རྩིང་བ་དཀོན་བྷེའི་སྙན་ངག་བདམས་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» རང་མོས། »རྩིང་བ་དཀོན་བྷེའི་སྙན་ངག་བདམས་བཀོད།
རྩིང་བ་དཀོན་བྷེའི་སྙན་ངག་བདམས་བཀོད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-11-24ལྟ་ཀློག (10012)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མིང་།     རྩིང་བ་དཀོན་བྷེ།
ཕ་ཡུལ།  བོད་ཨ་མདོ་འབོ་ར།
ལས་གནས། ཀན་ལྷོ་ཁུལ་གསར་འགྱུར་ཁང་།
2008ལོར། ཀན་ལྷོ་ཁུལ་ཟླ་ཟེར་རྩོམ་སྒྲིག་ཁང་གི་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་ཐོབ།
2009ལོར། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ཨང་གཉིས་པ་ཐོབ།
2016ལོར། བོད་ཀྱི་ཆེས་མཐོའི་རྩོམ་རིག་བྱ་དགའ་གངས་ཅན་བུམ་པ་ཐོབ།
ད་ལྟ་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་ཡོད།


དགའ་ལྡན་རི་བོ།



རྗེ་བླ་མ་དྲན་དུས།
ང་དགའ་ལྡན་རི་ལ་འགོས།
དགའ་ལྡན་རི་འདི།
ངའི་མི་ཚེ་གང་བོར་སོང་མི་ཚར་བའི་ལམ་བུ་ཡིན།


ཞོགས་པ་མང་བོར།
ང་དགའ་ལྡན་རིའི་རི་རྐེད་ན་ཡོད།
རི་རྐེད་ནས།
ངས་ཉི་མ་ཤར་པའི་གོ་རིམ་ལ་བལྟས་ནས།
རྗེ་བླ་མས།
ཙོང་ཁ་རི་བོ་བསྐྱུར་ནས།
ཐུགས་ལ་གསེར་གྱི་ཉི་མ་ཞིག་བསྣམས་ཏེ།
དགའ་ལྡན་རི་ལ་བསླེབས་ཚུལ་དྲན།


མཚན་མོར།  ང་རང་།
སྡོང་བོ་ཞིག་ཏུ་བརྫུས་ནས།
ངས་སྐར་མའི་འོད་སྣང་གཡར་ཏེ།
དགའ་ལྡན་རི་ལ་བལྟས།
དགའ་ལྡན་རི་བོ་ནི།
ངའི་མི་ཚེ་ཧྲིལ་བོའི་སེམས་ཀྱི་ལོག་མལ་དང་།
རིགས་དྲུག་གི་འཁོར་བའི།
མུན་པ་འཐག་པའི་འོད་ཀྱི་ཕུང་བོ་ཞིག་ཏུ་མཐོང་།


མཚན་དཀྱིལ་ཞིག་ལ།
རླུང་བུ་ཞིག
དགའ་ལྡན་རི་བོ་བརྒྱུད་ནས་ལྡང་སྟེ།
བདག་གི་མིག་ཆུ་ཕྱིས་པས།
ད་ལྟ། ང་ལ་མ་ཞི་བ་དང་འཛིན་པ་ཡེ་ནས་མེད།


རི་བོ་ཞིག  
ད་དུང་སྔར་ལྟར་བརྟན་བརླིང་གིས་འགྱིང་།
མི་ཞིག 
ད་དུང་སྔར་བཞིན་དགའ་ལྡན་རིར་འགོ་བཞིན་ཡོད།
མི་ཚེ་ཞིག
ད་དུང་འདི་ལྟར་ལམ་ན་སྐྱོད་བཞིན་ཡོད་ཨང་།

 2017/3/28ཉིན་གྱི་ཞོགས་པར་གཙོས་ནས་བྲིས།

ཚེ་སྲོག་གི་དུས་ཚོད།



ངའི་མི་ཚེ་ཧྲིལ་བོའི་དུས་ཚོད།
ཞོགས་པ་དང་ས་སྲོད་བར་ནས།
ཆུ་བཞིན་བཞུར།
 


ངའི་བྱིས་པའི་དུས་ཀྱི་ན་ཚོད།
དགའ་སྤྲོ་དང་ངུ་སྒྲའི་བར་ནས།
སྤྲིན་བཞིན་བསྐྱོད།
 


ངའི་གཞོན་པའི་དུས་ཀྱི་ལང་ཚོ།
བརྩེ་བ་དང་དུངས་པའི་ཁྲོད་ནས།
འཇའ་བཞིན་ཡལ།



ངའི་རྒས་པའི་དུས་ཀྱི་ཕྱི་དྲན།
སྐྱེ་བ་དང་འཆི་བའི་བར་ནས།
སྨུག་བཞིན་འཐིབ་ངེས།



མདོར་ན།་ མི་ཞིག་གི་མི་ཚེས།
དུས་ཚོད་ཚེ་སྲོག་ཡིན་པར་མ་ཚོར་ན།
ཚེ་སྲོག་བརྡར་ནས་དུས་ཚོད་བཏང……

