གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ། སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ། སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-15ལྟ་ཀློག (7282)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ།  སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད། 

གང་གི་མཁྱེན་དཔྱོད་ནམ་མཁའི་ཀློང་ཡངས་ལས། ། 

ཐུགས་བསྐྱེད་རྟ་བདུན་སྣང་བའི་མཛོད་འཛིན་པ། ། 
བཅུ་ཕྲག་རིག་པའི་འདབ་སྟོང་འཛུམ་དཀར་ཅན། ། 
འཁྲུངས་པའི་དགའ་སྟོན་རྒྱལ་ཆེན་ཨེ་མ་རྨད། ། 

དགེ་ལེགས་དཔལ་གྱིས་ཕྱུག་པའི་ཤེས་རིག་གླིང་། ། 
ཤེས་རབ་ཉིན་བྱེད་འོད་ཀྱིས་ཡོངས་སུ་གཏམས། ། 
ཤེས་རིག་ནོར་བུའི་གཟི་མདངས་ཀུན་ལ་ཁྱབ། ། 
མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་གུས་པས་བསུ། ། 
         ཞེས་མཐར་ཕྱིན་དང་བོའི་འཕྲིན་ལས་ཀྱིས་ཕུལ། 

       

 དེ་རིང་ནི་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཏེ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་བཀྲ་ཤིས་འཁྲུངས་སྟོན་གྱི་ཉིན་མོ་རེད། ནམ་རྒྱུན་འཁྲུངས་སྟོན་བསླེབ་ལ་ཉེ་སྐབས་གནམ་གཤིས་ཅུང་འཁྱག་པོ་ཡིན་པས་ང་ཚོས་བོད་ལྭ་མཐུག་པོ་རེ་གྱོན་ནས་རང་སྦྱོང་དང་སློབ་གསེང་གི་དུས་ཚོད་མཐའ་དག་སྤྱད་དེ་སློབ་གྲྭའི་འཁྲུངས་སྟོན་ལ་གླུ་གར་གྱི་རྩེད་མོ་གྱ་ནོམ་པ་རེ་གྲ་སྒྲིག་བྱས་པ་ཡིན། ད་ལོར་ནད་ཡམས་ཀྱི་དབང་གིས་ང་ཚོ་མ་ཡུམ་སློབ་གྲྭའི་པང་ཁུག་ཏུ་མཉམ་འཛོམས་བྱུང་མ་ཐུབ་ལ། སྐུ་དྲིན་ཆེ་བའི་དགེ་རྒན་དམ་པ་རྣམས་དང་ཡང་དངོས་སུ་ཞལ་མཇལ་མ་ཐུབ་པས་སེམས་སུ་བྱ་བ་ཧ་ཅང་གལ་ཆེན་གང་ཞིག་མ་འགྲུབ་པ་ལྟར་སྟོང་སངས་པ་ཞིག་ཏུ་གྱུར །ངའི་མ་ཡུམ་སློབ་གྲྭ།  ད་ལོར་ངས་ཁྱེད་ཀྱི་འཁྲུངས་སྐར་ལ་གླུ་གར་གྱི་ལེགས་སྐྱེས་ཅི་ཡང་གྲ་སྒྲིག་ཞུ་མ་ནུས་མོད། ཡིན་ནའང་ངས་ཕ་ཡུལ་དུ་རྟག་པར་ཁྱེད་རང་གླེང་བཞིན་ཡོད། ཁྱེད་ཀྱི་སྐུ་དྲིན་གྱིས་བསྐྱངས་པའི་ཕུ་ནུ་དག་ཀྱང་རྟག་པར་དྲན་བཞིན་ཡོད། 

  མ་ཡུམ་ལགས། འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན། 
སློབ་བུ་དམེ་གཡང་རྟེན་གྱིས་བོད་ཟླ་དགུ་བའི་ཚེར་ཉེར་གཉིས་ཉིན་ཕ་ཡུལ་དུའོ། །

བསླུ་མེད་རྟེན་འབྱུང་གནད་ཀུན་འཛིན་མཁས་རིག་བྱེད་སྣང་བའི་རྩིབས་སྟོང་ཅན། །
རྣམ་དཔྱོད་གཤོག་ཟུང་གར་དུ་རྩེན་པའི་བརྩོན་ལྡན་བུང་བ་སྐྱོང་བའི་གཉེན། །
ངོ་མཚར་སློབ་གླིང་འདམ་སྐྱེས་དོ་རིག་གཞུང་དྲི་བསུང་སྒྲེག་པ་མོ། །
འཁྲུངས་པའི་དགའ་སྟོན་གཡང་གིས་ཚེས་ལ་ལྷར་བཅས་སྐྱེ་དགུ་དགའ་བས་བསུ། །       
    ཞེས་སློབ་བུ་འཇིགས་མེད་གྲགས་པས་གུས་ཕུལ། 

