སློབ་གསོའི་ཞན་ཆ་ཆེ་ཤོས་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པ་དེ་རེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »སློབ་གསོའི་ཞན་ཆ་ཆེ་ཤོས་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པ་དེ
སློབ་གསོའི་ཞན་ཆ་ཆེ་ཤོས་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པ་དེ་རེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-16ལྟ་ཀློག (5558)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀྲུང་གོའི་སློབ་གསོའི་ཞན་ཆ་ཆེ་ཤོས་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པའོ། ། 

   ཉེ་བའི་ལོ་ཤས་རིང་སློབ་གསོ་ནི་རྙོག་འཛིང་ཇེ་ཆེར་སོང་སྟེ། བདག་ཅག་ནི་མགོ་འཐོབ་པར་གྱུར་བས་ན། ད་ནི་ཅིས་ཀྱང་ཕྱིར་རྟོགས་ནན་གྱིས་བགྱིས་ནས་རྒྱུན་ཤེས་དངོས་ཀྱི་ཐོག་ལ་འབབ་པར་འོས་སོ། །
    འོ་ན་སློབ་གསོ་ནི་གང་ཞེ་ན། མང་ཚོགས་དག་གི་བཤད་སྲོལ་དུ་བྱིས་པ་སློབ་གྲྭར་འགྲོ་བར་“ཡི་གེ་འདོན་ལ་འགྲོ”ཞེས་ཟེར་ལ། དོན་ལ་ཡང་དེ་ལྟར་ཏེ། གནད་གཙོ་བོ་ནི་ཡི་གེ་འདོན་པ་དེ་ཡིན་ཞིང་། སློབ་གསོའི་རྩ་བའི་འགན་ཡང་སློབ་མ་ལ་ཡི་གེ་འདོན་པར་སྐུལ་བ་ཉིད་ཡིན་ལ། བདག་ཅག་གི་སློབ་གསོའི་གནད་དོན་ཆེ་ཤོས་ཀྱང་སློབ་མས་དཔེ་ཀློག་མི་བྱེད་ཅིང་། དགེ་རྒན་གྱིས་དཔེ་ཀློག་མི་བྱེད་ལ། མདོར་ན་ཀུན་གྱིས་དཔེ་ཀློག་མི་བྱེད་པའམ། ཡང་ན། དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཁྲིད་གཞི་ཙམ་ལས་མི་ཀློག་པ་དང་་། སློབ་མས་རྒྱུགས་སྤྲོད་དང་འབྲེལ་ཡོད་ལས་གཞན་མི་ཀློག་པ་དང་། སློབ་གླིང་ན་རང་དབང་ལྡན་པའི་དཔེ་ཀློག་གི་བར་སྟོང་དང་དུས་ཚོད་ལར་མེད་པ་དེའོ། །

དེ་བས་ན། ད་ནས་བདག་ཅག་སློབ་གསོའི་རྒྱུན་ཤེས་ཀྱི་ཐོག་ལ་ཕྱིར་ལོག་ནས། རང་དབང་དཔེ་ཀློག་གི་མཐུན་རྐྱེན་དང་། ཁོར་ཡུག མཁའ་དབུགས་བཅས་བསྐྱར་དུ་སྐྲུན་པར་བྱེད་པ་ནི་སློབ་གསོའི་གནད་དོན་སེལ་བའི་ཐབས་ལམ་ཉག་གཅིག་གོ །

བདག་གིས་སྙམ་ན། སློབ་གསོ་ལེགས་པོ་ཞིག་ལ་ཆ་རྐྱེན་གསུམ་མེད་དུ་མི་རུང་སྟེ། ཆ་རྐྱེན་དང་པོ་ནི་སློབ་གཙོ་བཟང་པོ་ཞིག་དགོས་ཤིང་། སློབ་གཙོ་བཟང་པོ་ཞིག་གི་གཤིས་རྒྱུད་གལ་ཆེ་ཤོས་ནི་དཔེ་ཀློག་ལ་དགའ་བ་ཉིད་ཡིན་ནོ། །

