ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (བདུན་པ) རྩོམ་འབྲི་བ། བསོད་ནམས་ནོར་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (བདུན་པ) རྩོམ་འབྲི་བ། བསོད
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (བདུན་པ) རྩོམ་འབྲི་བ། བསོད་ནམས་ནོར་བུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-12-03ལྟ་ཀློག (5680)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །དགེ་རྒན་སྐལ་བཟང་ཉི་མའི་ལོ་རྒྱུས་མདོར་བསྡུས། 

བསོད་ནམས་ནོར་བུ། (མགོ་ལོག)

གླེང་གཞི།

སྤྱིར་རིག་གནས་ཆེན་པོ་མ་དར་བའི་ཡུལ་ལུང་ཞིག་ནས་ཐོས་བསམ་གྱིས་ཕྱུག་པའི་མ་འོངས་པའི་བདག་པོ་མང་བོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། ཕྱི་ནང་གཉིས་ཀྱི་འགལ་རྐྱེན་སྣ་ཚོགས་ཤིག་རྒྱ་མཚོའི་རླབས་ལྟར་གཅིག་འཕྲོར་གཅིག་ཏུ་ཡོང་བ་སྨྲ་མ་དགོས། དགེ་རྒན་སྐལ་བཟང་ཉི་མ་མཆོག་ཀྱང་དེ་ལས་མ་འདས་པ་ཅི་ཞིག་ཡོད། 

ཁོང་ནི་བཅུ་ཕྲག་རིག་གནས་ཁོང་དུ་ཆུད་པའི་མཁས་པ་ཞིག་མིན་ལ། ཁྱིམ་ཚང་ཡང་འབྱོར་ལྡན་ཞིག་ཀྱང་མིན། ཁོང་ཆུང་དུས་ནས་རྐང་བ་ཡ་གཅིག་སྐྱོན་ཅན་དུ་གྱུར་བའི་གྲྭ་རྐྱང་ཕལ་བ་ཞིག་གམ་ལྷག་བསམ་གྱིས་ཕྱུག་པའི་འོད་ཀྱི་གོང་བུ་ཞིག་ཡིན། ད་རེབ་བདག་གི་སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོའི་ཐུགས་བཀོད་ལྟར་ད་ལོའི་མཐར་ཕྱིན་ཆེད་རྩོམ་ལ་རང་ས་གནས་ཀྱི་མི་སྣ་རླབས་ཆེན་རེའི་ལོ་རྒྱུས་འཚོལ་སྡུད་ཀྱི་ངལ་བ་དང་དུ་བླངས་ནས་རང་ཡུལ་ལ་བཀའ་དྲིན་བླ་ན་ཆེ་བའི་དགེ་རྒན་སྐལ་བཟང་ཉི་མ་མཆོག་གི་ལོ་རྒྱུས་འདི་བྲིས་པ་ཡིན།

དང་བོ།  དགེ་རྒན་སྐལ་བཟང་ཉི་མའི་ལོ་རྒྱུས་ཉུང་ཙམ།

དགེ་རྒན་སྐལ་བཟང་ཉི་མ་མཆོག་ནི་མགོ་ལོག་ཨ་སྐྱོང་ཁག་གསུམ་གྱི་ཡ་གྱལ་ཨ་སྐྱོང་འབུམ་གྱི་ཁོངས་གཏོགས་ཧོར་རྒྱུད་ཚོ་བ་ཞེས་འབོད་པའི་སྡེ་བ་འདི་ནས་སྤྱི་ལོ༡༩༧༠ལོར་ཡབ་ཚག་པའི་སྟག་ལོ་དང་ཡུམ་དུར་བཟའ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐྱེས། ཆུང་དུས་སུ་ལུག་རྫིའི་ཞོར་དུ་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་དང་མདོ་གདུགས་སྒྲོལ་གསུམ་གཙོ་བྱས་པའི་ཉེར་མཁོའི་ཞལ་འདོན་སྐོར་བློ་འཛིན་བྱས། དགུང་ལོ་བཅུ་བདུན་སྟེང་ནས་ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་དང་མཁན་ཨོ་རྒྱན་ཚེ་རིང་གཉིས་ཀྱི་མདུན་ནས་རབ་ཏུ་བྱུང་སྟེ་ཨ་སྐྱོང་རྟོགས་ལྡན་དགོན་མདོ་སྔགས་བཤད་གྲུབ་ཆོས་གླིང་དུ་ཞུགས། 

