེངས་མ་གཉིས་བལྟ་ན་ཐེངས་དང་པོ་ལག་པ་གཡས་པའི་ལག་ཤུབས་དང་ཐེངས་གཉིས་པར་ལག་པ་གཡོན་པའི་ལག་ཤུབས་ཏུ་འགྱུར་འགྲོ་བ་ལྟར་རེད། དེ་ལས་ཅུང་གོ་བདེ་བར་བཤད་ན། སྤྱིར་ལག་ཤུབས་ཆ་གཅིག་ལས་ཡ་གཅིག་ཁང་པའི་ནང་དང་ཡ་གཅིག་ཁང་པའི་ཕྱི་རུ་བཞག་པའི་ཚེ་ལག་ཤུབས་ཀྱི་གཡས་གཡོན་གང་ཞིག་ཁང་པའི་ཕྱི་ནང་གང་དུ་བཞག་ཡོད་མིན་འཇོག་མཁན་དེས་ཐག་ཆོད་པ་ཞིག་ཡིན་མོད། ཡིན་ནའང་ཚད་རྡུལ་གྱི་འཇིག་རྟེན་དུ་དེ་ལྟར་མ་ཡིན་པར་ལག་ཤུབས་དེ་གཉིས་ལ་ལྟ་མཁན་མེད་པའི་ཚེ་ཁང་པའི་ཕྱི་ནང་གི་ལག་ཤུབས་ཡ་གཉིས་པོ་རེ་རེ་གནས་ལག་གཡས་གཡོན་གྱི་ལག་ཤུབས་གཉི་ཀའི་གཞི་མཐུན་དུ་གནས་ཡོད་ཅིང་ལྟ་མཁན་གྱིས་བལྟས་པ་དང་ཅིག་ཤོས་ནི་གཡས་དང་ཅིག་ཤོས་ནི་གཡོན་དུ་འགྱུར་འགྲོ་བ་མ་ཟད། ཁང་པའི་ནང་གི་ལག་ཤུབས་ལ་ལྟ་ཐེངསས་རེ་རེར་ལག་པ་གཡས་གཡོན་འགྱུར་བཞིན་པ་དང་ཁང་པའི་ཕྱི་ཡི་ལག་ཤུབས་དེ་ལྟ་མཁན་མེད་ཀྱང་ཁང་པའི་ནང་གི་ལག་ཤུབས་ལ་ལྟ་མཁན་གྱིས་བལྟས་པ་ལ་བརྟེན་ནས་དུས་གཅིག་ཏུ་ཁང་པའི་ནང་གི་ལག་ཤུབས་དེ་དང་ལྡོག་པའི་རྣམ་པ་རུ་འགྱུར་འགྲོ་བ་རེད། 

སྤྱིར་བཏང་གི་དབང་དུ་བྱས་ན་དེ་ནི་ཀ་བུམ་གཉིས་ལ་གཞི་མཐུན་བཞག་པ་དང་འདྲ་བས་དཔེ་མི་སྲིད་པའི་གནས་ལུགས་ཤིག་རེད། ཡིན་ནའང་ཚད་རྡུལ་གྱི་སྟེང་དུ་དེ་དེ་བཞིན་དུ་གནས་ཤིང་ལྟ་མཁན་མེད་ཚེ་ཀ་བུམ་གཉིས་གཞི་མཐུན་ཡིན་པ་གང་ཞིག་ལ་ལྟ་མཁན་གྱིས་བལྟས་ནས་མཐོང་པ་དང་རེ་རེ་ནས་མ་བགྲོས་གཅིག་མཐུན་གྱིས་དུས་གཅིག་ཏུ་ཅིག་ནི་ཀ་བ་དང་ཅིག་ཤོས་ནི་བུམ་པར་འགྱུར་འགྲོ་བ་དང་ཀུན་ནས་མཚུངས། འོན་ཀྱང་ལྟོས་བཅས་སྨྲ་བའི་བྱེད་པོ་ཨེན་སི་ཋན་ལགས་ཀྱིས་ཚོད་ལྟའི་མཇུག་འབྲེས་དེ་ལ་ཡིད་མ་ཆེས། ཁོང་གིས་གཞི་རྡུལ་དེ་ལ་ལྟ་མཁན་ཡོད་མེད་ཀྱི་དབང་གིས་འགྱུར་བ་འགྲོ་བཞིན་པ་ནི་ང་ཚོས་ད་དུང་ཤེས་མི་ཐུབ་པའི་དངོས་ལུགས་ཀྱི་གསང་བ་ཞིག་དང་འབྲེལ་བ་ཡོད་པ་ལས་ཡུལ་ཅན་དང་འདུ་ཤེས་ཞུགས་མིན་ལ་འབྲེལ་བ་གཏན་ནས་མེད་པར་འདོད། དེ་བས་ཕྱི་ལོ་༡༩༣༥ལོར་ཨེན་སི་ཋན་དང་བྷོར་སི་ཕོ་སྦྲོལ་སི་ཀེས་།(Boris Podolsky,波尔斯·波多尔斯基)ན་ཐོན་རོ་སིན་(Nathan Rosen,纳敦·罗森)བཅས་དངོས་ལུགས་རིག་པའི་མཁས་པ་གསུམ་གྱིས་མཉམ་འབྲེལ་སྒོས་<<ཚད་རྡུལ་ནུས་ཤུགས་རིག་པས་དངོས་ལུགས་བདེན་གནས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱེད་ཐུབ་པར་ངོས་འཛིན་བྱེད་ཆོག་གམ་>>( <>)ཞེས་བའི་དཔྱད་རྩོམ་ཞིག་སྤེལ་ནས་གནས་ཚུལ་འདི་ལ་དགག་པ་བྱས། དཔྱད་རྩོམ་དེ་ལ་ཕྱིས་སུ་མཁས་པ་རྣམས་ཀྱིས་རྩོམ་པ་པོ་རྣམ་པ་གསུམ་པོའི་མཚན་གྱི་ཡི་གེ་དང་པོ་དག་བསྡུས་ནས་EPRཆིག་ལབ་ཅེས་འབོད་པ་ཡིན།