ཆ་རྐྱེན་གཉིས་པ་ནི་དགེ་རྒན་བཟང་པོ་ཞིག་དགོས་ཤིང་། དེ་ཡང་སློབ་གཙོ་བཟང་པོ་ཞིག་གིས་ཐོག་མར་བསྒྲུབ་རིགས་པ་ནི་དགེ་རྒན་བཟང་པོ་ཞིག་འཚོལ་བའམ། ཡང་ན་སྐྱེད་སྲིང་བྱ་དགོས་ལ། དགེ་རྒན་བཟང་པོ་ནི་གང་ཞེ་ན། དགའ་བ་གསུམ་དང་ལྡན་པ་སྟེ། དགའ་བ་གསུམ་ནི་སློབ་གསོ་ལ་དགའ་བ་དང་། སློབ་མ་ལ་དགའ་བ། དཔེ་ཀློག་ལ་དགའ་བཅས་སོ། །

ཆ་རྐྱེན་གསུམ་པ་ནི་དཔེ་མཛོད་ཁང་སྤུས་ལེགས་ཤིག་དགོས་ཤིང་། དེ་རུ་རྒྱུགས་སྤྲོད་དང་འབྲེལ་བའི་དཔེ་ཆ་ལས་གཞན་དུ་གནའ་དེང་གི་གསུང་རབ་གྲགས་ཅན་དང་། འཛམ་གླིང་ཤར་ནུབ་ཀྱི་བརྩམས་ཆོས་གྲགས་ཅན་མང་པོ་ཡོད་དགོས་ལ། གཙོ་བོ་ནི་སློབ་མའི་དཔེ་ཀློག་དང་འཚམ་པའི་དཔེ་ཆ་མང་པོ་ཡོད་དགོས་པ་དང་། གཞན་ཡང་དཔེ་མཛོད་ཁང་དུ་གློག་ཀླད་ཀྱི་སྒྲིག་ཆས་ཀྱང་ཡོད་རིགས་སོ། ། 

 ད་ལྟ་ཆ་རྐྱེན་དེ་འཛོམས་པ་ཅུང་དཀའ་ཡང་། གཞུག་ཕྱོགས་ངེས་པར་དུ་དྲ་རྒྱའི་སྒྲིག་ཆས་འཛུག་སྐྲུན་བྱ་དགོས་ཏེ། དྲ་རྒྱ་ནི་དེང་གི་གཞོན་རབས་པའི་འཚོ་བའི་ཁ་ཕྱོགས་དང་། སློབ་སྦྱོང་གི་ཁ་ཕྱོགས་ལ་འབྲེལ་བ་ངེས་ཅན་ཡོད་ཕྱིར། དྲ་རྒྱའི་ཐོག་ནས་རྗེས་སུ་ལུས་པ་ནི། སྒོ་ཀུན་ནས་རྗེས་སུ་ལུས་པ་ཉིད་དོ། །

སླར་བཤད་ན། སློབ་གསོ་ནི་དཔེ་ཀློག་ལ་དགའ་བའི་སློབ་གཙོ་ཞིག་དབུར་བཞུགས་ནས་དཔེ་ཀློག་ལ་དགའ་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་གིས་སློབ་མ་དང་མཉམ་དུ་དཔེ་ཀློག་བྱེད་པ་ཉིད་ཡིན་ལ། དེ་ནི་བལྟས་ན་སླ་ཞིང་། བསྒྲུབ་ན་དཀའོ། ། 

དེ་བཞིན་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ནི་ཅི་ཞིག་ཅེ་ན། དེ་ལ་ཡང་ཆ་རྐྱེན་གསུམ་ཏེ། དང་པོ་ནི། སློབ་མའི་དཔེ་ཀློག་གི་འདུན་པ་སྐྱེད་སྲིང་བྱེད་པ་དང་། གཉིས་པ་ནི། སློབ་མར་དཔེ་ཀློག་གི་ཁ་ཕྱོགས་སྟོན་པ་དང་། གསུམ་པ་ནི། སློབ་མར་དཔེ་ཀློག་གི་གོམས་གཤིས་ཆགས་པར་བྱེད་པའོ། ། 