དགོན་པ་འདིའི་མིང་ལ་མགུ་ཡ་དགོན་ཟེར་མཁན་ཡང་ཡོད། དེ་ནས་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་ཨ་སྐྱོང་བླ་མ་རིན་པོ་ཆེའི་བཀའ་ལྟར་སྒྲུབ་གྲྭའི་གྲྭ་ཚང་དུ་བཞུགས། ལོ་བཞིའི་རིང་ལ་སྒྲུབ་གྲྭའི་མཆོད་དཔོན་གྱིས་འགན་བཞེས་ཤིང་དེ་ནས་ལོ་ངོ་བཅུ་ལྷག་ལ་སྒྲུབ་གྲྭའི་གྲྭ་ཚང་གི་བླ་མའི་འགན་བཞེས། སྐབས་དེར། ༧སྐྱབས་རྗེ་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ། དབོན་སྤྲུལ་རིན་པོ་ཆེ་བསྟན་པའི་དབང་ཕྱུག མཁན་ཆེན་པདྨ་བློ་གྲོས། མཁན་ཆེན་གཞན་དགའི་ཡང་སྤྲུལ་ཐོས་ལྡན་རིན་པོ་ཆེ། མཁན་ཆེན་ཨོ་རྒྱན་ཚེ་རིང་། མཆོག་སྤྲུལ་པདྨ་འགྲོ་འདུལ་སོགས་ལས་དབང་ལུང་མན་ངག་སོགས་ཀྱི་གདམས་པ་མང་དུ་མནོས་ཤིང་ཐུགས་བརྩེས་རྗེས་སུ་བཟུང་སྟེ་རྒྱུད་སྨིན་པར་བྱས། ལྷག་པར་དུ་ཨ་སྐྱོང་བླ་མ་རྟོགས་ལྡན་རིན་པོ་ཆེས་དམིགས་བསལ་གྱིས་ལྟ་སྐྱོང་དང་ཐུགས་བརྩེ་མང་བོ་ཐོབ་མྱོང་སྟེ། 

དཔེར་ན། ཁོང་ཚང་དགོན་པའི་ནང་ན་བཞུགས་སྐབས་ཀྱི་ལོ་ཞིག་ལ་སྐུ་སྙུང་ནས་ཡོད་དུས་བླ་མས་སྨན་ཁང་དུ་སྨན་པར་སྟོན་ཏུ་མངགས་ཏེ་སྨན་ཡོན་དང་འགྲོ་གྲོན་ཚང་མ་བླ་མ་རིན་པོ་ཆེས་ཕྱག་དངུལ་གནང་བ་སོགས་མ་ཡིས་བུ་ལ་བརྩེ་བ་ལྟར་བྱས་མྱོང་ཟེར། ད་དུང་ལྟོ་གོས་ཆོས་གསུམ་པོ་ཁོང་གིས་མ་གནང་བ་ཞིག་མེད་ཅེས་གསུངས་པ་དང་། བླ་མ་རིན་པོ་ཆེས་དུས་རྒྱུན་ཁོང་ལ་ཁྱོད་ཀྱི་བདག་པོ་ཁོང་ཡིན། ཁྱོད་དགོན་པ་འདི་ལས་གཞན་གང་དུའང་འགྲོ་མི་དགོས་ཞེས་ཞལ་ཏ་མང་བོ་གནང་མྱོང་ཟེར་བཞིན་ཕྱག་ཟུང་སྙིང་ཁར་སྦྱར་ནས་སྤྱན་ཆབ་འཐོར་གྱིན་སྐད་ཆ་བཤད་མི་ཐུབ་པའི་གནས་སུ་སླེབས། 

སྐབས་འདིར་ཡང་ཡང་གླེང་བཞིན་པའི་བླ་མ་རིན་པོ་ཆེའམ་ཡོངས་གྲགས་ལ་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་ཞེས་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་ཁོང་གི་རྣམ་ཐར་དང་སློབ་མ་དག་ལས། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ན་ཡང་། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། ། སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བསྟེན། ཞེས་གསུངས། ཉིན་ཞིག་ལ་བླ་མའི་ཞལ་ནས་ཁྱོད་ཀྱིས་མནྡ་སོགས་བྱིས་པ་ཁ་ཤས་ཤིག་ལ་ཡི་གེའི་ཀློག་འདོན་ཁྲིད་ཅིག་ཅེས་ཐུགས་བསམ་རྒྱང་ལ་གཟིགས་པའི་བཀའ་ལུང་གནང་། བླ་མ་ཞལ་བཞུགས་སྐབས་བྱིས་པ་དྲུག་བདུན་ཞིག་ཨ་ཁུ་སྐལ་བཟང་ཉི་མ་ཚང་གི་གྲྭ་ཤག་ཏུ་ཀློག་བསླབ་ཏུ་བཅུག དེ་ནི་ད་ལྟའི་སློབ་གྲྭ་འདི་དབུ་ཚུགས་པའམ་རྨང་བཏིང་བ་ཡིན།