སྐབས་དེའི་དངོས་ལུགས་རིག་པ་བ་རྣམས་ཕལ་ཆེར་ཕྱོགས་གཉིས་སུ་བྱེ་ཡོད་དེ། ཕྱོགས་ཅིག་ནི་ཚད་རྡུལ་རིག་པའི་ཕ་ཡབ་ཏུ་གྲགས་པའི་ཉེར་སི་བྷོར་(Niels Henrik David Bohr,尼尔斯·波尔)གྱིས་གཙོས་པའི་ཁོ་ཕེན་ཧ་ཀེན་རིག་པ་བ་(the copenhagen school,哥本哈根学派)དག་ཡིན་ལ་ཅིག་ཤོས་ནི་ཨེན་སི་ཋན་སོགས་ཀྱིས་མཚོན་པའི་ཚན་རིག་པའི་དཔུང་སྡེ་གཞན་ཞིག་ཡིན། ཨེན་སི་ཋན་གྱིས་བྷོལ་གྱི་རྩོད་ཟླར་ནམ་ཡང་ལོན་མ་མྱོང་མོད། ཡིན་ནའང་རིམ་རྩེག་རྣམ་པ་(superposition stat,叠加状态)སྟེ་གཞི་རྡུལ་གྱི་རྣམ་པའི་རིམ་པ་མང་པོ་བརྩེགས་ནས་ཡོད་པ་དེ་ཁས་ལེན་གཏན་ནས་མ་བྱས། འོ་ན་ཅི་འདྲ་ཞིག་རིམ་རྩེག་རྣམ་པ་ཟེར་ཞེ་ན། དེ་ནི་གྲངས་ཅན་པའི་“རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ་”ཡི་དཔེ་བཞིན་ལྟ་མཁན་མེད་པའི་ཚེ་ན་གཞི་རྡུལ་གང་བུ་གཅིག་གི་སྟེང་དུ་རྣམ་པ་འདྲ་མིན་མཐའ་དག་བརྩེགས་ནས་ཡོད་པ་དང་ལྟ་མཁན་གྱིས་བལྟས་པ་དང་རྣམ་པ་གཞན་རྣམས་ཞིག་ནས་རྣམ་པ་གཅིག་ཏུ་གྱུར་འགྲོ་བ་ཞིག་ལ་ཟེར། དེ་ཡང་དཔེར་ན་ཀ་བུམ་གཉིས་མིས་མ་བལྟས་པའི་སྐབས་སུ་ཀ་བའི་རྣམ་པ་དང་བུམ་པའི་རྣམ་པ་གཉིས་ཀ་བརྩེགས་ནས་ཡོད་པ་དང་ལྟ་མཁན་གྱིས་བལྟས་པ་དང་བརྩེགས་པའི་རྣམ་པ་དེ་ཞིག་ནས་ཀ་བུམ་གཉིས་རང་རང་གི་རྣམ་པར་འགྱུར་འགྲོ་བ་དང་གཅིག་གོ། །

ལྟ་བ་དེ་ཨེན་སི་ཋན་སོགས་ཀྱི་ཐུགས་ལ་མ་བབས་པས་EPRཆིག་ལབ་སོགས་ཀྱིས་མཚོན་པའི་དཔྱད་རྩོམ་དང་ལྟ་ཚུལ་མང་དུ་སྤེལ་ཞིང་། ལྷག་པར་དུ་ཨེར་ཝེང་ཤྲི་ཊིང་རྒིར་(Erwin Schrödinger,埃尔温·薛定谔)ཟེར་བ་ཞིག་གིས་ཞི་ལ་ཞིག་ལ་དཔེ་བླངས་ནས་ཞི་ལ་དེ་མིས་མ་ལྟས་པའི་སྐབས་ཤི་གསོན་གཉིས་ཀའི་རྣམ་པར་ཡོད་པ་དང་མིས་བལྟས་པ་ཙམ་གྱིས་ཤི་གསོན་གང་ཡིན་གྱི་ངོ་བོ་གསལ་པོར་མངོན་པ་ཡིན་ནམ་ཞེས་པ་དེ་རེད། དཔེར་བརྗོད་དེ་དང་བརྒྱུད་དེ་ཤྲི་ཊིང་རྒིར་ལགས་ཀྱིས་འབྲེལ་ལྡན་ཚད་རྡུལ་ཞེས་པའི་བརྡ་ཆད་འདི་གསར་དུ་བཟོས་ཤིང་གཞི་རྡུལ་དུམ་བུ་གཉིས་པོའི་བར་ལ་ཕན་ཚུལ་རྟེན་ཅིང་འབྲེལ་བའི་རྣམ་པ་དེ་མཚོན་པའི་མིང་འདི་ཐོག་མར་བཏགས་ཤིང་དེ་ནས་བཟུང་གནས་ཚུལ་འདི་དངོས་ལུགས་རིག་པའི་གནད་དོན་ལས་རྒྱང་དུ་བསྐྲད་དེ་མཚན་ཉིད་པའི་གནད་དོན་ཞིག་ཏུ་བགྱུར། 