 དོན་དེ་གསུམ་གྲུབ་པ་ལ། སློབ་མའི་རྒྱུད་ལ་ཚེ་གང་སློབ་གསོའི་རྒྱུ་ཚོགས་ཚང་བ་ཡིན་ལ། དེའི་འབྲས་བུ་ནི་བློ་ཡུལ་འགོངས་བའོ། ། དེ་ཡང་སློབ་མར་ཤོག་ཐོག་གི་དཔེ་ཆ་ཀློག་པར་སྐུལ་འདེད་དགོས་པར་མ་ཟད། ད་དུང་སློབ་མར་དྲ་ལམ་ནས་སློབ་སྦྱོང་བྱེད་པར་ཡང་སྐུལ་འདེད་དགོས་སོ། ། 

གཞན་ཡང་། སློབ་མ་ལ་འཚོ་བ་དཔེ་ཆར་ལྟ་བའི་གདམས་པ་སྟོན་དགོས་ལ། སློབ་མར་རང་ཉིད་ཀྱི་རྐང་འོག་གི་ས་གཞི་ཆེན་མོ་ངོ་ཤེས་སུ་འཇུག་དགོས། མདོར་ན་སློབ་མ་ལ་རང་ཉིད་ཀྱི་ཕ་ས་ཕ་ཡུལ་གྱི་ཡུལ་སྲོལ་རིག་གནས་དང་། ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་དཔལ་ཡོན་ལ་ངོས་ཟིན་འཐོབ་ཏུ་འཇུག་དགོས། བཤད་རྒྱུན་ལ། “ས་ཆུ་རེ་རེས་མི་རེ་སྐྱེད་སྲིང་བྱེད”ཅེས་པ་ནི་ཡུན་རིང་གི་ལོ་རྒྱུས་ལས་བྱུང་བའི་ཉམས་མྱོང་ཡིན་ལ། ལུང་པ་སོ་སོའི་མི་སེར་དག་གིས་རང་རང་གི་ཁོར་ཡུག་དང་འཚམ་པའི་འཚོ་གནས་ཀྱི་ཁ་ཕྱོགས་དང་། འཚོ་བའི་ཁ་ཕྱོགས་རྙེད་ཡོད་ལ། དེ་དང་བསྟུན་ནས་ས་གནས་དང་འཚམ་པའི་རིག་གནས་དང་ཤེས་བྱའང་གཞི་གྲུབ་པའོ། ། 

དེ་བས་ན། བདག་ཅག་གི་སློབ་གསོ་དང་། སྒོས་སུ་གཞི་རིམ་སློབ་གསོའི་སྡེ་ཁག་གིས་“གཞི་རིམ་གྱི་བསླབ་དེབ”རྩོམ་སྒྲིག་བྱས་ནས། ས་གནས་ཀྱི་སློབ་ཐུན་རྩ་འཛུགས་བྱེད་པ་དང་། ས་གནས་ཀྱི་སློབ་མ་ལ་ས་གནས་ཀྱི་རིག་གནས་དང་ས་གནས་ཀྱི་ཤེས་བྱ་སློབ་པར་སྐུལ་འདེད་དགོས་ཏེ། རང་གི་ཕ་ས་ཕ་ཡུལ་གྱི་རིག་གནས་ཀྱིས་བསྐྱེད་པའི་སློབ་མ་ནི། རྗེས་ཕྱོགས་ཡུལ་གྲུ་གང་དུ་ཕྱིན་ཀྱང་། རང་ཉིད་ལ་“རྩ་བ”ཡོད་པ་ཡིན་ནོ། ། 