ཤིས་ཚིག

ཤེས་རིག་མོད་པའི་སྐྱེད་ཚལ་འདི་ཀ་ཆར་གྱིས་གསོས་ཤིང་ཉི་འོད་བཀྲ། །
ཤེས་བྱའི་མཛོད་ཀྱི་ལྡིང་ཁང་འདི་རུ་རྣམ་དཔྱོད་འབར་བའི་གསེར་སྦྲང་འཕུར། །
སྤྱོད་ཡོན་གཉིས་ལྡན་སྐྱེས་བུ་རྣམས་ཀྱི་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་ཡི། །
ངོ་མཚར་དགའ་སྟོན་མངོན་པར་ཚེས་ལ་ལྷར་བཅས་དགའ་བའི་གར་ལ་རོལ། །
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྟོན་ལ་མཐར་ཕྱིན་གཉིས་པའི་སློབ་མའི་གྲལ་མཐའ་བ་ཚེ་རིང་གིས་གུས་ཕུལ།

ཤིས་ཚིག་སྨྲ་བའི་འབབ་སྟེགས།
གང་གི་ཕྱག་རྗེས་གངས་ཀྱི་ལྷུན་པོ་ལ། །
མཛད་འཕྲིན་ཉིན་བྱེད་སྣང་བའི་གཟི་འབར་བས། །
མང་ཐོས་རལ་བའི་ཁུར་གྱིས་རབ་བརྗིད་པ། །
དྲན་དབང་འཕྲོག་བྱེད་ང་རོས་ལྗོངས་འདིར་འགེངས། །

མཚན་ལྡན་བཤེས་གཉེན་དུ་མས་གྲལ་མཐའ་བསྐོར། །
ལྔ་རིག་འོ་བཅུད་ཡར་ངོའི་ཟླ་ལྟར་འཕེལ། །
སློབ་གསོའི་སྦྲང་བཅུད་མྱོང་བའི་གཞོན་སྐྱེས་དག །
མ་ཡུམ་གླིང་འདིར་ཤིས་བརྗོད་ཡང་ཡང་ཞུ། །

དུས་ཀྱི་མཐར་ཡང་ཁྲེལ་དང་ཕྱི་ཐག་བརྟན། །
སྤྱི་ཕན་དཔག་བསམ་ཡོངས་འདུ་མཁའ་རུ་རྩེན། །
རིགས་ཀྱི་ཞེན་ཁོག་གཅིག་པའི་མཁས་གྲལ་ན། །
འཇིགས་པ་མེད་ཅེས་ངོ་མཚར་ལྷ་ཡིས་སྒྲོག །
མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྐར་ལ་དགའ་དད་ཟུང་གིས་མཐར་ཕྱིན་གཉིས་པའི་སློབ་བུ་རྭ་རྒྱ་རྟ་མགྲིན་སྐྱབས་ཀྱིས་གུས་ཕུལ།

ཤིས་ཚིག

ཐབས་ཤེས་ཉི་ཟླའི་འོད་ཟེར་ངོགས་སུ་བདེན་པའི་བ་དན་མཐོ་རུ་བསྒྲེངས། ། 
ཐུགས་བསྐྱེད་ཟབ་མོའི་རླབས་ཕྲེང་རྩེ་ན་བྱམས་བརྩེའི་གྲུ་ཆུང་ལྡེམ་ལྡེམ་གཡོ། ། 
རྣམ་སྨིན་ལས་ཀྱི་རྨོངས་མུན་སྟུག་པོ་རིང་ནས་རིང་དུ་སྐྲོད་མཛད་མཁན། ། 
བདག་བློའི་བསོད་ནམས་ཞིང་དུ་ཤར་བའི་བཤེས་གཉེན་སྤྱི་བོའི་གཙུག་ཏུ་མཆོད། ། 

ལེགས་ཚོགས་སྟོང་གི་བཀྲ་ཤིས་ཆར་བས་གླིང་གཞིའི་ཁྱོན་ལ་མཛེས་སྡུག་སྩོལ། ། 
གནའ་དེང་ཤེས་བྱར་ཐོས་བརྩོན་ཟུང་གིས་ཕུགས་ཀྱི་འདུན་མའི་གཟི་དཔལ་ངོམས། ། 
སྔོན་བྱོན་མེས་པོའི་བདུད་རྩིའི་འོ་མཚོ་དུས་ཀུན་འཛད་མེད་འཁྱིལ་བའི་སྡེ། ། 
མ་ཡུམ་འཇིགས་མེད་ཤེས་རིག་གླིང་མཆོག་ནམ་ཡང་མི་འཇིག་རྟག་བརྟན་ཤོག ། 

རིག་གཞུང་རྒྱ་མཚོའི་འཇིངས་སུ་རྩེན་པའི་ཆོལ་གསུམ་ཕུ་ནུའི་དཔུང་རྡང་ལ། ། 
རྣམ་དཀར་དགེ་བའི་སློབ་གསོའི་ཚེ་ནོམ་དམ་ཚིག་རི་མོའི་ཟོལ་གྱིས་མཛེས། ། 
འཕྲོག་བྱེད་ཟུར་མིག་གར་སྟབས་རྩེན་པའི་དུས་རབས་གསར་བའི་འདུ་འགོད་ལ། ། 