གཉིས་པ།  སློབ་གླིང་གསར་འཛུགས་ཀྱི་སྐོར།

སྤྱིར་ད་ལྟའི་སྤྱི་ཚོགས་འདི་ལྟ་བུ་ཞིག་ལ་ཆ་མཚོན་ན་མི་གཅིག་གིས་ནུས་པ་ལ་བརྟེན་ནས་སྒེར་གྱིས་སློབ་གྲྭ་ཞིག་གསར་འཛུགས་གནང་རྒྱུ་ནི་ལས་སླ་མོ་ཞིག་མིན་ཡང་། ཡུན་རིང་བོའི་བར་དུ་སློབ་གྲྭ་ཞིག་རྒྱུན་སྐྱོང་ནས་གནས་རྒྱུ་ནི་དེ་ལས་ཀྱང་སྒྲུབ་དཀའ་བའི་དོན་དག་ཉག་ཅིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། མི་ཞིག་གིས་སྒེར་གྱི་སློབ་གྲྭ་ཞིག་སྒྲུབ་བཞིན་ཡོད་དུས། དེའི་མཐའ་འཁོར་གྱི་མི་ཐམས་ཅད་ཀྱིས་ལྟ་བའི་ངོས་ནས་མི་དེ་ནི་ཡོན་ཏན་ཅན་ཞིག་དང་། 

ཡང་ན་འབྱོར་ལྡན་གྱི་མི་སྣ་ཞིག་ཏུ་ངོས་འཛིན་གྱིན་ཡོད་མོད། འོན་ཀྱང་། ཁོང་ནི་དེ་ལྟ་བུའི་ཤེས་ཡོན་པ་དང་འབྱོར་ལྡན་གྱི་མི་སྣ་ཞིག་གཏན་ནས་མིན། འོ་ན་ཁོང་གིས་དེ་ལྟ་བུའི་ལས་ཀ་ཞིག་ཇི་ལྟར་འགྲུབ་པ་རེད་ཅེ་ན། དགེ་རྒན་སྐལ་བཟང་ཉི་མ་མཆོག་གིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་དང་རིག་གནས་ཀྱི་ཉམས་ཉེས་ལ་དམིགས་ཏེ། འདུན་པ་ལྷོད་མེད་ཀྱིས་རྒྱུན་འཁྱོངས་བྱས་སྟབས་ཡི་གེ་སློབ་མཁན་གྱི་སློབ་མ་ཇེ་མང་དུ་གྱུར་ཏེ་ཕལ་ཆེར་སློབ་མ་ཉི་ཤུ་ལྷག་ལ་བུད་པས་ཁོང་གིས་སློབ་མ་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་དང་། ཡར་མར་འགྲོ་འདུག་གི་སྐབས་སུ་ལམ་གྱི་བདེ་འཇགས་དང་དུས་རྒྱུན་གྱི་འཚོ་བ་སྟབས་བདེར་བཟོ་ཆེད་སློབ་ཁང་འགའ་ལས་ནས་སློབ་གྲྭ་ཞིག་འཛུགས་རྒྱུར་ཐུགས་བསམ་བཏང་། 

སྤྱིར་དགེ་རྒན་སྐལ་བཟང་ཉི་མ་ནི་མིང་སྲིང་ཚོའི་ཁྲོད་ནས་ཕ་ཤུལ་བུ་ཡིས་འཛིན་མཁན་གཅིག་བུ་ཡིན་མོད། འོན་ཀྱང་། ཁོང་གིས་ཁྱིམ་ཚང་དང་གཉེན་ཉེ་ཕལ་བ་བྱས་ཏེ་ལྷག་བསམ་རྣམ་དག་གིས་མི་རིགས་སློབ་གསོའི་ལས་དོན་དང་ས་གནས་འདིའི་དར་རྒུད། དགོན་པ་དང་བླ་མའི་བཀའ་དྲིན་ལ་ཐུགས་བསམ་ཅི་མང་བཏང་སྟེ། སངས་རྒྱས་ཀྱི་བསྟན་པ་དར་སྤེལ་དང་སེམས་ཅན་གྱི་འགྲོ་དོན་ལ་ཕན་འདོགས་མཁན་གྱི་གྲྭ་བ་རེ་གསོ་སྐྱོང་བྱ་ཐུབ་ན་སྙམ་ནས་ཐོག་མར་ཨ་སྐྱོང་རྟོགས་ལྡན་དགོན་མདོ་སྔགས་བཤད་སྒྲུབ་ཆོས་གླིང་དུ་སྔར་མེད་ཀྱི་སློབ་གླིང་ཞིག་གསར་དུ་འཛུགས་འདོད་ཀྱི་བསམ་པས་ཀུན་ནས་བསླངས། 

དེ་ཡང་ཤེས་རབ་སྡོང་བུ་ལས། དམ་པ་རྣམས་ཀྱིས་ཁས་འཆེས་མི་བྱ་ཞིང་། ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་བཞིན་ཁོང་གིས་སྤྱི་ལོ་༢༠༠༣ལོར་ཁྱིམ་ཚང་གིས་སེན་མགོ་ཁྲག་དང་སེན་རྩ་རྣག་བྱས་ནས་བསགས་པའི་དམངས་སྒོར་ལྔ་སྟོང་ཙམ་ཡོད་པ་དེ་དང་། སྐབས་དེར། གོང་རིམ་ནས་ཁྱིམ་ཚང་སོ་སོར་སྦྱིན་པའི་རྣམ་གྲངས་ཀྱི་རྩྭ་ར་ཞིག་ཡོད་པ་དེ་བཙོང་ནས་དེའི་རིན་པ་དང་བཅས་ཁྱོན་སྒོར་ཁྲི་ལ་ཉེ་བ་ཞིག་ཡོད་པ་ཁྱེར་ཏེ་ཁོང་དང་ཁོང་གི་རོགས་པ་ཞིག་དངོས་སུ་ཟི་ལིང་དུ་སློབ་ཁང་ལས་བྱེད་ཀྱི་རྒྱུ་ཆ་ཤིང་སོགས་ཉོ་རུ་ལམ་ལ་ཕྱིན། སྐབས་དེར། ཁོང་ཚང་ལ་མཚོན་ན་དཀའ་ཁག་མང་བོར་འཕྲད་ཡོད་དེ། 

