མཆོད་མེའི་སྨོན་ལམ་གྱི་དོན་འགྲེལ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »མཆོད་མེའི་སྨོན་ལམ་གྱི་དོན་འགྲེལ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ
མཆོད་མེའི་སྨོན་ལམ་གྱི་དོན་འགྲེལ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། །
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-11-23ལྟ་ཀློག (5355)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། །མཆོད་མེའི་སྨོན་ལམ་གྱི་དོན་འགྲེལ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། 

མཛད་པ་བོ།  རྡོ་སྦིས་དགེ་བཤེས་༧རྗེ་བཙུན་ཤེས་རབ་རྒྱ་མཚོ།

 

དཀོན་མཆོག་ཆོས་ལ་མཁྱེན་པའི་ཉི་མ་འབུམ། 

གཅིག་ཏུ་ཤར་བས་ཐུབ་བསྟན་མུན་པའི་ཚོགས། 

ལྷག་མེད་མཐར་བྱེད་ཀུན་གསལ་སྒྲོན་མེ་ཞེས། 

སྲིད་ན་གྲགས་པ་དགེ་བས་བདག་སྐྱོངས་ཤིག 

དཔལ་གྱི་མགྲིན་པ་ལོངས་སྤྱོད་འཁོར་ལོ་ནས། 

བྱམས་དང་བརྩེ་བས་ཆེད་དུ་སྩལ་པའི་ནོར། 

རྨོངས་པའི་དབུལ་བ་འདོར་བྱེད་མ་ཎཱིནྡྲ། 

སྨོན་པའི་ལམ་གྱི་ཚིགས་བཅད་གསལ་བར་བྱ། 


  དེ་ལ་འདིར་འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོས་མཛད་པའི་མར་མེ་འབུལ་བའི་སྨོན་ཚིག་རྐང་པ་བཞིའི་བདག་ཉིད་ཅན་བྱིན་རླབས་ཀྱི་ཚན་ཀ་ཤིན་ཏུ་ཆེ་བར་གྲགས་པ་འདིའི་དོན་འཆད་པ་ལ་གཉིས། བཤད་བྱ་ཉེ་བར་འགོད་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས། །མུན་པའི་བསྐལ་པ་མ་ལུས་བསལ་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག །ཅེས་པ་སྟེ།  ལྔ་པ་ཆེན་པོའི་གསུང་དང་དབྱིབས་མཚུངས་པའོ། །གཉིས་པ་ལ་གསུམ།  མཆོད་མེའི་རྒྱུ།  ངོ་བོ། དགོས་པ་བཤད་པའོ། །དང་པོ་རྒྱུ་ལ་སྣོད་བཅུད་ཀྱི་དབྱེ་བས་གཉིས་སུ་འགྱུར་བ་ལས་སྣོད་ནི། རབ་གསེར་དང་དངུལ་ལ་སོགས་པ་ནས་ཐ་མ་ས་དང་རྡོ་ལས་བྱས་པའང་རུང་སྟེ། འབུལ་བ་པོའི་འབྱོར་བ་དང་འཚམ་པར་བྱ་རིགས་པས་སོ། །གསེར་དང་ས་ལས་གྲུབ་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་མཐུ་བསམ་གྱིས་མི་ཁྱབ་པས་རྫས་ཀྱི་སྒོ་ནས་ཕན་ཡོན་ཆེ་ཆུང་གི་ཁྱད་འབྱུང་བ་སྲིད་མོད་ཀྱི།  གཙོ་ཆེར་འབུལ་བ་པོའི་བློའི་དམིགས་རྣམ་དང་ཀུན་སློང་ལེགས་ཉེས་ཀྱི་རྗེས་སུ་འགྲོ་ལྡོག་བགྱིད་པ་ཁོ་ནར་སྣང་ངོ་། །འདིར་རྐོང་ཞེས་པ་དོང་ལྟར་ཡོད་པའི་དོན་ཏེ། ཕལ་སྐད་དུ་ཆབ་རྐོང་དང་། ཤོབ་རྐོང་ཟེར་བ་བཞིན་ནོ། །བོད་པས་ཀོང་ཞེས་ར་མགོ་མེད་པར་སྨྲའོ། །འདི་དོ་གལ་ཆེ་བ་མ་ཡིན་ཀྱང་བརྡ་དོན་མི་ཤེས་པ་ལ་གོ་བ་རྣལ་མ་མི་སྐྱེ་བར་འདུག་པས་རྗེས་གྲུབ་ཀྱི་མིང་རྣམས་ལ་རང་རང་གི་ཚིག་དོན་བཙལ་ཏེ་ཞིབ་མོར་དཔྱད་ན་གོ་བ་ལེགས་པོ་འབྱུང་བའི་གསལ་འདེབས་སུ་བྲིས་པའོ། །བཅུད་ལའང་འབུལ་ཡུལ་ལ་སོགས་པའི་དབང་གིས་ཞུན་ཆེན་ལ་སོགས་པ་ཆེས་མང་དུ་མཆིས་མོད་ཀྱི། རྒྱུ་དང་གནས་སྐབས་གང་གིས་ཀྱང་ཁྱད་པར་དུ་འཕགས་པ་ནི། མར་