ངོ་མཚར་གཤོག་ཟུང་མཁའ་རུ་བསྐྱོད་པའི་དབྱངས་གསལ་སོ་གཞིའི་འཕུར་ལམ་ཡངས། ། 

མཐར་ཕྱིན་གཉིས་པས་མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ལ་ཕུལ།

ཤིས་ཚིག་སྙིང་གི་རོལ་མོ།
རིགས་ཞེན་གཡུ་རལ་གངས་ཀྱིས་བསྩལ་ཅིང་ལ་རྒྱའི་གད་རྒྱངས་འབྲུག་ལྟར་ལྡིར། །
རིགས་ཀྱི་མདུན་ལྗོངས་ཐུགས་སུ་བཏགས་ཏེ་ཉམ་ཆུང་སློང་མོའི་ཚུལ་ཡང་མཛད། །
རིགས་སྨྲའི་ཁྱུ་མཆོག་གཅིག་ཏུ་བསྡུས་ནས་སློབ་གསོའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །
རིགས་ལ་དུང་བའི་སྐྱེས་བུ་ཆེན་པོ་འཇིགས་མེད་རྒྱལ་མཚན་དུས་གསུམ་རྒྱལ། །

གཞུང་ལུགས་རྒྱ་མཚོའི་ཕ་མཐར་བརྒལ་བའི་མཚན་ལྡན་དགེ་བའི་བཤེས་གཉེན་དང་། །
ལྔ་རིག་འོ་མའི་བཅུད་ཀྱིས་གསོས་པའི་སྣོད་ལྡན་བོད་ཕྲུག་རྣལ་མའི་ཚོགས། །
སྔོན་བྱོན་དམ་པའི་རྗེས་ཤུལ་སྙེག་པའི་སྙིང་སྟོབས་ཞབས་རྗེས་རྟག་བརྟན་ཅིང་། །
གངས་ལྗོངས་ཤེས་རིག་ནོར་བུའི་གཟི་དཔལ་ཕྱོགས་བཅུའི་མཐའ་རུ་སྤྲོ་བར་ཤོག །   
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྐར་ལ་དམའ་གཉིས་འཛིན་གྲྭས་ཕུལ། 

འཁྲུངས་སྟོན་རྟེན་འབྲེལ་དགའ་བ་འབུམ་གྱིས་བསུ།

ཤེས་རིག་ནོར་གླིང་རྟ་བདུན་དབང་བོ་མཆོག།
སྐྱ་རེངས་གཏོར་ནས་མི་ཡུལ་འཇིག་རྟེན་འདིར།།
སློབ་བུ་ཀུན་དའི་དཔལ་དུ་འཁྲུངས་ནས་ལོ།།
ཉེར་བརྒྱད་སོན་པའི་རྟེན་འབྲེལ་སྤྲོ་བའི་བསུ།།

རིག་པའི་གཤོག་ཟུང་རིང་དུ་བསྐྱོད་བའི་མཁའ།།
དཔྱོད་ལྡན་ཉ་མོ་སྟོང་ཕྲག་འཁྱུག་པའི་མཚོ།།
ཤེེས་ཡོན་གཏེར་མཛོད་ཁོག་ཏུ་སྦྲུམ་པའི་ཞིང་།།
མ་ཡུམ་སློབ་གླིང་རིག་པས་ཤིས་གྱུར་ཅིག།

འཇིགས་མེད་ལྷ་ཡི་སྲས་པོའི་ལྷག་བསམ་གྱིས།།
ཕྱག་ཟུང་བསྐྱངས་ནས་ཤེས་རིག་སློབ་གླིང་བཞེངས།།
དབྱངས་གསལ་གཉིས་ལ་ཞེན་པའི་སློབ་བུ་ཚོས།།
ཉེར་བརྒྱད་ལོན་པའི་འཁྲུངས་སྐར་དགའ་བས་བསུ།

འཕགས་མཆོག་མི་ཡི་ཚུལ་བྱོན་སློབ་དཔོན་རྣམས།།
གང་བྱས་ཆོས་ཀུན་འགག་མེད་ལྷུན་འགྲུབ་ངང་།།
སྐུ་ཚེ་བསྐལ་པ་རྒྱ་མཚོར་ཡོངས་བརྟན་ཅིང་།།
མཛད་པ་འཕྲིན་ལས་རྒྱས་པའི་འཁྲུངས་སྟོན་བསུ།།

རྣམ་དཔྱོད་རྩལ་གྱིས་འཕུར་བའི་སློབ་བུའི་ཚོགས།།
རིག་པའི་གཤོག་ཟུང་ཁོ་ལག་རྒྱས་པ་དང་།།
སྲོལ་རྒྱུན་རིག་གཞུང་པདྨ་དཀར་བོའི་ཚོམས།
ཡངས་པའི་ས་གཞིར་བཞད་པའི་འཁྲུངས་སྟོན་བསུ།།
མཐོ་གཉིས་དང་བོའི་ཀརྨ། 