དེ་ལྟར་ཚན་རིག་པའི་ཁྱུ་མཆོག་ཨེན་སི་ཋན་དང་ཚད་རྡུལ་རིག་པའི་ཕ་ཡབ་ནེར་སི་པོར་གཉིས་ཀྱིས་རིག་པའི་འཐབ་མོ་མང་དུ་བགྱིས་མཐར། ནམ་ཞིག་རྗོན་སི་ཋོར་ཋི་བྷེལ་(John Stewart Bel,约翰·斯图尔特·贝尔)ཞེས་པའི་ཚན་རིག་པ་ཞིག་གིས་སླརཡང་ལྟ་མཁན་ཡོད་མེད་བར་གྱི་གཞི་རྡུལ་གྱི་འགྱུར་བའི་སྐོར་ནས་ཚོད་ལྟ་བྱེད་ཐབས་གསར་པ་ཞིག་བསྟན། དེ་ནི་གོང་ནས་བཤད་པའི་བྷེལ་གྱི་མཚུངས་མིན་རྩིས་ཕྲེང་ཞེས་པ་དེ་ཡིན། བྷེལ་གྱི་མཚུངས་མིན་རྩིས་ཕྲེང་ནི༼∣Pxz-Pzy∣≤1+Pxy༽འདི་འདྲ་ཞིག་ཡིན་ལ་དོན་གྱིས་བསྡུས་གྲྭའི་མུ་བཞིའི་རིག་པ་དང་འདྲ་བར་མུ་བརྒྱད་བགྲང་ནས་མུ་གང་ཁེལ་ལྷ་ཚུལ་ཞིག་ཡིན། དཔེར་ན་དགེ་རྒན་ཞིག་གིས་སློབ་མ་གཉིས་ལ་དུས་གཅིག་ཏུ་དྲི་བ་གཅིག་པ་གཅིག་རྐྱང་ཞིག་དྲིས་ན་དྲིས་ལན་མི་འདྲ་དུ་འབྱུང་སྲིད་པ་མུ་རུ་བགྲང་ཆོག་བ་བཞིན་གཞི་རྡུལ་དེ་གཉིས་ལ་དངོས་ལུགས་ཀྱི་སྒྲིག་སྲོལ་ཞིག་ཡོད་ན་བྷེལ་གྱི་མཚུངས་མིན་རྩིས་ཕྲེང་གི་སྤྱི་འགྲོས་ལས་བརྒལ་མི་ཐུབ་པ་ཡིན། དེ་བས་རྩིས་ཕྲེང་འདིས་སྔར་མཚན་ཉིད་པའི་གནད་དོན་དུ་བསྐྲད་པའི་འབྲེལ་ལྡན་ཚད་རྡུལ་དེ་སླར་ཡང་དངོས་ལུགས་པ་དག་གི་གནད་དོན་དུ་དྲུད་ནས་འོང་པ་ཡིན། 

འོན་ཀྱང་ཚན་རིག་པའི་སྡེ་རུ་རྩིས་ཕྲེང་འདི་ལ་དོ་སྣང་གནང་མཁན་ཆེར་མ་བྱུང་། ཡིན་ནའང་མི་ཞིག་གིས་དོན་དག་དེ་ལ་དོ་སྣང་བླ་མེད་བྱས། མི་དེ་ནི་ད་ལོར་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་པའི་རྗོན་ཨེ་ཧྥི་ཁི་ལའོ་སི་(John F. Clauser,约翰·克劳泽)ཞེས་པ་འདི་ཡིན། ཁོང་གིས་སྐབས་དེའི་འབྲེལ་ལྡན་ཚད་རྡུལ་ཚོད་ལྟ་ཡི་ལས་སུ་ཞུགས་མྱོང་པའི་ཚན་རིག་པ་མང་པོའི་མདུན་དུ་མུ་མཐུད་ནས་ཚོད་ལྟ་བྱེད་རྒྱུའི་དགོངས་འཆར་བཏོན་ཡང་སུས་ཀྱང་ཁ་ཡ་མ་བྱས། དེ་བས་ཁོང་ཁོ་ལོམ་པི་ཡའི་སློབ་ཆེན་(University of British Columbia,不列颠哥伦比亚大学)དུ་ཕེབས་ནས་དེ་ལྟར་ཞུས་པས་ཉིན་རེའི་ལས་ཀའི་དུས་ཚོད་ཕྱེད་ཀ་སྤྱད་དེ་བྷེལ་གྱི་རྩིས་ཕྲེང་ལ་ཞིབ་འཇུག་བྱེད་པའི་ཆོག་མཆན་གནང་། དེ་ནས་ཚོད་ལྟའི་ཐབས་ལམ་དང་ཚོད་ལྟའི་སྒྲིག་ཆས་གསར་བརྗེ་བྱེད་ཞོར་དུ་དུས་ཚོད་༢༠༠ལྷག་གི་རིང་ཚོད་ལྟ་ཡང་ཡང་བགྱིས་མཐར་ཕྱི་ལོ་༡༩༧༢ལོར་ད་གཟོད་བྷེལ་གྱི་རྩིས་ཕྲེང་གི་གཏན་སྲོལ་དེ་འབྲེལ་ལྡན་ཚད་རྡུལ་དང་འགལ་ཡོད་པ་བདེན་དཔུང་བྱས་ཏེ་ཡོངས་སུ་བསྒྲགས། ཡིན་ནའང་སྐབས་དེར་སྒྲིག་ཆས་ཀྱི་དབང་གིས་ཚོད་ལྟ་དེ་བརྒྱ་ཆའི་བརྒྱ་ཐག་བཅད་ཆོག་པ་ཞིག་མིན། 