གཅིག ལམ་དང་འགྲིམ་འགྲུལ་སྟབས་བདེ་མིན་པའི་དཀའ་ཁག་དང་། གཉིས། སྐད་བརྡ་མི་འཕྲོད་པའི་དཀའ་ཁག གསུམ། རྐང་བ་ཡ་གཅིག་སྐྱོན་ཅན་ཡིན་རྐྱེན་འགྲོ་འདུག་སྟབས་བདེ་མིན་པའི་དཀའ་ཁག་སོགས་མང་བོ་བརྒྱུད་ནས་སློབ་ཁང་ལས་བྱེད་ཀྱི་ཤིང་ཆ་སོགས་ཉོས་ནས་ཟླ་ཕྱེད་ཙམ་གྱིས་ཕྱིར་ཕ་ཡུལ་དུ་ཕེབས། དེ་ནས་ཁོང་དངོས་སུ་བྱོན་ཏེ་དགོན་པ་ནས་སྤྱི་ལེ་གཅིག་ཙམ་ཡོད་པའི་གནས་ཤིག་སྟེ་ཁོད་ཡངས་ལ་ཁམས་གཙང་ས་ཞིག་ཏུ་སློབ་གྲྭ་གསར་འཛུགས་བྱ་རྒྱུར་སེམས་ཐག་བཅད། སློབ་མ་ཆེ་གྲས་ཚོ་ལ་ཉི་མ་རེ་རེར་དུས་ཚོད་བཀོད་སྒྲིག་བྱས་ཏེ་སྔོན་ཉོས་ཡོང་བའི་གདོང་མ་ཐམས་ཅད་ཟླ་ཕྱེད་ཙམ་གྱི་རིང་ལ་རེ་རེ་བཞིན་རྒྱབ་ཏུ་ཁུར་ནས་ཁང་བ་ལས་སར་བསྐྱལ་དུ་བཅུག 

སྤྱི་ལོ་༢༠༠༤ལོར་དངོས་སུ་སློབ་མ་ཁ་ཤས་དང་དགེ་རྒན་ཁོང་གིས་གཙོས་ཁང་ལས་པ་འགའ་དང་མཉམ་དུ་གྱང་བརྡུངས་ནས་ཁང་བ་ལས་རྒྱུ་ལག་བསྟར་བྱས། ཁོ་ཚོས་ཉི་མ་རེར་དཀའ་ལས་སྣ་ཚོགས་བརྒྱབས་ནས་སློབ་ཁང་གཅིག་དང་སློབ་མའི་མལ་ཁང་། དགེ་རྒན་གྱི་གཟིམ་ཁང་སོགས་ཁང་མིག་ལྔ་དྲུག་ཙམ་ལས་རྗེས་གཞི་ནས་གནས་འདིར་ཀུན་ཕན་བཻ་རོའི་གླིང་། ཞེས་པའི་སློབ་གླིང་གསར་བ་འདི་ས་ཆེན་གྱི་པང་དུ་འཁྲུངས། 

འོན་ཀྱང་། དེ་ནི་སྐྱ་རེངས་བཀྱགས་པ་ཙམ་ལས་ཡོད་ཚད་གྲུབ་ཟིན་པ་ག་ལ་ཡིན་ཏེ། ཡུན་རིང་མ་འགོར་བར་སྔར་ལས་པའི་ཁང་བ་དེ་དག་གི་རྒྱུ་ཆ་ཞན་པ་དང་ལས་མཁན་ལ་ཉམས་མྱོང་མེད་པ། འབྱུང་བཞིའི་གནོད་པ་སོགས་ཀྱིས་གྱང་བརྡུངས་ནས་ལས་པའི་ཁང་བ་མང་བོར་གནོད་པ་ཐེབས་ཏེ་ཐིགས་ཆུ་ཟགས་པ། སེར་ཁ་གས་པ་སོགས་དཀའ་ཁག་མང་བོ་ཞིག་དང་འཕྲད། 