 ༄༅།།ཤིས་ཚིག་ཡིད་ཀྱི་རེ་སྨོན།
 ༡
འཇིགས་མེད་སྤོབས་པ་འཇིགས་བྲལ་མདུན་དུ་བསྐྱོད།།
གྲགས་སྙན་གཡུ་འབྲུག་སྔོན་མོ་ལྡིར་བ་བཞིན།།
བདག་ཅག་ཡན་ལག་མཆོག་གི་ཅོད་པན་དུ།།
ཞབས་ཟུང་རྣམ་པར་བསྟེན་ནོ་སྐྱབས་མགོན་རྗེ།།
ཟབ་གསལ་མཁྱེན་རབ་འོད་ཟེར་སྟོང་དང་ལྡན།།
གཞུང་ལུགས་འབུམ་སྡེའི་ཀ་བ་འདི་ནས་བཙུགས།།
རྣམ་གཡེང་ལེ་ལོས་དུས་འདའ་བླུན་པོའི་ཚོགས།།
སྙིགས་མའི་དུས་འདིར་མགོན་ཁྱོད་དྲོད་ཁོལ་ཡིན།།
བྱམས་དང་བརྩེ་བའི་འཛུམ་དཀར་ཟླ་བ་འདྲ།།
བདག་ཅག་ཡིད་ཀྱི་མུན་པ་གཏིང་ནས་བསལ།།
ཤེས་རིག་འོ་མཚོ་འཕྱུར་བའི་སློབ་གླིང་འདི།།
བསིལ་ལྡན་གངས་ཀྱི་རི་བོའི་དབུ་རྒྱན་ཡིན།།
ཡུལ་གྲུ་ཀུན་ཏུ་དགའ་སྤྲོའི་ཕུན་ཚོགས་བྲལ།།
ནད་མུག་རབ་ཏུ་འཁྲུག་པའི་དུས་ངན་འདིར།།
བྱམས་བརྩེ་ཀུན་ལྡན་དྲིན་ཆེན་སློབ་དཔོན་དག།
བྱང་ཕྱོགས་གངས་ལ་འགྱིང་བའི་སེང་གེ་ཡིན།།
 ༥
དམ་ཚིག་གཙང་མས་ཕན་ཚུན་བྲལ་ནའང་།།
སྣ་ཚོགས་ཐབས་ཀྱི་སྒོ་ནས་སློབ་ཁྲིད་གནང་།།
གདུལ་བྱའི་ཁམས་དང་མོས་པ་ཇི་བཞིན་སྐྱོང་།།
གངས་ཅན་ཁ་བའི་ལྗོངས་ཀྱི་མུན་སེལ་ཡིན།།
དགུན་གཞུང་རིང་མོར་འཛོམས་པའི་སྐབས་མ་མཆིས།།
མཉམ་དུ་ཤེས་རིག་འོ་མཚོ་འཐུང་མ་ཐུབ།།
བགྲང་བྱ་ཉེར་བརྒྱད་འཁོར་བར་མ་འཛོམས་ཀྱང་།།
མི་རིང་མྱུར་དུ་འཛོམས་པའི་སྨོན་ལམ་འདེབས།།
ཚེ་རབས་ལས་ཀྱིས་བསྐྱེད་པའི་ལམ་ཁ་རུ།།
གངས་ཅན་ལྗོངས་ཀྱི་གཙུག་གི་རྒྱན་གྱུར་པའི།།
ཤེས་རིག་ཉི་ལྟར་གསལ་བའི་སློབ་གླིང་འདིའི།།
མི་ལོ་ཉེར་བརྒྱད་འཁོར་བའི་འཁྲུངས་སྐར་བསུ།།
མ་ཡུམ་སློབ་གྲྭའི་སྐུ་ཚེ་བརྟན་པར་ཤོག།
མ་ཡུམ་སློབ་གྲྭའི་མཛད་འཕྲིན་རྒྱས་པར་ཤོག།
མ་ཡུམ་སློབ་གྲྭ་ཀུན་ལས་རྒྱལ་བར་ཤོག།
མ་ཡུམ་སློབ་གྲྭའི་ཞབས་ཟུང་བརྟན་པར་ཤོག། 
 ཅེས་མེ་ཕུང་ངམ་འཇིགས་མེད་རྒྱ་མཚོ་རུ་འབོད་པས་རང་དགོན་དགའ་ལྡན་རབ་རྒྱས་གླིང་དུ་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་དུ་༢༠༢༢ལོའི་ཟླ་༡༡་ཚེས་༡༤ཉིན་གང་ཤར་དུ་བྲིས་པའོ།།

ཤིས་བརྗོད།
འོད་དཀར་ཅན་གྱིས་ས་མོས་འདབ་མ་རྒྱས། །
ལེགས་ལྡན་དཔྱིད་ཀྱིས་ཆར་དུས་ལང་ཚོའི་དཔལ། །
བརྩེ་ལྡན་འཇོར་སྒེག་དྲུག་བཅུ་ངག་གི་དབྱངས། །
ཐོགས་པ་མེད་པའི་ཡེ་ཤེས་ནོར་ཀུན་སྩོལ། །