དེའི་རྗེས་སུ་ཧླེ་གླིང་དུ་རང་འདུན་པར་སོང་ནས་ཉི་མ་འགྲོ་ཐབས་སུ་ཚད་རྡུལ་རིག་པར་སྦྱོང་པ་གནང་ཏེ་ཕྱིས་སུ་དངོས་ལུགས་འབུམ་རམས་པའི་སློབ་གནས་ལོན་པའི་ཧྥ་རན་སིའི་ན་གཞོན་ཞིག་དངོས་སུ་བྷེལ་གྱི་མདུན་དུ་བཅར་ནས་ཚོད་ལྟའི་སྒྲིག་ཆས་དང་ཚོད་ལྟའི་ཐབས་ལམ་ཇེ་ལེགས་སུ་བཏང་ཏེ་འབྲེལ་ལྡན་ཚད་རྡུལ་ལ་ཚོད་ལྟ་བགྱིས་པས་འབྲེལ་ལྡན་ཚད་རྡུལ་ནི་བྷེལ་གྱི་མཚུངས་མིན་རྩིང་ཕྲེང་དང་ཡོངས་སུ་འགལ་པའི་འཇུག་འབྲས་ཐོབ་པས་ཨེན་སི་ཋན་གྱི་ལྟ་བ་ནོར་འཁྲུལ་དུ་བསྒྲགས། ན་གཞོན་དེ་ནི་ད་ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་མཁན་གྱི་མི་སྣ་གཉིས་པ་ཨི་ལན་ཨ་སི་ཕད་ཋི་(Alain Aspect,阿兰·阿斯佩)ཞེས་པ་འདི་ཡིན། 

དེ་དང་དུས་མཚུངས་ཙམ་དུ་སླར་ཡང་མི་ཞིག་གིས་གཞི་རྡུལ་དུམ་བུ་གཉིས་དང་ཚོད་ལྟའི་སྒྲིག་ཆས་ཀྱི་བརྟག་ཆས་གཉིས་ཀྱི་བར་ཐག་གི་དབང་གིས་འབྲེལ་ལྡན་ཚད་རྡུལ་གྱི་ཚོད་ལྟ་ལ་ཤུགས་རྐྱེན་བྱུང་བར་དོགས་ནས་བར་ཐག་ཆེས་ཆེར་རིང་པའི་སྐར་ཁྱིམ་གཞན་པ་ལས་བྱུང་པའི་བརྡ་རྟགས་སྤྱད་དེ་འབྲེལ་ལྡན་ཚད་རྡུལ་ལ་ཚོད་ལྟ་བྱས། འོན་ཀྱང་ཚོད་ལྟའི་འཇུག་འབྲས་ནི་་སྔར་བཞིན་འབྲེལ་ལྡན་ཚད་རྡུལ་ནི་བྷེལ་གྱི་མཚུངས་མིན་རྩིས་འཕྲེང་གི་གཏན་སྲོལ་དང་ཡོངས་སུ་འགལ་བ་མ་ཟད་ལྟ་མཁན་ཡོད་མེད་དང་ཐད་ཀར་འབྲེལ་བ་ཡོད་པར་ཐག་ཆོད་ནས་ཚད་རྡུལ་ཆ་འཕྲིན་གསར་དུ་གཏད་དེ་ཨེན་སི་ཋན་གྱི་ལྟ་བ་ནོར་འཁྲུལ་ཡིན་པ་བདེན་དཔུང་བྱས། ཚོད་ལྟ་འདི་བྱེད་མཁན་གྱི་ཚན་རིག་པ་དེ་ནི་ཐེངས་འདིའི་ནོ་པེར་དངོས་ལུགས་བྱ་དགའ་ཐོབ་མཁན་གྱི་མི་སྣ་གསུམ་པ་ཨན་ཋུང་གཟེས་ལེང་རྒུར་(Anton Zeilinger,安东·蔡林格)ལགས་ཡིན།