སྐབས་དེར། ཁོང་གིས་འབྲོག་ས་རུ་གསར་དུ་ཐོན་པའི་གོང་རིམ་གྱི་རྣམ་གྲངས་ཁྲོད་དུ་དྲོད་ཁང་ལས་བྱེད་ཀྱི་སྟོང་ཕག་མང་བོ་ཞིག་ཡོད་པ་དེ་ཁོང་གིས་རྩྭ་ས་བཙོང་བའི་རིན་གྱིས་ཉོས་ཏེ། དཔྱིད་མགོར་སློབ་ཁང་སོགས་གསར་དུ་ལས་རྒྱུར་སྟ་གོན་བྱས། དེ་དུས་ཁྱིམ་བདག་འོད་སྲུང་ཟེར་བ་ཞིག་གིས་ཀྱང་ཁང་བ་ལས་བྱེད་དུ་སྟོང་ཕག་མང་བོས་སྦྱིན་བདག་བྱས་མྱོང་ཟེར། སྐབས་དེར། ད་རུང་འགྲིམ་འགྲུལ་གྱི་ལམ་དེ་འདྲ་སྟབས་བདེ་མིན་པར་མ་ཟད་དགེ་རྒན་སྐལ་བཟང་ཉི་མ་ལགས་ལ་མཚོན་ནའང་ཁོང་ཚང་གི་འགྲོ་འདུག་ནི་ང་ཚོ་བཞིན་རང་དབང་དུ་ཡོད་པ་ཞིག་མ་ཡིན་ཡང་། ཁོང་གིས་སྙིང་སྟོབས་ཆེན་པོས་སྒོ་ནས་རླངས་འཁོར་གྱི་ཁ་ལོ་བ་ཞིག་ལ་གླ་ཆ་མཐོ་པོར་བྱིན་ནས་གཅིག་པུ་སྤྱི་ལེ་དགུ་བཅུ་ལྷག་ཡོད་སའི་དབྱིག་གཞུང་ཡུལ་ཚོ་རུ་རྡོ་དང་སྟོང་ཕག་འདྲུད་དུ་སོང་།

ཕྱིར་ཡོང་སྐབས་ཁ་ལོ་བ་དང་ཁོང་གཉིས་མ་གཏོགས་མེད། དེར་མ་ཟད་ས་ཡང་རུབ་ཡོད། ལམ་བར་ནས་དར་བརྡིབས་ཏེ་རླངས་འཁོར་དར་ནང་དུ་ལྷུང་བས་འོལ་བརྒྱལ་མང་བོ་མྱོང་དགོས་བྱུང་ལ། མཚན་གང་བོར་དར་བརྐོས་པས་ནམ་གསལ་མ་ཁར་ད་གཟོད་རླངས་འཁོར་དར་ནས་ལོན་བྱུང་ཟེར། དེ་དང་འདྲ་བར་སློབ་གྲྭ་གསར་འཛུགས་བྱེད་སྐབས་སློབ་གླིང་གི་དོན་དུ་དཀའ་སྡུག་གི་རྔུལ་ཆུ་བཏོན་པ་ཉུང་ཉུང་ག་ལ་ཡིན། 

ལོ་ཟླ་ནི་རྟ་ཕོའི་བང་ལྟར་མགྱོགས་པས་མིག་རྡེབ་དབང་ཙམ་གྱིས་མི་ལོ་བཅོ་བརྒྱད་ཙམ་འགོར་ཟིན་ལ། མི་ལོ་བཅོ་བརྒྱད་ཀྱི་རིང་དུ་སློབ་གླིང་སྤྱིའི་འགྲོ་གྲོན་ལ་སྒོར་ཁྲི་བརྒྱ་ལྷག་བཏང་འདུག་ལ་ཁོང་གིས་སྒེར་ངོས་ནས་ད་ལྟའི་བར་དུ་དམངས་སྒོར་ཁྲི་བདུན་བཅུ་ལྷག་བཏང་འདུག ད་ལྟ་ཉལ་ཁང་ལྔ་དང་། སློབ་ཁང་ལྔ། ཀུན་དགའ་ར་བ་གཅིག མཛོད་ཁང་དང་ཇ་ཁང་སོགས་ཁང་མིག་ཉེར་དགུ་བཅས་ཁྱོན་ཁང་བ་བཞི་བཅུ་ལྷག་ཡོད། ཁྲུས་རྫིང་དང་སྐྱེད་ཚལ་ར་བ་ཞིག་ཀྱང་འདུག དེ་ལྟར་དགེ་རྒན་སྐལ་བཟང་ཉི་མ་མཆོག་དང་རྒན་ཀུན་བཟང་ཉི་མ་གཉིས་ཀྱིས་ལོ་ངོ་འདི་དག་གི་རིང་ལ་སློབ་མ་རེ་རེར་མཚན་མོ་སེམས་ཀྱིས་འཚོས་ཤིང་ཉིན་དཀར་མིག་གིས་འཚོས་ནས་ཡོང་སྟེ་ད་ལྟའི་བར་དུ་གྲྭ་བཙུན་སུམ་བརྒྱ་ལྷག་ལ་ཐོག་མར་ཡི་གེ་ཀློག་སློབ་པ་ནས་ཆོ་ག་ཆོས་སྤྱོད་སོགས་མ་ལུས་པ་ཁྲིད་ནས་ཡོང་། སྤྱིར་སློབ་མ་ཞིག་ལ་ཀློག་དང་ཆོ་ག་ཆོས་སྤྱོད་སོགས་ཁྲིད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། སློབ་མ་ཚོར་ཀློག་དང་གསོལ་ཁ་སོགས་ཁྲིད་སྐབས་དུས་ལྟར་ཡག་པོ་འདོན་རོགས་མི་བྱེད་མཁན་དང་མི་ཤེས་མཁན་ཅུང་ཙམ་མང་བས་ཉིན་གང་བོར་རེ་རེར་བཞིན་ཡང་ཡང་ཁྲིད་དགོས་བྱུང་ལ། སྐབས་དེར་སྔ་མོའི་ནངས་ཇ་མ་གཏོགས་ཉིན་གཅིག་ལ་ཇ་ཁམ་གང་ཡང་བཞེས་ཁོམ་མེད་པའི་དུས་ནི་ཐེངས་གཅིག་དང་གཉིས་ཙམ་མ་ཡིན་ནོ། ། 