དགའ་བ་འབུམ་ལྡན་གངས་ལྗོངས་ནོར་བུའི་དཔལ། །

དཔལ་ལྡན་མཁས་པའི་གཞུང་བརྒྱ་ཆུ་གཏེར་རླབས། །
གྲིབ་བསིལ་དུད་པའི་དཔག་བསམ་ནོར་བུ་ཀུན། །
འཛད་མེད་འཕྲིན་ལས་དབྱར་ལྟར་གསལ་གྱུར་ཅིག །

ལུས་སྲོག་རྒྱན་གྱིས་སྡུག་པའི་སྙན་ཚིག་ཀུན། །
དགའ་བས་བྲིས་ཏེ་དམ་པ་ལར་སྐྱེས་སུ་ཕུལ། །
སྐལ་བཟང་བསིལ་ཟེར་འཇོ་བའི་ཆུ་ཤེལ་དབང་། །
ཕྱོགས་དུས་ཀུན་ཏུ་གྲགས་སྙན་རྒྱས་གྱུར་ཅིག །
༢༠༢༢•༡༡•༡༥ཉིན་ལ་མཐོ་གཉིས་དང་བོའི་བསྟན་འཛིན་ཚེ་རིང་གིས་བྲིས

 

ག༵ངས་ཀྱི་རྭ་བར་འཁྲུངས་པའི་དགེ་སློང་གིས།།

ལྗོ༵ངས་ཉུལ་བག་ཕེབས་འདྲེ་མོས་མ་ཟིན་པར།།
ཤེ༵ས་བྱའི་ནོར་གྱིས་དབུལ་བའི་བོད་ཕྲུག་ཚོར།།
རི༵ག་པའི་བང་མཛོད་བསྐྲུན་པ་ཨེ་མ་རྨད།།

ནོ༵ར་ལ་མ་ཆགས་གང་ཐོབ་གཞན་ཕྱིར་བཏང་།།
བུ༵་ལྟར་ཀུན་ལ་ཁྱད་མེད་བརྩེ་གྱུར་པའི།།
སློ༵བ་དཔོན་བཀྲེས་པོའི་སྐུ་ཚེའི་ཕྱག་ཟུང་ནི།།
གླི༵ང་གཉིས་འཁོར་ཚོཊ་སྐྱོར་བའི་སྲུང་མ་ཡིན།།

འཁྲུ༵ངས་པའི་སྐྱེས་བུ་ཀུན་གྱི་མཆོག་ཉིད་ཀྱིས།།
ན༵ས་ལས་འབྱུང་ཁུངས་ཙམ་ཡང་མི་ཤེས་པའི།།
ལོ༵་ཟླ་ཟས་ཀྱིས་ཚར་བའི་ང་འདྲའི་འགྲོར།།
འཁོ༵ར་བ་མ་སྟོང་བར་དུ་ལམ་སྟོན་མཛོད།།

ཉེ༵ར་གཅིག་དུས་སུ་སྨན་པའི་སློབ་གླིང་གང་།།
བརྒྱ༵ད་གཉིས་ལང་ཚོར་རོལ་བའི་གཞོན་ནུའི་ཁྱུར།།
པ༵་སངས་ཀྱིས་མཚོན་སྐར་མའི་འཁོར་བསྐྱོད་སོགས།།
ངོ་མཚར་གསང་བ་འཆད་པའི་གཞུང་ལུགས་ཡིན།།
ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྟོན་བསུ།
 འཛིན་གྲྭ་མཐོ་གཅིག་གཉིས་པའི་སློབ་བུ་འཇིགས་བྲལ་གྱིས་ཕུལ།  2022.11.14 མཚན་མོར་བྲིས་ཤིང་གྲུབ།

སློབ་གླིང་གསུམ་ལྡན་མ།
མུ་མེད་དྭངས་གཙང་སྤང་ལྗོངས་སྔོན་མོའི་ཕང་བ་མིན།།
ཁང་བ་ཁང་བརྩེགས་བརྒྱན་པའི་གྲོང་ཁྱེར་ཆུང་ཆུང་མེད།།
རྩྭ་མེད་སྤྱི་ཐེར་རི་བོ་གཏོར་གཟུགས་མུ་ཁྱུད་འབྲེལ།།
རྨ་ཀླུང་རིང་མོས་ང་རོ་འབྱིན་པའི་འགྲམ་དུ་ཆགས།།

ཁ་བ་གངས་རིའི་ལྗོངས་འདིར་མཁས་གྲུབ་གཉིས་ལྡན་གྱི།།   
གཟུར་གནས་དམ་པ་ལུ་གུ་རྒྱུད་དུ་ཟམ་མ་ཆད།།   
བྱོན་པའི་གསུང་ཟབ་ཚིག་ཟུར་རེར་ཡང་རིག་པའི་གནས།།   
དབེན་པར་སྦྱོངས་ཞེས་མགྲིན་གཅིག་དགོངས་པ་ཟབ་མོར་འདུག།