དེ་ནས་མུ་མཐུད་དེ་གཞི་རྡུལ་དུམ་བུ་དེ་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་བཏང་སྟེ་ཚོད་ལྟ་ཡང་ཡང་བགྱིས་ཤིང་། དེ་དག་ལས་བར་ཐག་ཆེས་རིང་པའི་རྨོའོ་ཙེ་རྟགས་མའི་བཟོས་སྐར་(墨子号卫星)སྟེང་གི་ཚོད་ལྟ་དེའི་གྲུབ་འབྲས་ནི་རང་རྒྱལ་གྱི་ཚན་རིག་པ་ཚོའི་མཛད་པ་དང་འབྲལ་དུ་མེད་པ་ཡིན་པས་ཐེངས་འདིའི་ནོ་པེར་བྱ་དགའི་སྐབས་སུའང་ཆེད་དུ་དེའི་སྐོར་ནས་གསལ་བཤད་གནང་ནས་ཀྲུང་གོའི་ཚན་རིག་པ་དག་གི་མཛད་རྗེས་ལ་བསྟོད་བསྔགས་གནང་ཡོད།

གསུམ། ཕྱི་ནང་གི་མཚན་ཉིད་ལྟ་བ་དང་ཚད་རྡུལ་རིག་པ།

ཀ། ནུབ་ཕྱོགས་ཀྱི་མཚན་ཉིད་ལྟ་བ།

གོང་དུ་བཤད་པ་བཞིན་ཚད་རྡུལ་ནི་ལྟ་མཁན་ཡོད་མེད་ཀྱི་དབང་གིས་རྣམ་པ་ལ་འགྱུར་བ་འགྲོ་བའི་དངོས་པོའི་ཆུང་མཐའ་ཞིག་ཡིན། གནས་ལུགས་དེ་ལ་ཚན་རིག་པས་འབྲེལ་ལྡན་ཚད་རྡུལ་ཟེར་ཞིང་གནས་ལུགས་འདི་བདེན་པ་ཡིན་མིན་གྱིས་འཇིག་རྟེན་འདི་སེམས་གཙོ་དང་དངོས་གཙོ་གང་ཡིན་དང་ཐད་ཀར་འབྲེལ་བ་ཡོད། 

དེ་ཡང་ཕྱི་ལོ་སྔོན་གྱི་དུས་རབས་༥༠ཡས་མས་ཏེ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་འཁྲུངས་པའི་དུས་སྐབས་དེར་ཏག་ཏག་གནའ་བོའི་ཀི་རུ་སའི་ཡུལ་དུ་ནུབ་ཕྱོགས་ཀྱི་མཚན་ཉིན་རིག་པའི་སྟོན་པ་རུ་གྲགས་པའི་སྐྱེས་བུ་ཆེན་པོ་ཕུ་ལ་ཋོ་(Plato,柏拉图)ཞེས་པ་ཞིག་འཁྲུངས། ཁོང་གིས་འཇིག་རྟེན་ནི་ཡུལ་ཅན་གྱིས་བསྐྲུན་པའི་ཟློག་འཕྲོ་ཞིག་ཡིན་པར་གསུངས་ཤིང་དུས་རབས་ཅོ་བརྒྱད་པར་རྗོ་ཊི་པིར་ཁི་ལེ་(George Berkeley,乔治·贝克莱)ལགས་ཀྱིས་སེམས་གཙོ་སྨྲ་བའི་གྲུབ་མཐའ་དངོས་སུ་སྤེལ་ཅིང་ཕྱིའི་འཇིག་རྟེན་སྟོང་པ་ཡིན་པའི་ལྟ་ཚུལ་ཡོངས་སུ་དར། 

དེ་མཚངས་སུ་ཧྥེར་པ་ཧྭ་(Ludwig Andreas Feuerbach,路德维希·安德列斯·费尔巴哈)ཟེར་བའི་འཇར་མན་གྱི་མཚན་ཉིད་པ་ཞིག་གིས་མི་དང་བཅས་པའི་རང་བྱུང་ཁམས་ནི་འཇིག་རྟེན་གྱི་གཙོ་ཤུགས་ཡིན་པ་དང་ནང་བསམ་བློའི་འཆར་སྣང་ནི་ཕྱིའི་དངོས་པོའི་བསྐྱེད་པའི་ཐོན་རྫས་ཤིག་ཏུ་འདོད་པའི་ལྟ་བ་བྟན་པ་དང་སེམས་གཙོ་སྨྲ་བའི་མཁས་པ་ཧེས་རྒུལ་(Georg Wilhelm Friedrich Hegel,格奥尔格·威廉·弗里德里希·黑格尔)གྱི་ལྟ་གྲུབ་དང་ཆོས་ལུགས་ལ་དགག་པ་ཆེས་ཆེར་མཛད། དེ་མུར་ཁར་ཧེན་རི་ཆི་མར་ཁེ་སི་(Karl Heinrich Marx,卡尔·海因里希·马克思)ཡིས་ནུབ་ཕྱོགས་ཀྱི་མཚན་ཉིད་སྨྲ་བ་ཀུན་སེམས་གཙོ་སྨྲ་བ་དངོས་གཙོ་སྨྲ་བ་གཉིས་སུ་ཕྱེས་ཏེ་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་གྲུབ་མཐའ་རྒྱ་ཆེར་སྤེལ།