ཁོང་ནི་སློབ་མ་ཚོའི་དགེ་རྒན་ཙམ་མ་ཡིན་པར་ཇ་མ་དང་ཁྱིམ་བདག་གི་འགན་ཡང་གཅིག་ལྕོག་ཏུ་ཁུར་ཡོད་དེ། སྔ་མོར་སློབ་མ་ཚོར་ཡར་མ་ལངས་སྔོན་ཁོང་བཞེངས་ནས་ནངས་ཇ་སྐོལ་བ་དང་། ཉིན་གུང་དྲོས་ཇ་སྐོལ་བ་སོགས་ཉི་མ་རེ་རེ་བཞིན་ཞབས་ཞུ་སྒྲུབ་ཀྱིན་ཡོད། ད་དུང་ཆེས་རླབས་ཆེ་བ་ནི་ཁོང་གིས་ད་ལྟའི་བར་དུ་སློབ་མ་ཚོའི་ལག་ནས་སློབ་ཡོན་སྐར་གང་ཡང་བསྡུ་མྱོང་མེད་ལ། དེ་ལས་ལྡོག་སྟེ་གྲྭ་ཕྲུག་ཚོར་ངལ་གསོའི་སྐབས་སུ་ཕྱོགས་ཡར་མར་གྱི་ཁྱིམ་ཚང་ལ་གྲོང་ཆོག་ཏུ་སོང་བ་དང་། དགོན་པའི་སྒྲུབ་མཆོད་སོགས་ཀྱི་སྐབས་སུ་ཡོན་བདག་གིས་ཕུལ་བའི་འབུལ་བ་སོགས་ལ་བདག་པོ་བྱས་ཏེ་དབྱར་གནས་སོགས་གྲོལ་རྗེས་ཤིང་སློང་ལ་འགྲོ་སྐབས་རང་རང་གི་ལག་ཏུ་འཇོག་གིན་ཡོད་ཟེར། 

ད་ལྟའི་བར་དུ་ཁོང་གིས་གྲྭ་བ་སུམ་བརྒྱ་ལྷག་གསོ་སྐྱོང་བྱས་འདུག་ལ་དེ་དག་ལས་མཁན་བཀྲ་ཤིས་རྡོ་རྗེ་ལགས་གཙོ་བྱས་པའི་ཤེས་ཡོན་པའི་སྡེ་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོག་དང་ཐོག་བཞིན་པའི་སློབ་མ་བཟང་བོ་ལྔ་བཅུ་ལྷག་བྱུང་ཡོད་ཟེར། ད་ལྟ་ཁོང་གིས་སློབ་གླིང་དེར་རིག་གནས་ཀྱི་དགེ་རྒན་གཙང་ཤུལ་དབང་དྲག་ནོར་བུ་དང་། གླིང་ཚང་ཟླ་བ་ཚེ་རིང་སོགས་གདན་འདྲེན་ཞུས་ཡོད། ད་སྐབས་སློབ་གླིང་གི་འཁྲིད་བྱ་གཙོ་བོ་ནི་ཀློག་བསླབས་རྗེས། ཆོ་ག་འདོན་ཆ། སུམ་རྟགས་དག་གསུམ། སྙན་ངག ལོ་རྒྱུས། བསྡུས་གྲྭ། ཀུན་བཟང་བླ་མའི་ཞལ་ལུང་སོགས་བློ་འཛིན་བྱེད་པ་དང་། གྲྭ་བ་ཞིག་གིས་ངེས་པར་དུ་ཤེས་དགོས་པའི་བཅའ་འབུད་རྡུང་གསུམ། འདོན་ཕྱག་ལེན། འབུམ་ལྔའི་བསགས་སྦྱོང་སོགས་རྒྱུད་པ་ཆུད་མི་ཟ་བར་བྱས་ཏེ་བློ་རིག་སྨིན་རྗེས་གནས་འདིའི་བཤད་གྲྭ་ལྔ་རིག་ཐོས་བསམ་གླིང་གི་གཙོས་དགོན་སྡེ་ཆེ་ཁག་དག་ནས་ཐོས་བསམ་རྣལ་མར་བྱེད་བཞིན་ཡོད། 