2017/11/18མཚན་མོར་རང་ཤག་ནས་བྲིས།

གྱང་།



དགའ་བ་དང་སྐྱོ་བ་ནར་ནར་གྱི་གསེང་ན།
བར་གྱང་ཡོད་ལ།
འདུ་བ་དང་བྲལ་བ་སྐྱོ་སྐྱོ་ཡི་
དབུས་ནའང་།
བར་གྱང་ཡོད།
སྐྱེས་པ་དང་འཆི་བ།
རྒྱལ་ཁ་དང་ཕམ་ཁ།
མདོར་ན། མགོ་བརྩམས་པ་ནས།
མཇུག་མ་བསྡུས་པའི་བར་དུ་བར་གྱང་གིས་ཆོད་ཡོད།


ང་ཚོས་ཁོ་བ་ཚོར།
ཇི་ལྟར་བློ་བ་ཉེ་ཉེ་བྱེད་རུང་།
ང་ཚོའི་བར་ན་
བར་གྱང་གིས་བཀག་ཡོད་པས།
ཁོ་བ་ཚོས་ང་ཚོ་ནམ་ཡང་མཐོང་མ་མྱོང་།


ཁོ་བ་ཚོས་ང་ཚོར།
ཇི་ལྟར་སྙིང་ཉེ་ཉེ་ཡིས་འཛུམ་ཆུང་བསྟན་རུང་།
ང་ཚོའི་བར་ན་
བར་གྱང་གིས་བསྐོར་ཡོད་པས།
ང་ཚོས་ཁོ་བ་ཚོར་ནམ་ཡང་བློ་ཕུག་གཏད་མ་མྱོང་།


བར་གྱང་ཡོད་པས།
ཁྱོད་ཀྱིས་འཛུམ་དཀར་ལྷུག་ལྷུག་ཏུ་བསྟན་ཀྱང་།
སེམས་མི་མཐོང་།
བར་གྱང་ཡོད་པས།
ཁྱོད་ཀྱིས་སྐད་ཆ་འགྲིག་འགྲིག་ཏུ་བརྗོད་ཀྱང་།
དོན་མི་གོ།


ཕ་མས་བུས་བར་འོ་གནང་ཡང་།
བར་གྱང་གིས་བར་བཅད་ཡོད།
ཁྱོ་གས་ཤུག་མོར་ཤ་བརླན་ཀྱང་།
བར་གྱང་གིས་ཁ་གྱེས་ཡོད།
བལྟས་ན་མི་མཐོང་ཞིང་།
མྱངས་ན་མྱོང་རྒྱུ་ཡོད་པའི་བར་གྱང་འདིའི་ལན་པས།
ང་ཚོ་རེ་རེ་ནི། ནམ་ཡང་།

རང་ཉིད་ཁོ་ན་མ་གཏོགས་མི་མཐོང་བའི་འཇིག་རྟེན་རེ་རེ་ཡིན་ཨང་།

2017/10/1ཉིན་ལ་རྡོ་དཀར་མགོན་ཁང་ཐང་ནས་བྲིས།

ཁབ།

 

གྱེས་ཁའི་སྙིང་གཏམ་རེ་རེས།
ད་ནི།
ངའི་ཕྱི་དྲན་གྱི་རྨ་ཁར་ཡང་ཡང་བཙེམ།


ར་ནང་གི་རྩྭ་རྒོད་འདི་དག་གིས།
ཁབ་བཞིན་དུ།
ངའི་དོན་ལྔ་སྣོད་དྲུག་རེ་རེ་ནས་ཕུག་བྱུང་ཨང་།
 

སིལ་ཏོག་འདི་དག
སྨིན་ཆེ་ན།
ཁབ་དང་འཕྲད་སྲིད་པས།
ང་ཚོས་ངེས་པར་དུ་གཟབ་གཟབ་གནང་དགོས་ཨང་།
 