རང་རིགས་བོད་པའི་མ་འོངས་འཚོ་གནས་ཐུགས་ལ་དགོངས།།  
རིག་གནས་ཐོབ་འདོད་གྲྭ་བཙུན་མ་ཟད་མི་སྐྱ་ཀུན།།
རིགས་ལ་བཅངས་པའི་ལྷག་བསམ་སྙིང་སྟོབས་དཔོག་དཀའ་བའི།།
གངས་ལྗོངས་ཤེས་རིག་གླིང་གི་དགེ་རྒན་གཙུག་ཏུ་བཀུར།། 

མི་རིགས་གང་ཡིན་སྐད་དང་རིག་གནས་སྟེང་ནས་འཇོག།  
རང་གི་རིག་གནས་བསྐྲུན་པའི་བག་ཆགས་འདུ་ཤེས་དང་།།   
ཕྱི་ཡུལ་སྤྱོད་ལམ་ནང་སེམས་གཤིས་ལུགས་ལ་སོགས་པ།།
གཞན་གྱིས་བཀོད་འདོམས་གཏོང་དཀའ་རིགས་ཞེན་ཨེ་མ་རྨད།།

དགེ་རྒན་རྐོས་ཕོར་སློབ་མ་ཚ་ཚའི་དཔེ་བཞིན་དུ།།   
བཤེས་གཉེན་དམ་པའི་སློབ་གསོའི་བག་ཆགས་ཀྱིས་བསྐྱངས་པས།།  
སློབ་མའི་བརྩོན་སེམས་གུས་ལུགས་ཀུན་ལེགས་པའི།།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཡང་རྩེར་འབར།།
ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྟོན་བསུ།
 ཚེ་རིང་བཀྲ་ཤིས།  མཐོ་གཅིག་གཉིས་པ།   

༅།། ཤིས་ཚིག

ཨེ་མ་ངོ་མཚར་ནམ་མཁའི་དབྱིངས་སུ་ཉི་ཟླ་གསལ་ལེར་མངོན་པའི་ཉིན།།
རྨ་ཀླུང་རིང་མོའི་ཁུག་སོར་ཆགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་།།
དཔྱོད་ལྡན་སློབ་བུ་གྲངས་མང་ཞིག་གིས་ཤེས་བྱའི་བཅུད་ལ་རོལ་བའི་གནས།།
མ་ཡུམ་སློབ་གྲྭའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ས་གསུམ་ཁྱབ་པར་སྨོན།།
                       
ཕྱི་ན་གངས་རིས་ཡོངས་སུ་བསྐོར་བའི་ཆོས་ལྡན་བྷོ་ཊའི་ཞིང་ཁམས་སུ།།
ལྔ་རིག་ཤེས་བྱའི་གཏིང་རིམ་ཟབ་པའི་མ་ཡུམ་གངས་ལྗོངས་ཤེས་རིག་གླིང་།།
བརྩོན་ལྡན་སློབ་བུའི་མདུན་ལམ་འཚོལ་སའི་འོད་ཀྱིས་ཁེངས་པའི་ཕ་ཁྱིམ་ལགས།།
ཁྱེད་ཀྱི་འཁྲུངས་སྟོན་བཀྲ་ཤིས་ཉིན་མོ་ང་ཚོས་དགའ་བ་འབུམ་གྱིས་བསུ།།
 ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྟོན་ཉིན་མོ་ལ་བཀྲ་ཤིས་རྟེན་འབྲེལ་དུ་འབྲིང་རིམ་འཛིན་གྲྭ་གཉིས་པའི་སློབ་བུ་ནོར་བུ་རྒྱལ་མཚན་གྱིས་ཕུལ།

༄༅།།  འཁྲུངས་སྐར་བསུ།                             
ཡིད་འོང་རིག་པའི་འོད་སྟོང་འབར།། 
ཕང་འགྲོའི་རྒྱུད་མངས་རྣམ་དཀྲོལ་བ།། 
ངག་རིག་པི་ཝང་དབྱངས་སྙན་དེས།། 
བདག་བློའི་མ་རིག་མུན་པ་འཇོམས།།

བརྩེ་སེམས་འོ་མའི་རླབས་ཕྲེང་གཡོ།། 
དུང་བའི་ཉ་མོས་འཁྱུག་རྩལ་ངོམ།། འ
བདག་ཡིད་པདྨའི་དགའ་ཚལ་དུ།། 
བྱམས་བརྩེའི་འདབ་མ་ལྷུག་པར་གྲོལ།། 

སྐལ་མཉམ་གྲོགས་དང་ལྷན་གཅིག་ཏུ།།
གངས་ལྗོངས་ཤེས་རིག་སློབ་གླིང་འདིར།། 
བདག་སེམས་འོ་མའི་རླབས་རྒྱུན་ཁྲོད།། 
དགའ་བ་འབུམ་གྱིས་འཁྲུངས་སྐར་བསུ།། 

ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་ཉེར་བརྒྱད་པའི་འཁྲུངས་སྟོན་ཉིན་མོ་ལ་བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ་འབྲིང་རིམ་འཛིན་གྲྭ་གཉིས་པའི་སློབ་བུ་ཐུབ་མཆོག་རྒྱ་མཚོས་ཕུལ།