ཁ། ནང་པའི་མཚན་ཉིད་ལྟ་བ།

ཕྲན་གུས་པ་རང་མཐོང་སྣང་ལ་ནང་པ་སངས་རྒྱས་པས་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཞེས་གསུངས་ནས་འཇིག་རྟེན་འདི་ཡང་ན་སེམས་གཙོ་དང་ཡང་ན་དངོས་གཙོ་སྟེ་དཀར་པོ་མིན་ན་ནག་པོ་ཡིན་དགོས་པའི་གུ་དོག་པའི་བསམ་བློ་ཡོངས་སུ་དོར་ནས་འཇིག་རྟེན་གང་དུ་ཡང་རུང་པའི་གནས་ལུགས་བསྟན་པ་དང་བདེན་སྟོང་མཉམ་གནས་ཏེ་རང་བཞིན་གྱིས་སྟོང་པ་དང་རྟེན་འབྲེལ་གྱིས་བདེན་པར་སྒྲུབ་པས་དངོས་གཙོ་སེམས་གཙོ་གང་ཡང་མ་ཡིན་པའི་ལྟ་གྲུབ་ཁྱད་དུ་འཕགས་པ་ཞིག་བསྟན་པར་སྣང་། 

དེ་ཡང་“གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །”ཞེས་དང་། “རྟེན་ཅིང་འབྲེལ་བ་གང་འབྱུང་པ། །དེ་ཉིད་ཁྱོད་ཀྱིས་སྟོང་པར་བཞེད། །དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱིས་སེངྒེའི་སྒྲས། །”ཞེས་སོགས་གསུངས་པ་བཞིན་བདེན་སྟོང་འགལ་མེད་དུ་གསུངས་ལ། དེ་བཞིན་དུ་“སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་པ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །”ཞེས་དང་། “བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །”ཞེས་གསུངས་པ་བཞིན་རྟོག་བཏགས་སུ་གནས་ཤིང་ལྟོས་བཅས་ཀྱིས་གྲུབ་ཚུལ་བསྟན་པ་ཡིན།

དེ་ཡང་ཡུལ་ཡུལ་ཅན་དུ་སྣང་ཚུལ་ནི་སེམས་ཅན་ཐམས་ཅད་ལས་ཀྱི་དབང་གིས་སྣང་གཞི་གཅིག་ཡིན་ཡང་སྣང་ཚུལ་མི་འདྲ་བ་མཐའ་ཡས་པར་འབྱུང་བ་གསུངས། དེ་བས་གོང་གི་ཚད་རྡུལ་གྱི་རྣམ་པ་དེ་ཡང་ནང་པ་དག་གི་ཡུལ་དུ་ཧ་ལས་ཤིང་ཧང་སང་དགོས་པ་ཞིག་གཏན་ནས་མ་ཡིན་པར་ཆེས་སྤྱིར་བཏང་གི་དངོས་པོའི་སྣང་ཚུལ་ཞིག་ལས་མ་འདས་ཏེ། དངོས་པོ་ཕྲ་བ་ལྟ་ཅི། ཤིན་ཏུ་རགས་པའི་ཆུ་ལྟ་བུ་ལའང་དག་པའི་སྣང་ངོར་བདུད་རྩི་དང་བར་མ་ལ་ཆུ། མ་དག་པ་ལ་རྣག་ཁྲག་སོགས་སུ་སྣང་རུང་བའི་ཕྱིར།

ག། ཚད་རྡུལ་རིག་པ་བའི་དྲི་བ་དང་མཚན་ཉིད་པའི་ལན།

ཚད་རྡུལ་རིག་པའི་ལོ་རྒྱུས་ཀྱི་སྟེང་དུ་སྲུབས་གཉིས་ཚོད་ལྟ་ཞེས་པ་ཞིག་བྱུང་པ་དང་དེ་ལས་འབྲེལ་ལྡན་ཚད་རྡུལ་དུ་ཤེས་པ་སོགས་གོང་སྨྲོས་ལྟར་ཡིན་ལ། དེ་ལྟར་ན་ཡུལ་ཅན་གྱིས་ཡུལ་འཛིན་པའི་ཚེ་ད་གཟོད་ཡུལ་དེ་ཡུལ་ཅན་གྱི་གདམས་ཀའམ་འདོད་མོས་ལྟར་དུ་གནས་འགྲོ་བ་དང་ཡུལ་ཅན་གྱིས་མ་བཟུང་ན་ཡུལ་ཀུན་གང་གི་ངོ་བོར་ཡང་གནས་ཆོག་པ་རེད། ཚད་རྡུལ་སྨྲ་བ་དག་གིས་མི་བསམ་བཞིན་དུ་ལྟ་ཚུལ་འདི་དག་འཇིག་རྟེན་དུ་མི་བསྒྲགས་ཀ་མེད་བྱུང་པ་དང་དེ་བཞིན་དུ་ཁས་ལེན་མི་འདོད་བཞིན་དུ་ཡུལ་ཅན་མེད་ན་ཡུལ་མེད་དགོས་པའི་བདེན་པ་དང་དུ་མི་ལེན་རང་ལེན་དུ་གྱུར། དེ་བས་སེམས་གཙོ་སྨྲ་བ་ཀུན་མགོ་བོ་ཇེ་མཐོར་སོང་ནས་འཇིག་རྟེན་སེམས་གཙོ་ཡིན་ཚུལ་ཆེས་ཆེར་བསྒྲགས་མོད། སྐབས་དེ་ཤད་ཤིག་ཏུ་ཚན་རིག་པ་དག་གིས་མཚན་ཉིད་སྨྲ་བ་དག་ལ་དྲི་བ་ཞིག་བཏོན་པས་སླར་ཡང་སེམས་གཙོ་དངོས་གཙོ་ཀུན་སྨྲ་མེད་ལྷང་འཇགས་སུ་གྱུར། དྲི་བ་དེ་ནི་“གལ་ཏེ་ཡུལ་ཅན་གྱིས་མ་བཟུང་ཚེ་ཡུལ་མེད་དགོས་ན་གང་ཞིག་ལྟ་མཁན་མེད་པའི་མཚན་གྱི་ནགས་སུ་ཆར་བ་འབབ་མི་སྲིད་མོད། དེས་ན་མི་མེད་མཚན་མོའི་ནགས་ཀྱི་ཚལ་དུ་ཆར་བབ་པ་སུས་ཀྱང་མ་ཚོར་ཡང་ཕྱི་ཉིན་ནགས་ཀྱི་ས་གཞན་ཆར་བས་བརླན་པར་གྱུར་ཡོད་ཀྱང་སྡོང་པོའི་འོག་ཏུ་སྐམ་སང་ངེར་ཡོད་པ་ཅིའི་ཕྱིར་”ཞེས་པ་དེ་ཡིན། གོ་བདེར་བཀྲལ་ན། ཡུལ་ཅན་གྱིས་མྱོང་བ་མེད་ཚེ་ཡུལ་མེད་དགོས་ན་ཡུལ་ཅན་གྱིས་མ་མྱོང་པའི་ནགས་ཡོད་མི་སྲིད་དེ་ཁྱོད་ཡུལ་ཡིན་པའི་ཕྱིར། དེ་ཐལ་ཡུལ་ཅན་གྱིས་མ་མྱོང་ན་ཡུལ་མེད་པ་ཁྱོད་ཀྱི་ཁས་ལེན་ཡིན་པའི་ཕྱིར། དེས་ན་ཡུལ་ཅན་གྱིས་མ་མྱོང་པའི་ནགས་དང་ནགས་དེ་ལ་ཆར་བ། ཆར་བས་བརླན་པའི་ས། ཆར་བ་ས་ལ་ཟག་མི་བཅུག་པར་བཀག་པའི་སྡོང་ལོ་སོགས་ཀྱང་མི་སྲིད་པས་སྣང་ཚུལ་འདི་ཅི་ལྟར་འགྲེལ་ཞེས་པ་དེ་ཡིན། 