ཞུན་ཉིད་ཡིན་པས་ན། འདིར་ཡང་མར་ཁུ་ཞེས་ཁྱད་པར་གྱི་ཚིག་གསུངས་ཏེ། ཞུ་བ་པོའི་མོས་ངོ་ཙམ་མ་ལགས་པས་ངེས་པར་དེ་བཞིན་ཁོང་དུ་ཆུད་ཅིང་ཉམས་སུ་བསྟར་བར་བྱའོ། །རྒྱ་མཚོ་ཞེས་པ་མང་ཚིག་ཡིན་པས་མར་ཁུའི་རྒྱུན་བཟང་དངོས་སུ་འབྱོར་པའམ་ཡིད་ཀྱིས་སྤྲུལ་པ་རྒྱ་མཚོ་འཁྱིལ་ཞེས་སྦྱར་རོ། །འདིར་ཡང་རྫས་ཀྱི་ངོས་ནས་བཟང་ངན་ཇི་ལྟར་ཡང་རང་ཉིད་གང་ལ་གཙིགས་སུ་ཆེ་བ་དེ་ཉིད་འབུལ་བ་ལེགས་ཤིང་མཆོད་སྤྲིན་དུ་འགྱུར་གྱི། དེང་སང་གི་འགའ་ཞིག་ལྟར་བཟང་ཚད་རང་གིས་སྤྱད་དེ་དྲི་ང་དང་རུལ་བ་ལ་སོགས་པ་རང་གིས་བཟར་མ་འདོད་པའི་རིགས་ལྷ་ལ་ཕུལ་ཏེ་མི་སྔར་བྱས་ལོའི་ངོམ་བྱེད་པ་ནི།  ཇི་འདྲ་ཞིག་ཏུ་འགྱུར་བ་ཆ་མ་འཚལ་ཏེ།  ཉེས་དམིགས་མེད་ན་ལེགས་སོ། །གཉིས་པ་ལ་གཉིས། ངོ་བོ་དངོས་དང་། ཇི་ལྟར་འབུལ་བའི་ཚུལ་ལོ། །དང་པོ་ནི། ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་ཞེས་གསུངས་ཏེ། ནམ་མཁའ་དང་ཁྱིམ་གྱི་ནོར་བུ་ལ་སོགས་པ་ནི། རང་གི་བསལ་བྱ་ཕྱི་རོལ་གྱི་མུན་པ་རགས་པ་སེལ་བར་བྱེད་པ་ཙམ་དུ་ཟད་ཀྱི་གཞན་མི་ནུས་ལ། འདིའི་དགེ་བས་ནང་གི་མུན་སྟུག་ཀུན་རྨོངས་མ་རིག་པའི་མུན་པའང་བསལ་ཏེ་ལྷའི་མིག་གི་མངོན་ཤེས་ལ་སོགས་པའང་འདྲེན་པར་བྱེད་པས་ན།  ཕུན་ཚོགས་ཞེས་སྣང་བར་བྱེད་པ་གཞན་ལས་ཁྱད་པར་དུ་མཛད་དོ། །དེ་དག་ནི། སྤྲིན་དང་བསེར་བུ་ལ་སོགས་པ་ཤིན་ཏུ་ཕྲ་བའི་རྐྱེན་གྱིས་ཀྱང་འཇིག་པར་འགྱུར་ལ། འདིའི་ཕན་ཡོན་ནི། བསམ་པའི་ཁྱད་པར་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགལ་རྐྱེན་གྱིས་ལྷག་མེད་དུ་བརྫི་བར་མི་ནུས་པའི་བྱེ་བྲག་གིས་ཀྱང་ངོ་། །འདིས་ཞེས་པ་བྱེད་པ་པོ་གསལ་བར་བྱེད་པའི་ཚིག་གོ །གཉིས་པ་ནི།  གོས་ཚུལ་ལེགས་པར་བཅོས་པ་སོགས་ཤིན་ཏུ་གུས་པའི་སྤྱོད་ལམ་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་མ་རིག་པའི་མུན་པ་རྣམ་པར་བསལ་ཏེ་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་མཆོག་ལ་འགོད་པར་བྱ།  དེའི་ཆེད་དུ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་སྤྱན་སྔར་སྣང་གསལ་ཨཱ་ལོ་ཀེའི་མཆོད་ཕྲེང་བསྟར་བར་བྱའོ། །སྙམ་པའི་ཀུན་སློང་ཁྱད་པར་ཅན་གྱི་ངང་ནས་སྤོས་རེངས་དང་ཙན་ཤུག་གི་ཚལ་བུ་སོགས་སྦྱར་བྱུང་དང་ལྷན་སྐྱེས་ཀྱི་དྲི་བཟང་འཐུལ་བའི་མེས་མར་མེ་སྦར། ཆབ་གཙང་གིས་བསངས་ཤིང་འབྲུ་གསུམ་གྱིས་བྱིན་རླབས་བྱའོ། །དེ་ནས་ཕྱག་ཅི་ནུས་བཙལ་ཞིང་མཆོད་པའི་སྤྲིན་གྱི་གཟུངས་དང་སྨོན་ཚིག་འདི་ཉིད་དོན་དྲན་བཞིན་པར་གང་མང་འདོན།  མཇུག་ཏུ་འཇམ་དཔལ་དཔའ་བོ་སོགས་མཆོད་པའི་འཁོར་གསུམ་མི་དམིགས་པའི་བསྔོ་བས་རྒྱས་གདབ་པ་དེ་ལྟ་བུའི་ཚུལ་གྱིས་དབུལ་བར་བགྱིའོ། །གསུམ་པ་ལ་གཉིས། གནས་སྐབས་ཀྱི་དགོས་པ་བཤད་པ་དང་། མཐར་ཐུག་གི་དགོས་པ་བཤད་པའོ། །དང་པོ་ནི། མུན་པའི་བསྐལ་པ་མ་ལུས་བསལ་བྱས་ནས། །ཞེས་གསུངས་ཏེ། བསྐལ་པ་ལ་མཆོག་གསུམ་དངོས་སུ་སྣང་བ་ཡོད་མེད་ཀྱི་དབྱེ་བས་སྒྲོན་བསྐལ་དང་།  