འཁྲུངས་སྟོན་ལ་ཕུལ་བའི་མཆོད་པ། 
རྩོམ་འབྲི་བ།   བྱང࿐ལྷ་དར།  མཐོ་གཉིས་གཉིས་པ། 

རིགས་ཞེན་གངས་རིའི་འཕྲོག་བྱེད་ཀྱིས། ། 

རིགས་ཕན་གངས་རིའི་རྒྱལ་མཚན་ཕུབ། ། 
རིགས་སྨྲ་གངས་རིའི་མཁས་དབང་ཚོས། ། 
རིགས་སྲས་གངས་རིའི་དཔའ་བོར་བསྔགས། ། 


ཤེས་རིག་ཤེས་ཡོན་གྱིས་ཕྱུག་པའི། ། 

ཁྲིམས་ལྡན་ཁྲིམས་གཙང་གི་སློབ་དཔོན། ། 
ལྷག་བསམ་ལྷག་པར་རབ་མཐོ་བ། ། 
སློབ་ཡུལ་སློབ་གྲྭ་འདིར་འཛོམས་སྤྲོ། ། 

རིག་འབྱུང་མ་ཡུམ་གླིང་ནས། ། 
ཡོན་ཏན་འོད་ཀྱི་གོང་བུ། ། 
གངས་ཅན་ཁ་བའི་ལྗོངས་སུ། ། 
འཚེར་བ་གཟི་བྱིན་ཆེའོ། ། 

གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་བར་སྙན། ། 
གཟུར་གནས་ལྷག་བསམ་ཅན་གྱི་དེད་དཔོན་བྱོན། ། 
སྣོད་ལྡན་སློབ་མ་ཤེས་རིག་གླིང་དུ་འཚམ། ། 
ཤེས་བྱའི་དགའ་ཚལ་འདི་ཉིད་ཨེ་མ་རྨད། ། 

དགའ་དད་མོས་པའི་གངས་ཕྲུག་གི་ཁྱུ་ཚོགས། ། 
རིག་གཞུང་མང་འདུས་ཚད་ལྡན་གྱི་གླིང་གར། ། 
མི་ཉམས་དར་ཞིང་དར་རྒྱས་ཀྱི་སྨོན་འདུན། ། 
བཀྲ་ཤིས་ཕྱྭ་གཡང་བདེ་བླག་ངང་སྩོལ་ཀྱེ། ། 

ཤིས་ཚིག་ཡིད་ཀྱི་མཆོད་སྤྲིན།
མཛོད་དགེ་འཇིགས་མེད་བརྩོན་འགྲུས། མཐོ་གཉིས་གཉིས་པ། 
དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །
ཟབ་རྒྱས་གདམས་པའི་སྲོལ་འབྱེད་ཀླུ་ཐོགས་ཞབས། །
དེ་དོན་གསལ་མཛད་འཇམ་མགོན་ཙོང་ཁ་བ། །
སྲས་དང་བརྒྱུད་པར་བཅས་ལ་སྙིང་ནས་འདུད། །

ཐོན་མི་ཨ་ནུའི་ཐུན་མིན་སློབ་གསོ་ཉིད། །
ཕྱོགས་མཐར་སྤེལ་མཁས་གངས་ཅན་མགྲིན་པའི་རྒྱན། །
ལོག་སྨྲའི་ཝ་ཚོགས་སྙིང་རྩ་འཇོམས་མཛད་པའི། །
སློབ་དཔོན་འཇིགས་མེད་རྒྱལ་མཚན་གཙུག་གིས་མཆོད། །

སྐྱེས་སྟོབས་བློ་གྲོས་རབ་མྱུར་རླུང་གཤོག་ཅན། །
ལྔ་རིག་ཤེས་བྱའི་ཆུ་གཏེར་འཇིང་དཔག་པ། །
གཞན་ཕན་རྣམ་ཐར་མགྲིན་པར་འདེགས་སྤྲོ་བའི། །
སློབ་དཔོན་ཚུལ་ཁྲིམས་རྒྱ་མཚོ་གཙུག་གིས་མཆོད། །

ལྗགས་རྡུལ་རེ་ལ་དབྱངས་ཅན་རྒྱུད་མངས་ཅན། །
འཆད་ཁྲིད་འོད་སྣང་གསལ་བའི་ལམ་སྟོན་མཁན། །
ལྔ་རིག་མཁན་པོའི་རབ་དང་ཕུལ་གྱུར་པ། །
སློབ་དཔོན་ཡོན་ཏན་རྒྱ་མཚོ་གཙུག་གིས་མཆོད། །

ཡ་བུག་འབྲུ་དྲུག་འཛིན་མའི་ལྟོ་བ་རུ། །
བློ་གསལ་བུང་བའི་གཤོག་གླུ་ལེན་ས་འདི། །
རྣམ་དཔྱོད་རྭ་ཁ་བརྡར་བའི་དཔའ་བོ་ཚོས། །
གངས་རིའི་མཁའ་ལ་ཉི་ཟླ་ཇི་བཞིན་དྲངས། །