དྲི་བ་འདིའི་ལན་དུ་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་མང་པོས་རང་རང་གི་བསམ་ཚུལ་བཏོན་མོད། ཡིན་ལ་འཐད་པའི་ལན་ཞིག་སུས་ཀྱང་མ་ཐེབས། རེ་འགས་རང་བྱུང་ནི་མ་གཞི་ནས་ཡུལ་ཅན་ཡིན་པ་དང་རེ་འགས་ཡུལ་ཅན་མེད་པའི་ནགས་མེད་དེ་ནགས་དེ་ལ་སྲོག་ཆགས་གཞན་པ་ཡོད་པའི་ཕྱིར་ཞེས་སོགས་གང་དྲན་དྲན་སྨྲས། ཐ་ན་ཏོའོ་ལུགས་ཀྱི་གྲུབ་མིང་འཛིན་པ་ཚོས་ཀྱང་“ཆོས་ཀུན་ཏོའོ་ཡི་ནང་དུ་འདུ། །ཆོས་ཀུན་ཏོའོ་ཡི་རྗེས་སུ་འགྲོ། །”ཞེས་སོགས་འདྲེ་ཤར་ཕྱོགས་དང་ཀླུད་ནུབ་ཕྱོགས་ཀྱི་རྩེད་འཇོ་མང་པོ་བྱས། དེ་དག་ཀུན་ལས་སྐད་གྲགས་ཆེས་ཆེ་བ་ནི་ཡེ་ཤུ་ཆོས་ལུགས་ལ་དད་པའི་ཚན་རིག་པ་ཞིག་གིས་གནང་བའི་ལན་དེ་ཡིན། དེ་ནི་གང་ལགས་ཤེ་ན། “ལྟ་མཁན་མེད་པའི་མཚན་གྱི་ནགས་སུ་ཆར་བ་བབས་ཤིང་ཆར་འབབ་པ་སུས་ཀྱང་མ་ཚོར་ཡང་ཕྱི་ཉིན་ནགས་ཀྱི་ས་གཞན་ཆར་བས་བརླན་པར་གྱུར་ཡོད་ཀྱང་སྡོང་པོའི་འོག་ཏུ་སྐམ་སང་ངེར་ཡོད་པ་ནི་གཙོ་བདག་གི་སྤྱན་གྱིས་གཟིགས་ཡོད་པས་རེད་”ཅེས་པ་དེ་རེད། དེ་ནི་ཤིན་ཏུ་ནས་ཀྱང་དགོད་བྲོ་བ་ཞིག་ཡིན་དེ། དེ་ལྟར་ན་གཙོ་བདག་གི་ཡུལ་དུ་དེ་ལྟར་སྣང་ཡང་ང་ཚོའི་ཡུལ་ལ་དེ་ལྟར་དུ་སྣང་དགོས་པའི་རྒྱུ་མཚན་ཅི་ཞིག་རེད། དེ་བཞིན་དུ་ཚོད་ལྟ་བྱེད་པོས་མ་བལྟས་པའི་གཞི་རྡུལ་ལ་གཙོ་བདག་གིས་བལྟས་མེད་པ་ཨེ་རེད། དེས་ན་གཙོ་བདག་གིས་མ་གཟིགས་པའི་དངོས་པོ་ཡང་འདུག་པས་གཙོ་བདག་ཀུན་ནུས་ཡིན་པ་རང་བཞིན་གྱིས་མ་གྲུབ་པ་མིན་ནམ། 