མུན་བསྐལ་གཉིས་སུ་འགྱུར་བ་ལས།  གང་དུ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་རྣ་ལམ་དུ་མི་འོང་བའི་བསྐལ་པ་ངན་པ་མུན་བསྐལ་དུ་སྐྱེ་འགྱུར་གྱི་བགོ་སྐལ་མ་ལུས་པ་བསལ་བར་བྱས་ནས་སྒྲོན་མེའི་བསྐལ་པའི་ཨང་ཁ་མ་འཁྲུགས་པར་སངས་རྒྱས་ཉན་ཐོས་དང་བཅས་པའི་ཞལ་མཇལ་བར་འགྱུར་བ་ནི། མར་མེ་ཕུལ་བའི་གནས་སྐབས་ཀྱི་དགོས་པའོ། །ནས་ཞེས་པ། དགོས་པ་སྔ་ཕྱི་འབྲེལ་ཆགས་སུ་མཚམས་སྦྱོར་བའི་ཚིག་གོ །འདིར་སྒྲོན་མུན་གྱི་བསྐལ་པ་གཉིས་དང་། བསྐལ་པ་ཆེ་ཆུང་གི་ཡུན་ཚད་སོགས་བྲིས་ན་བློ་ལ་འགྱུར་ཁྱད་ཆེ་མོད་ཀྱང་ཚིག་མང་དུ་དོགས་པས་མ་བྲིས་ཏེ། མདོ་སྡེ་དྲན་པ་ཉེ་བར་གཞག་པ་དང་། གདགས་པ་དང་། སའི་དངོས་གཞི་དང་། མཛོད་གནས་གསུམ་པའི་འགྲེལ་པ་དང་འགྲེལ་བཤད་ལ་སོགས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཞིབ་ཏུ་བརྟགས་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག །ཅེས་གསུངས་ཏེ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་ཅིང་། དེ་ལས་འགྲོ་བ་གཞན་རྣམས་ཀྱིས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་སུམ་དུ་མཐོང་བའམ་འཐོབ་པར་འགྱུར་བ་ནི། མཆོད་མེ་ཕུལ་བའི་མཐར་ཐུག་གི་དགོས་པའོ། །འདིས་ནི། དགེ་བའི་རྩ་བ་གང་ཞིག་བྱས་པ་དེ་ཉིད་གཞན་གྱི་དོན་དུ་བསྔོ་དགོས་པར་ཡང་གདམས་སོ། །འདིར་ཕན་ཡོན་གྱི་ཉེར་འཇལ་ཅུང་ཟད་བརྗོད་ན། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ཏུ་དགེ་སློང་འཕགས་པའི་གཉེན་ཞེས་བྱ་བ་དང་། བུ་མོ་ཐུབ་པ་ཞེས་བྱ་བ་ཞིག་བྱུང་སྟེ་སངས་རྒྱས་རིན་ཆེན་གཙུག་ཕུད་ཀྱི་སྤྱན་སྔར་ཟླ་བ་གསུམ་ལ་མཆོད་མར་གྱི་སྦྱིན་བདག་བྱས་པས་མ་འོངས་པ་ན་མར་མེ་མཛད་ཅེས་བྱ་བ་དང་། ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་དང་། བསྙེན་དགའ་མོས་སྟོན་པའི་སྤྱན་སྔར་མར་མེ་གཅིག་ཙམ་ཕུལ་བས་ཀྱང་མ་འོངས་པ་ན་མར་མེ་འོད་ཅེས་བྱ་བའི་སངས་རྒྱས་སུ་འགྱུར་བའི་ལུང་བསྟན་ཐོབ་པ་སོགས་ནི་རྫུན་མི་མངའ་ཞིང་བདེན་པར་སྨྲ་བའི་དྲང་སྲོང་ཆེན་པོ་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་ལས་འབྱུང་ངོ་། །འདི་དག་ནི། མཚོན་ཙམ་སྟེ། གཞན་དུ་ལུས་སེམས་དྭངས་ཤིང་ཤེས་རབ་རྒྱས་པ་དང་། ལྷའི་སྤྱན་དང་མངོན་ཤེས་འཐོབ་པ་ལ་སོགས་པ་རྒྱས་པར་ཡིད་ཆེས་པའི་ལུང་དང་དམ་པའི་རྣམ་ཐར་ལས་རྟོགས་པར་བྱའོ། །དེ་ལྟར་དགེ་སློང་འཕགས་པའི་གཉེན་དང་། བུ་མོ་ཐུབ་པས་སྦྱིན་བདག་བྱས་པ་དང་། བསྙེན་དགའ་མོས་དགོང་གཅིག་ལ་ཕུལ་བ་ཙམ་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཐོབ་ན། རྒྱུན་དུ་བརྩོན་པ་ལྟ་སྨོས་ཤིང་ཅི་དགོས་པ་སོགས་ཀྱི་ཕན་ཡོན་རྒྱ་ཆེར་དད་མོས་ཀྱི་སྙིང་པོར་བླངས་ཏེ་སྐལ་བ་དང་ལྡན་པ་དག་གིས་སྨོན་ལམ་འདི་ལྟ་བུའི་སྒོ་ནས་རྣམ་པ་ཀུན་ཏུ་མར་མེ་འབུལ་བ་ལ་བརྩོན་པར་བྱའོ། 