འཇིག་རྟེན་གྱི་གྲུ་ལོག་ཅིག་ནས།
སིལ་ཏོག་ལ་བལྟས་ནས།
ཁ་རོག་གེར།

ཁབ་གཅིག་གིས་ཕྱོགས་གཉིས་ཀྱི་དོང་ཆུ་བརྐོ་ན་སྙམ་བྱུང་།

2017/10/2ཉིན་ལ་བྲིས།

ལྷ་ས་ཆེ་ཨང་།



ལྷ་སར་མཇལ་ནས།
རང་ཉིད་བཙལ་དུས།
ནམ་ཡང་རང་ཉིད་རྙེད་དཀའ་ཨང་།

ལྷ་ས་ཧ་ཅང་ཆེ་བས།
ཨ་ཕ་དང་ཨ་མ།
ད་དུང་བདག་གི་ཆུང་མ་དང་བུ་མོ་གཉིས་ཀ
ལྷ་སར་སོང་ནས་བོར་སོང་།
ངས་ཁོ་ཚོ་བཙལ་བཙལ་ནས།
ལོ་ངོ་ཧྲིལ་བོ་བཅུ་འགོར་ཡང་།

ཁོ་བ་ཚོ་ད་རུང་རེ་རེ་ནས་མ་རྙེད་ཨང་།

2017/9/29ཉིན་ལ་བྲིས།

འཚོལ།


ཁོ་བོས་དཔྱིད་ཀ་བཙལ་དུས།
དཔྱིད་ཀ
རྒྱང་རིང་ན་གབ་པའི་ཚུལ་དུ་སྦས་ཡོད།
ཁོ་བོས།
འོད་ཟེར་བཙལ་དུས།

འོད་ཟེར་གྱིས་ཁོ་བོའི་མིག་ཟུང་བསྒྲིབས་སོང་།

2017/9/21ཉིན་ལ་བྲིས།


སྟོན་པའི་མདུན་ནས།

(གཞན་གཅིག)



སྤོས་ཤིག་བསྒྲོན་ནས།
མི་གཙང་བའི་མཁའ་དབུགས་དྭངས་པར་བྱས།
མཆོད་མེ་ཞིག་བསྒྲོན་ཏེ།
མ་རིག་པའི་སྣང་བ་སངས་པར་བྱས།
དེ་ནས། སྟོན་པའི་མདུན་ནས་
ཙོག་པུར་བསྡད་དེ།
རང་དོན་ལྷ་ལ་མ་ཞུས་ཤིང་།
སྤྱི་དོན་སེམས་ནས་མ་བོར་བར།
ཁ་རོག་གེར།
རང་སེམས་འབྲི་ཞོ་རུ་བསྙལ་ནས།
ངས་སྙིང་ཐག་པ་ནས།

སྟོན་པ།   སྟོན་པ།  སྟོན་པ་ཞེས་ངུས་ནས་བོས་ཡོད།

2017/3/25ཉིན་ལ།

ང་ཡི་རེབ་གོང་།



ང་ཡི་རེབ་གོང་། ཉིན་མོར།
སྲིད་པའི་སྤྱི་གཙུག་ན།
སུ་ཞིག་གིས་ནམ་མཁའི་ཉི་མའི་མིག་ཟུང་གཡར་ཏེ།
ཁྱེད་ལ་བལྟས་ཡོད།


ང་ཡི་རེབ་གོང་། མཚན་མོར། 
ལས་ཀྱི་སྐོར་མཐའ་ན།
སུ་ཞིག་གིས་ནམ་མཁའི་སྐར་མའི་རྣ་བ་གཡར་ཏེ།
ཁྱེད་ལ་ཉན་ཡོད།

ང་ཡི་རེབ་གོང་།  ཁྱོད་ཀྱི་ཕྱག་ན་སྣ་ཚོགས་ལས་ཀྱི་
འཕྲིན་ལས་བསྣམས་པས།
མི་ཚོས་ཁྱོད་ལ་བལྟས་ནས་ཧད་ཡོད་ལ།
ང་ཡི་རེབ་གོང་། སྒྲོལ་མའི་ཐང་ཆེན་ན་
ཕུ་ནུ་ཚོས་ལག་རྡང་དམ་པའི་སྐོར་བྲོ་འཆམ་པས།
མི་ཚོས་ཁྱོད་ལ་བལྟས་ནས་སྔངས་ཡོད།

ང་ཡི་རེབ་གོང་།
རི་མཐོན་པོ་གཉིས་ཀྱི་ཁུགས་སུ་ཆགས་པས།
དབྱར་ཁར་ཚ་བ་ཆེ་ལ།
ང་ཡི་རེབ་གོང་།
ཆུ་དགུ་ཆུ་རིང་མོའི་འགྲམ་དུ་བཏབ་པས།
དགུན་ཁར་གྲང་ངར་རྒོད།
དེ་ལྟ་ནའང་། ཁྱོད་ཀྱིས་ཚ་གྲང་གོས་སུ་བསྣམས་ཏེ།
གདོད་མ་ནས་
འདི་ལྟར་མེས་པོའི་ཞབས་རྗེས་དེད་ནས་འོང་།