འོ་ན་ནང་པས་དེ་ལ་ལན་ཅི་ལྟར་གདམ་དགོས་སམ་ཞེ་ན། ནང་པས་ནི་ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་ཤུན་ཏུ་འཐུག་པས་ཡུལ་ཐམས་ཅད་སྔ་མོ་ནས་ཡུལ་ཅན་རང་གིས་བཟོས་ཟིན་པ་ཡིན་དེ། རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཀྱང་རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཞེས་ཟེར་དགོས་སམ་སྙམ། དེས་ན་ནམ་ཞིག་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་བཏགས་མཁན་གྱི་རྟོག་པ་དེ་ངོས་ཟིན་ན་རྟོག་པ་དེས་བཏགས་པའི་ཆོས་དངོན་ཀུན་ཀྱང་རང་བཞིན་གྱིས་ཞིག་འགྲོ་བ་ཡིན་ལ་ཆོས་དངོས་ཐམས་ཅད་རང་བཞིན་གྱིས་ཞིག་ཀྱང་རྟོག་པས་བཏགས་ན་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་སླར་ཡང་བསྐུན་དུ་རུང་པ་ཡིན་པས་བདེན་སྟོང་གཡེར་མེད་ཟེར་བའང་དེ་འདྲ་ཞིག་ལ་གོའམ་སྙམ།

བཞི། མཇུག་བསྡུ་བ།

འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་དྲང་མོར་བཤད་ན་ཕྲན་གྱིས་མཚན་ཉིད་ཀྱི་ལྟ་གྲུབ་དང་ཚད་རྡུལ་རིག་པ་སོགས་གང་ཡང་མི་མི་ཤེས་ལ་ནང་ཆོས་ནི་ལྷག་ཏུ་རྨོངས། ཡིན་ནའང་བླ་མ་དང་དགེ་རྒན་རྣམ་པའི་བཀའ་དྲིན་གྱིས་སྔར་འདི་དག་ཀུན་གོ་ཐོས་ཙམ་ཡོད་མྱོང་། འོན་ཀྱང་སློབ་མཐར་ཕྱིན་རྗེས་འདིའི་སྐོར་ནས་ལབ་གླིང་བྱེད་མཁན་ཕལ་ཆེར་མི་འདུག་ལ་ཡོད་ཀྱང་ཕྱོགས་རེ་ཙམ་ལས་ཤོད་ཀྱིན་མི་འདུག་པས་མཁྱེན་ཡངས་དག་གིས་ཕྱོགས་ཀུན་ནས་གླེང་རོགས་ཞེས་གསོལ་བ་འདེབས་སྤྱད་ཙམ་དང་ཡང་ན་བློ་ལྡན་དག་ལ་ཕྱོགས་འདི་དག་ནས་ཐུགས་སྣང་གནང་རོགས་ཞེས་ཐུགས་གསོ་བྱེད་པ་ཙམ་ཡིན། ཕྲན་གྱིས་རྩོམ་ཐུང་འདི་ལ་ནོར་འཁྲུལ་གཡག་རོ་ལས་ཆེ་བ་ཤ་སྟག་བཟོས་ཡོད་པ་ཤེས་ལ་ནོར་འཁྲུལ་དེ་དག་མཁས་པའི་འདུན་སར་བཞད་གད་ཀྱི་རྒྱུ་རུ་འགྲོ་བ་ལས་མེད་པའང་ཤེས། དེ་བས་ཁོ་བོས་འདིའི་སྐོར་ནས་མཁྱེན་རྒྱ་ཡངས་པའི་མཁས་པ་ཚོས་བཀའ་སློབ་ལྷུག་པོར་གནང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་པ་མ་ཟད་བཀའ་བཀྱོན་དང་དགག་བཞག་ཅི་ནུས་གནང་རྒྱུར་ཡང་གནམ་ཆུར་སྒུག་པའི་བྱེའུ་བཞིན་ཡོད་དེ། མ་གཞི་ནས་ཕྲན་གྱི་དམིགས་ཡུལ་ནི་ཁྱེད་རྣམ་པས་ཁོ་བོས་གཙོས་པའི་བོད་ཀྱི་རྗེ་འབངས་ལ་འདིའི་སྐོར་ནས་གཟིགས་སྐྱོང་ནང་རྒྱུ་དེ་ཡིན་པའི་ཕྱིར།

ཅེས་ཕྱི་ལོ་༢༠༢༢ལོའི་ཟླ་༡༠པའི་ཚེས་༡༠ཉིན་གོར་མོ་གྲོང་ནས་དཔྲོག་གསར་ནད་དུག་ལ་རྒོལ་པར་བྲེལ་བཞིན་པའི་སྐབས་ཤིག་ལ་ནོ་པེར་དངོས་ལུགས་བྱ་དགའ་དང་རྒྱལ་བའི་དགོངས་དོན་གཉིས་ཕྱོགས་མཚུངས་སུ་སོང་བར་མཐོང་ནས་རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་དུ་འབོད་པ་དེས། དགེའོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570786
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།