མདོར་བཤད་ན། སློབ་མ་ལ་དཔེ་ཀློག་གི་འདུན་པ་དང་། དཔེ་ཀློག་གི་ཐབས་ལམ།དཔེ་ཀློག་གི་གོམས་གཤིས་བཅས་ཆགས་པར་བྱེད་པ་དང་། གཞན་ཡང་སློབ་མ་ལ་ས་གནས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་དུ་བཅུག་ནས། ཕ་ས་ཕ་ཡུལ་གྱི་རིག་གནས་ཀྱི་རྩ་བ་ཚུགས་སུ་བཅུག་པ་ན། སློབ་མ་ཞིག་ལ་མི་ཚེ་གཅིག་གི་འཕེལ་རྒྱས་ཀྱི་རྨང་བརྟན་པོར་བཏིང་ཟིན་པ་ཡིན་ལ། རྨང་གཞི་དེ་ཉིད་འདིང་བ་ནི་བདག་ཅག་གི་རྨང་གཞི་སློབ་གསོའི་རྩ་བའི་འགན་ཁུར་ཡང་ཡིན་ནོ། ། 

 སྤྱིར་ན། བདག་གིས་སློབ་གསོ་ཆེར་མི་གླེང་དོན་ཡང་། སྦ་གསང་མེད་པར་བཤད་ན། ཤ་ཚ་བའི་གཏམ་ལ་སྙན་མོ་མ་མཆིས་པ་དང་། བདག་ནི་ཆུ་ནང་ཉྭ་མོ་ཉམས་ལེན་ཆུ་ལ་ཅུང་ཟབ་པ་དང་། བདག་གིས་ནི་ང་ཚོས་རེ་སྙེག་བྱེད་བཞིན་ཡོད་པ་དང་། ང་ཚོས་སྒྲུབ་བཞིན་ཡོད་པའི་སློབ་གསོའི་ཁྲོད་ན་འགལ་འདུ་ཤིན་ཏུ་ཆེ་བར་མཐོང་ལ། ད་ལྟ་ནི་མཐོ་ས་ཁོ་ནར་སྙེག་ན་ལེགས་པར་འགྲུབ་པའི་དུས་རབས་ཤིག་མིན་པས། ང་ཚོ་དམའ་ས་བཟུང་བ་ན་ཆོག་མོད། གལ་ཏེ་ང་ཚོས་བར་མཚམས་ནས་འབད་པ་བྱས་ན་ནོར་འཁྲུལ་མི་འབྱུང་བར་ཕན་ཆེའོ། ། 

གཙོ་བོ་ནི་བདག་ཅག་གིས་ག་ལེར་ཁ་ཁུ་སིམ་པའི་ངང་སློབ་གསོ་བཅོས་སྒྱུར་བྱ་དགོས་ལ། དེ་ཡང་གྲོག་མཁར་དང་ནི་སྦྲང་རྩི་ལྟར་ཅུང་ཟད་ཅུང་ཟད་བསགས་ནས་འཕེལ་དགོས་ཤིང་། སློབ་མ་དག་ལ་རོགས་བྱེད་པའམ་གཞན་དོན་ལྷུར་ལེན་པའི་གོ་རིམ་དེའི་ཁྲོད་ནས་ཁྱོད་ལའང་ག་ལེར་འགྱུར་བ་བྱུང་སྟེ། ཁྱོད་ཀྱིས་རང་གི་ཚེ་སྲོག་གི་རིན་ཐང་ཚོར་ཡང་སྲིད་དོ། ། 