ང་ཡི་རེབ་གོང་། ད་ལྟ།
མི་ཚོགས་ཀྱིས་དེད་དེ་ཁྱོད་ཀྱི་ངོ་གདོང་འགྱུར་བཞིན་ནའང་།
ད་དུང་དད་པ་ལྷག་མ་དེའི་དབང་གིས།
ཁྱོད་ཀྱི་རུས་ནང་གི་རྐང་མར་འཁྱག་མ་མྱོང་ལ།
གསལ་བྱེད་དེའི་རྐྱེན་གྱིས།
ད་དུང་ཁྱོད་ཀྱི་རྩ་གསེང་གི་ཁྲག་ཀྱང་ཆད་མ་མྱོང་།

ང་ཡི་རེབ་གོང་། གྱེས་ཁ་མར།
ཞེན་ཆགས་ཤིག་གིས།
ཁོ་བོས།
ཁྱོད་ཀྱི་མགོ་འཇུག་བཀླགས་དུས།
བལྟས་ཚོད་ལ།
ཁྱོད་ཀྱིས་བོད་ལྭ་ཕུད་ནས་ཡུན་རིང་འགོར་ཟིན་ཡང་།
ང་ཡི་རེབ་གོང་།
ཁྱོད་ཀྱི་སེམས་གཏིང་ན། ད་རུང་།
མ་འདྲེས་པའི་གཉུག་མའི་གསོན་ཤུགས་རང་ཆས་སུ་འཁོལ་བས།
ང་ཡི་རེབ་གོང་།

ཁྱོད་ནམ་ཡང་བོད་ཀྱི་རེབ་གོང་ཡིན་ཨང་།

2017/8/6ཉིན་ལ་རེབ་གོང་ནས་བྲིས།

མིག་ཆུ་དང་འཛུམ་མདངས།


མི་གཅིག་ངུ་བཞིན་ཡོད།
མི་གཅིག་དེ་ལ་བལྟས་ནས་དགོད་བཞིན་ཡོད།
དགོད་བཞིན་པའི་མི་དེར་བལྟས་ནས།
ལྷག་ཏུ་མི་དེ་ངུས་བྱུང་།


ཁོ་མོ་མ་ངུས་ན།
མི་དེའི་དགོད་འཛུམ་གང་ནས་ཡོང་ངམ།
མི་དེ་མ་བགད་ན།
ཁོ་མོའི་མིག་ཆུ་ཇི་ལྟར་བཞུར་ཨང་།


མི་རྣམས་དགོད་དུ་འཇུག་དགོས་ན།
ཐོག་མར་རང་ཉིད་ངུ་དགོས།
མི་རྣམས་ངུ་རུ་འཇུག་དགོས་ན།
དང་ཐོག་རང་ཉིད་དགོད་དགོས།

ཡིན་ནའང་།  ང་ཚོ།
ངུ་བཞིན་པར་བལྟས་ནས་
མི་དགོད་ཅིང་།
དགོད་བཞིན་པར་བལྟས་ནས་
མི་ངུ་བར།
ང་ཚོ་ངུ་བའི་ཁ་ལ་བལྟས་ནས་
ལྷག་ཏུ་ངུ་དགོས་ལ།
དགོད་པའི་ཁ་ལ་བལྟས་ནས་
ལྷག་ཏུ་དགོད་དགོས།


ནམ་རྒྱུན། མེ་ལོང་གི་མདུན་ནས།
ཁོ་བོས་ཁེར་རྐྱང་གི་གྲིབ་མ་སྲུང་སྟེ།
བགད་ནས་ངུ་བཞིན་ཡོད་ལ།
ངུས་ནས་དགོད་བཞིན་ཡོད།

2017ལོའི་ཟླ3པའི་ཚེས8ཉིན་ལ་ཇོ་མོ་གླང་མ་གསོལ་མགྲོན་ཁང་ནས་བྲིས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྩིང་བ་དཀོན་བྷེའི་སྙན་ངག་བདམས་བཀོད།   སྤེལ་མཁན།: ཟམ་ཚ་དཀོན་མཆོག་ཚེ་རིང་། སྤེལ་དུས:2017/11/2
སྐུ་ཞབས་ལགས་ཀྱི་སྙན་ངག་འདིས་དབུ་མའི་ལྟ་བར་གཏུགས་ནས་ང་ཁྱོད་རིས་གཅོད་ཀྱི་བདག་འཛིན་འདིས་མ་དང་བུ་ཡིན་རུང་ཁྱོ་ག་དང་ཆུང་མ་ཡིན་རུང་རང་ཉིད་ཁོ་ན་མ་གཏོགས་མི་བསམས་པར་བསྟན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23505914
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།