ལོ་ངོ་བཅོ་བརྒྱད་འདིའི་རིང་ལ་སློབ་གླིང་འདིར་འཕེལ་འགྲིབ་སྣ་ཚོགས་ཤིག་བྱུང་འདུག་ལ་ཁོང་གི་ལྷག་བསམ་དང་དམིགས་རྒྱང་ལ་ཐམས་ཅད་ཡིད་འགུལ་ཐེབས་ཡོད། དགོན་སྡེ་དང་གྲོང་སྡེ་སྤྱིས་རྒྱབ་སྐྱོར་འོག་འཕེལ་རྒྱས་ཆེན་པོ་བྱུང་མྱོང་ཡོད་ལ། ཡང་ཆབ་སྲིད་ཀྱི་འགྱུར་ལྡོག་འོག་རྨང་མེད་གཏོང་དགོས་པའི་བཀའ་བཙན་ཐོག་འདྲ་བ་ཐེངས་མང་བོར་བབས་མྱོང་འདུག ཡིན་ནའང་ཁོང་གི་ཐུགས་སྟོབས་ནི་ས་ཆེན་པོ་བཞིན་དུ་བསྙེལ་བ་མི་འདུག་ལ། གནམ་འདེགས་ཀྱི་ཀ་བ་བཞིན་དུ་འགྱེལ་བ་མི་འདུག ཁོང་གིས་ཞལ་ནས་ང་རང་མ་ཤི་བར་དུ་ངའི་བསམ་བློ་དང་སེམས་ཤུགས་ཉམས་མི་སྲིད་ལ། གནས་འདིའི་དབྱངས་གསལ་གྱི་ང་རོ་དང་ལམ་སྟོན་གྱི་སྒྲོན་མེ་དག་གཟིམས་མི་སྲིད་ཅེས་གསུངས་ལ། མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད། །ཅེས་གསུངས་པ་བཞིན། ད་ལྟ་སློབ་གླིང་འདིའི་གཟི་བྱིན་སྔར་བཞིན་འབར་གྱིན་འདུག 

འདི་ནི་དགེ་རྒན་རྣམ་དག་ཅིག་གི་ཀུན་སྤྱོད་གཙང་མ་ཞིག་དང་། ལྷག་བསམ་རྣལ་མ་ཞིག་གིས་དགོན་སྡེ་ཞིག་ལ་ཤ་ཚ་ཚུལ་ཞིག་གམ་གྲྭ་རྐྱང་ཕལ་བ་ཞིག་གིས་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཅི་ལ་མིན། 

གསུམ་པ།  ཁོང་གིས་སློབ་མ་ཚོར་བཏོན་པའི་རེ་བའི་སྐོར།

ད་ལྟ་ཁོང་གིས་སློབ་མ་ཚོ་རེ་སྐུལ་དང་ཤ་ཚའི་སློབ་གསོ་ཅི་ཞིག་གནང་གིན་འདུག་ཅེ་ན། འདི་ནས་མཐར་ཕྱིན་རྗེས་བཤད་སྒྲུབ་གཉིས་ལ་ཞུགས་ཏེ་བསྟན་པ་དང་སེམས་ཅན་ལ་ཕན་གང་ཐོགས་བྱ་རྒྱུ་དང་། རབ་ཡིན་ན་དབེན་པའི་རི་ཁྲོད་འགྲིམ་སྟེ་ཚེ་དང་སྒྲུབ་པ་མཉམ་ལེན་ཐུབ་པ་ཞིག་དང་དེ་མིན་ནའང་གཞན་གནོད་གཞི་དང་བཅས་པ་སྤངས་རྒྱུ་དེ་ནི་གྲྭ་བ་ཞིག་ཡིན་པའི་ངོས་ནས་མ་མཐའི་ཆ་རྐྱེན་ཡིན། གནས་བབ་ཅི་འདྲ་ཞིག་གི་འོག་ཏུ་དེ་ལྟ་བུའི་འགན་འཁྲི་དེ་ནམ་ཡང་བརྗེད་མི་ཉན་ཞེས་སློབ་གསོ་དང་རེ་སྐུལ་བྱེད་ཀྱིན་ཡོད་ཅེས་གསུངས། 