སྨྲས་པ།  

སྒྲོན་མེའི་སྨོན་པའི་བཤད་པ་འདི་སྦྱར་བས། 

སྒྲོན་མེའི་བསྐལ་པར་རྣམ་འབྱེད་རིག་པའི་མིག 

སྒྲོན་མེ་བཞིན་དུ་གསལ་བ་ལེགས་ཐོབ་ནས། 

སྒྲོན་མཆོག་ཀུན་ཏུ་བཟང་པོར་བདག་གྱུར་ཅིག 

འདི་ན་བདག་གིས་ཚིགས་བཅད་བཀྲལ་བ་ནི། 

འདི་དོན་རྟོགས་པར་དཀའ་བས་མ་ཡིན་ཏེ། 

འདི་ལ་གཅིག་ཏུ་བརྩོན་པའི་སློབ་བུ་ཡིས། 

འདི་བཞིན་ནན་དུ་བསྐུལ་བའི་མཐུ་ལས་སོ། 

   ཞེས་འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་མཆོད་མེའི་སྨོན་ལམ་ཚིགས་སུ་བཅད་པ་གཅིག་པའི་དོན་རྣམ་པར་འགྲེལ་པ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ་ཞེས་བྱ་བ་འདི་ནི།  སྨོན་ལམ་ཁྱད་པར་ཅན་འདི་ཉིད་ཀྱི་སྒོ་ནས་མར་མེ་འབུལ་བ་ལ་གཅིག་ཏུ་བརྩོན་པའི་སྐལ་བཟང་བློ་གྲོས་ཀྱི་ནོར་དང་ལྡན་པ་དགོན་ལུང་དགེ་བཤེས་ཚུལ་ཁྲིམས་དཔལ་འབྱོར་གྱིས་ཉེ་བར་བསྐུལ་བའི་ངོར། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་ཀྱི་སློབ་རྒྱུད་དུ་སྐྱེས་པའི་བན་ཆུང་གྱི་ན་པ་ཤེས་རབ་རྒྱ་མཚོར་འབོད་པས། ཕན་ཡོན་གྱི་སྤྲོས་པ་སོགས་བཏང་སྟེ་ཉུང་ངུ་ཚིག་གསལ་དུ་བྲིས་པ་ཛ་ཡནྟུ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570651
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།