ཨེ་མ་སྔོན་སྨོན་ཐུགས་བསྐྱེད་བཟང་བོའི་མཐུས། །
གང་འདུལ་ཐབས་མཁས་རིག་པའི་སྒྲོན་མེ་ཚོས། །
རང་སྡེ་མུན་པའི་རྒྱ་ལས་གྲོལ་བྱས་ཏེ། །
གཙུག་ལག་ཆུ་གཏེར་བྱེ་བའི་དགེ་ལེགས་བྱིན། །

མི་རིགས་བླ་སྲོག་ཉམ་ང་གསོ་བའི་ཁུར། །
འཇིགས་མེད་སྙིང་སྟོབས་ཟླ་མེད་སྤྲོ་བས་བཞེས། །
དེ་ཕྱིར་གཟུར་གནས་དཔྱོད་ལྡན་སུ་དང་གང་། །
རིས་མེས་མཁྱེན་ལྡན་ཁྱེད་ལ་སྙིང་ནས་གུས། །

གྲུབ་མཐའི་རྩོད་ཉོག་མི་ལྡན་རིས་མེད་ཅིང་། །
ས་དགེ་བཀའ་རྙིང་ཇོ་འབྲུག་བན་བོན་བཅས། །
རིག་པའི་རླུང་གཤོག་སྟངས་སྟབས་བསྒྱུར་ས་འདིར། །
རང་དགར་འདུ་ཞིང་དད་སེམས་ཁྱེད་ལ་ཤོར། །

སྙིགས་མའི་རང་མཚང་མཚོ་ལྟར་བརྡོལ་བའི་དུས། །
གཞན་ཕན་བདུད་རྩི་རླབས་ཀྱི་ཟེགས་མ་འདི། །
དུས་དང་གནས་བབས་ཅི་ཙམ་འགྱུར་ན་ཡང་། །
ཤེས་རིག་ནོར་བུའི་གླིང་ནས་འབེབས་གྱུར་ཅིག ། 
ཅེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉིན་དགེ་སློབ་སྟོང་གི་གྲལ་མཐའ་བ་མཛོད་དགེ་འཇིགས་མེད་བརྩོན་འགྲུས་སམ་སྒྱུ་འཕྲུལ་མར་འབོད་པ་དེས་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་གུས་པས་སྦྱར་བ་དགེའོ། །    ༢༠༢༢ ༡༡ ༡༥

ཉི་མ་འོད་ཟེར། མཐོ་གཉིས་གཉིས་པ། 
བླ་མའི་གཞན་ཕན་བལ་དཀར་གདམས་ངག་འཇོ། ། 
སློབ་མའི་དད་དམ་མཆོད་པས་སྲིད་གསུམ་གཡོ། ། 
བླ་སློབ་བཀྲ་ཤིས་ཐོས་བརྩོན་ངང་གིས་འགྲིག ། 
མ་ཡུམ་སློབ་གླིང་བསྟན་པ་རྒྱས་གྱུར་ཅིག ། 

ཤིས་ཚིག 
བོད་ཀྱི་མཛེས་རྒྱན་ཤེས་རིག་ནོར་བུའི་གླིང་།།
བོད་ཕྲུག་རིགས་ཞེན་དག་ནི་སྤྲོ་བའི་ཞིང་།།
བོད་མི་རྒན་པ་དག་གི་རེ་བའི་ཡུལ།།
བོད་ཀྱི་བུ་རྒོད་ཅིག་གིས་བཞེངས་པ་ལགས།།
དམའ་རིམ་གྱི་གྲལ་ཐ་བ་ལྷ་རྒྱལ་གྱིས་མ་ཡུམ་སློབ་གླིང་འཁྲུངས་སྐར་ཉིན་གུས་ཕུལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ། སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད།   སྤེལ་མཁན།: ཁྲི་སྙན། སྤེལ་དུས:2022/11/1
མ་ཡུམ་སློབ་གྲྭའི་མཛད་འཕྲིན་མཐའ་དག་ཡར་ངོས་ཟླ་དང་དབྱར་གྱི་ཆུ་གཏེར་བཞིན་གོང་ནས་གོང་དུ་འཕེལ་བར་ཤོག མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ། སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད།   སྤེལ་མཁན།: མི་བུ་ཆུང་ཆུང་ཞིག་ནས། སྤེལ་དུས:2022/11/1
གོང་ནས་གོང་དུ་འཕེལ་བར་ཤོག། །
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ། སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད།   སྤེལ་མཁན།: མི་བུ་ཆུང་ཆུང་ཞིག་ནས། སྤེལ་དུས:2022/11/1
གོང་ནས་གོང་དུ་འཕེལ་བར་ཤོག། །
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་བརྒྱད་པ་བསུ། སློབ་མ་རྣམས་ཀྱི་ཤིས་ཚིག་ཆེད་བཀོད།   སྤེལ་མཁན།: མི་བུ་ཆུང་ཆུང་ཞིག་ནས། སྤེལ་དུས:2022/11/1
གོང་ནས་གོང་དུ་འཕེལ་བར་ཤོག། །
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23495549
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།