བདག་ཅག་གིས་སློབ་གསོ་བཅོས་སྒྱུར་བྱེད་པ་ལ་སྐུལ་འདེད་གཏོང་བ་ནི་རྩ་འཛུགས་མི་སྣས་དཔེ་ཀློག་གི་ཚོགས་འདུ་ཚོགས་པ་ནས་འགོ་བརྩམ་དགོས་ལ།དགེ་རྒན་གྱི་དཔེ་ཀློག་གི་ཚོགས་འདུ་དེར་སློབ་གཙོ་ཡང་དཔེ་ཆ་བ་དཀྱུས་མ་ཞིག་གི་ཐོབ་ཐང་གི་ཐོག་ནས་ཞུགས་འོས། དུས་ཚོད་གཏན་ཁེལ་བྱས་ནས་ཚང་མས་མཉམ་དུ་དཔེ་ཆ་ཀློག་པ་དང་། བགྲོ་གླེང་བྱེད་པ། དཔེ་ཆ་ཀློག་པ་དེ་ཡང་སློབ་གསོ་དང་སློབ་ཁྲིད་སྐོར་ལས་གཞན་དུ་རྩོམ་རིག་གི་སྐོར་དང་། སྤྱི་ཚོགས་རིག་པའི་སྐོར། ལོ་རྒྱུས་ཀྱི་སྐོར་སོགས་ཀློག་པར་རིགས་ལ། ཚང་མས་དཔེ་ཆ་མང་པོ་བཀླགས་ནས་དེ་ཉིད་ཐུན་མོང་གི་ཤེས་བྱ་རུ་གྱུར་རྗེས། ཚང་མ་མཉམ་རུབས་བྱས་ནས་སློབ་གསོ་ཇི་ལྟར་བཅོས་སྒྱུར་དགོས་པ་དང་། གཞི་རིམ་གྱི་སློབ་གསོ་ཇི་ལྟར་འཛུགས་སྐྲུན་འོས་པ་སོགས་ལ་བགྲོ་གླེང་བྱས་ཏེ། དཔེ་ཆའི་ནང་ནས་ཤེས་པའི་ཤེས་བྱ་ལག་ལེན་དངོས་ཀྱི་ཐོག་ཏུ་བཀོལ་དགོས་པ་ཡིན་ནོ།། 

གོ་རིམ་དེ་ནས་སློབ་གླིང་ནས་སློབ་ཁྲིད་རྐང་འཛིན་པའི་སྡེ་ཡང་ག་ལེར་འབྱུང་ངེས་ལ། དེ་ནི་རིམ་གྱིས་སློབ་མའི་ནང་དུ་ཡང་ཁྱབ་སྤེལ་བྱ་ཆོག ཁ་ཁུ་སིམ་པོའི་གོ་རིམ་དེའི་ཁྲོད་ནས་སློབ་གླིང་དུ་དཔེ་ཀློག་གི་མཁའ་དབུགས་ཀྱང་ངང་ངམ་ཤུགས་ཀྱིས་འབྱུང་ངེས་པས་ན། བདག་གིས་དེར་“ཁུ་སིམ་ངང་སློབ་གསོའི་གནས་བབས་བཅོས་སྒྱུར་བྱེད་པ”ཞེས་འདོགས་སོ། །

དེ་ནི་གྲག་མེད་འགུལ་མེད་དང་། བདེན་པ་བདེན་ཐུབ་ངང་། ཆུ་ཐིགས་བསགས་ནས་རྒྱ་མཚོ་ལྟར་དུ་ཚང་མས་སྒྲུབ་ཐུབ་ཏེ། དེ་ནས་ཁྱོད་རང་བརྩོན་སེམས་དང་ལྡན་པ་ཞིག་ཡིན་མིན་ཡང་མཐོང་ལ། ད་ལྟ་བདག་ཅག་གིས་སློབ་གསོ་ལ་འབོད་བརྡ་གཏོང་སྐབས་ཡོད་དགོས་པ་ནི་བརྩོན་སེམས་དང་ལྡན་པའི་མི་ཉིད་ཡིན་ནོ། །

རྩོམ་འབྲི་མཁན། ཆན་ལའེ་ཆུན་གྱིས་བརྩམས།  དུག་སྨྱུག་གིས་བོད་ཡིག་ཏུ་ཕབ།

རྩོམ་ཁུངས། གཉའ་ཁྲི་བཙན་པོ་བོད་ཡིག་འཕྲིན་སྟེགས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23544783
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།