ད་དུང་ཁྱེད་ཚོར་ནམ་རྒྱུན་ཁོམ་པ་རེ་ཡོད་སྐབས་སོས་དལ་དང་བག་ཡངས་བྱས་ནས་མི་འདུག་པར་སྦྱིན་བདག་རྣམས་ཀྱི་རེ་བ་ལྟར་ཤི་གསོན་གང་ཡིན་ཡང་ཕན་ཅི་ཐོགས་ཀྱིས་གྲོང་ཆོག་རེ་འགྲོ་དགོས་པར་སེམས་ཏེ། མི་ཞིག་ལ་མཚོན་ན་ཆེས་དཀའ་ཁག་ཆེ་བའི་དུས་ནི་ན་བ་དང་འཆི་བ་གཉིས་ཀྱི་དུས་ཡིན་ལ། དེའི་དུས་སུ་ཁོང་ཚོར་ཆེས་མཁོ་བ་ནི་གསོན་པོ་ལ་སྐུ་རིམ་དང་གཤིན་པོ་ལ་བསྔོ་སྨོན་གནང་མཁན་ཡིན་པས་ང་ཚོས་ནུས་པ་ཅི་ཡོད་ཀྱིས་བྱམས་དང་སྙིང་རྗེ་ཡི་སྒོ་ནས་ཕན་གང་ཐོགས་རེ་བྱ་རྒྱུ་ལས་རང་ཉིད་དཀོར་གྱི་རྣམ་སྨིན་ཙམ་ལ་འཇིགས་ནས་གྲོང་ཆོག་ལ་མ་སོང་ན། གཅིག་ན་དད་པ་ཅན་གྱི་ཚོགས་བཅག་པ་དང་། གཉིས་ན་སེམས་ཅན་བློས་གཏོང་རེད་སྙམ་པས་ཐུགས་ལ་འཛིན་པར་ཞུ་ཞེས་ཞུ་བཞིན་ཡོད། རང་ཉིད་ལ་མཚོན་ན་ཡང་གྲྭ་བ་ཞིག་ཡིན་པའི་ངོས་ནས་རང་གི་ལྟོ་རྒྱབ་ཙམ་གྱི་ཆེད་མ་ཡིན་པར་བྱིས་པ་རེ་རེ་ཡིན་ཡང་ཆོས་ལམ་ལ་འཇུག་ཐུབ་སོང་ན་ལྷ་མཆོད་པའི་མེ་ཏོག་ཡུ་བ་ཅན་དང་། ཁྲལ་འཇལ་གྱི་བེ་ཚང་དུ་བ་ཅན་རེད་ཅེས་བསམ་གྱིན་ཡོད། ད་རུང་ཡིན་ཡང་མ་ཤིའི་བར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཞུའི་དོན་ཆེ་ཆུང་གང་ཡིན་ཡང་། བསྒྲུབ་པར་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

མཇུག་གཏམ།

ཕྲན་གྱིས་ད་ཐེངས་མཐར་ཕྱིན་ཆེད་རྩོམ་གྱི་མི་སྣར་དགེ་རྒན་སྐལ་བཟང་ཉི་མ་མཆོག་གི་ལོ་རྒྱུས་འདེབས་དོན།  སྤྱིར་བདག་གི་ཕ་ཡུལ་ལ་སེམས་ཅན་གྱི་འགྲོ་དོན་འབའ་ཞིག་མཛད་མཁན་ཁོང་ལས་མི་སྣ་རླབས་ཆེན་གཞན་བྱོན་མ་མྱོང་བ་མ་ཡིན་ཏེ།  སྐྱེས་བུ་ཁོང་རྣམ་གྱི་ལོ་རྒྱུས་མཁྱེན་ལྡན་གྱི་རྩོམ་པ་བོ་རེ་འགས་ཡིག་ཐོག་ཏུ་འགོད་ཡོད་པས་བདག་གིས་ད་ལྟ་གསར་ཏུ་བྲིས་ཀྱང་དགོས་པ་ཆེར་མ་མཐོང་།  

དེ་ན་ད་ལྟའི་ཆ་འདི་ནས་ཆེས་སྤྱིར་གཏོང་གི་མི་ཞིག་གིས་ཕ་ཡུལ་གྱི་ས་གནས་ཁག་དང་བསྟན་དགོན་གཉིས་ལ་ཕན་རྒྱ་ཆེན་པོ་ཐོག་ཡོད་མཁན་ཁོང་ལས་གཞན་ཉིན་མོའི་སྐར་མ་ལྟར་དཀོན།  འོན་ཀྱང་།  ཉེ་འཁོར་གྱི་མི་ཁ་ཅིག་གིས་ཁོང་གི་ལྷག་བསམ་དང་གཞན་ཕན་གྱི་བསམ་བློའི་རིན་ཐང་སོགས་མཐོང་བ་ཕར་ཞོག་དུས་རྒྱུན་ཁ་ནས་དགོས་མིན་གྱི་རྡོལ་གཏམ་སྣ་ཚོགས་ཤིག་ལབ་བཞིན་ཡོད། དོན་གྱི་དེ་ནི་ཕྲག་དོག་གི་ཆ་ཙམ་ལས་མ་འདས། ངོ་ཚོས་མི་བཟང་བོ་ཁ་མིག་ཡར་ལྟ་བྱས་ན་རང་གཞན་ཀུན་ལ་ཕན་པས་།  བདག་གི་ཁོང་གིས་མི་ཚེའི་ལོ་རྒྱུས་ནང་གི་ཆ་ཤས་ཤིག་ཡིག་ཐོག་ཏུ་ཕབ་པ་འདི་དགེ་བའི་རྒྱུ་རུ་གྱུར་བར་ཤོག



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526759
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།