རྗེ་བཙུན་བླ་མའི་ཞབས་བརྟན་གསོལ་འདེབས་གཡས་འཁྱིལ་དུང་གི་སྒྲ་དབྱངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »རྗེ་བཙུན་བླ་མའི་ཞབས་བརྟན་གསོལ་འདེབས་གཡས་འཁྱིལ་དུང་གི་སྒྲ་དབྱ
རྗེ་བཙུན་བླ་མའི་ཞབས་བརྟན་གསོལ་འདེབས་གཡས་འཁྱིལ་དུང་གི་སྒྲ་དབྱངས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-11-06ལྟ་ཀློག (4054)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།།  རྗེ་བཙུན་བླ་མའི་ཞབས་བརྟན་གསོལ་འདེབས་གཡས་འཁྱིལ་དུང་གི་སྒྲ་དབྱངས།

 

ཤེས་རབ་བསྟན་དར། 


༄༅། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །

སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །

བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །

གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །

 

རྫོགས་པའི་སངས་རྒྱས་སྟོང་གི་ཐུགས་སྨོན་དང་། །

རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །

འཕགས་པ་གནས་བརྟན་རྣམས་ཀྱི་སྨོན་ལམ་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

སྟོན་པ་རྫོགས་སངས་རྒྱས་ཀྱི་ཐུགས་བསྐྱེད་དང་། །

ཉན་ཐོས་ཆེན་པོ་རྣམས་ཀྱི་མཁྱེན་བརྩེ་དང་། །

བསྟན་པའི་གཏད་རབས་རྣམས་ཀྱི་ལྷག་བསམ་གྱིས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

འཛམ་གླིང་མཛེས་བྱེད་རྣམས་ཀྱི་མཁྱེན་བརྩེ་དང་། །

བཀའ་གདམས་དགེ་བའི་བཤེས་ཀྱི་ཉམས་ལེན་དང་། །

དགེ་ལྡན་དམ་པའི་མཁས་བཙུན་བཟང་གསུམ་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

འཇམ་དབྱངས་དྲག་ཏུ་ཁྲོས་པའི་འཇིགས་བྱེད་དང་། །

གསང་བ་འདུས་པ་བདེ་མཆོག་ཧེ་རུ་ཀ །

རབ་འབྱམས་ཡི་དམ་ལྷ་ཡི་དཀྱིལ་འཁོར་གྱིས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང་། །

རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཤེས་རབ་དང་། །

རྒྱལ་སྲས་ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱིས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་མཁྱེན་བརྩེ་དང་། །

སངས་རྒྱས་ཚེ་དཔག་མེད་ཀྱི་བྱིན་རླབས་དང་། །

གཙུག་ཏོར་རྣམ་པར་རྒྱལ་མའི་མཐུ་སྟོབས་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན་པོ་དང་། །

ལས་འབྲས་ཤན་འབྱེད་ཆོས་ཀྱི་རྒྱལ་བོ་སྟེ། །

ཚུལ་ཁྲིམས་ལྷ་མཆོག་རྣམ་སྲས་ཐུགས་བསྐྱེད་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

སྲིད་ལས་ངེས་པར་འབྱུང་བའི་བསམ་པ་དང་། །

འཁོར་རྩ་དྲུངས་ནས་འབྱིན་པའི་ལྟ་བ་དང་། །

སྐྱེ་རྒུའི་གསོས་གྱུར་བྱང་ཆུབ་སེམས་པའི་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

དཀོན་མཆོག་ཀུན་འདུས་དཔལ་ལྡན་བླ་མ་ལ། །

བསམ་དང་སྦྱོར་བའི་ཚུལ་བཞིན་བསྟེན་པ་ལས། །

བཤད་སྒྲུབ་ཟུང་འབྲེལ་རྒྱལ་མཚན་སྒྲེང་བའི་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། །

ལྷག་པའི་བསླབ་པ་གསུམ་གྱི་ཉམས་ལེན་དང་། །

ལྟ་སྒོམ་སྤྱོད་གསུམ་རོལ་མཚོ་རྒྱས་པའི་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

གཞུང་བཟང་ནང་ལ་བསྐོར་བའི་ཐོས་པ་དང་། །

ཐོས་དོན་རྒྱུད་ལ་བསྐོར་བའི་བསམ་པ་དང་། །

བསམ་དོན་གཉེན་པོར་བསྐོར་བའི་སྒོམ་པ་ཡིས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

ཉེས་ལྟུང་ཕྲ་མོས་མ་གོས་ཚུལ་ཁྲིམས་དང་། །

བྱིང་རྒོད་རྨུགས་པ་བྲལ་བའི་ཏིང་ངེ་འཛིན། །

ཉོན་མོངས་གཉེན་དུ་འགྲོ་བའི་ཤེས་རབ་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

བསྟན་པ་འགྲོ་བའི་གསོས་སུ་དར་བ་དང་། །

འགྲོ་བ་བསྟན་པའི་ལམ་དུ་འཇུག་པ་དང་། །

མདོ་སྔགས་ཟུང་འབྲེལ་བསྟན་པ་རྒྱས་པའི་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

ལྷ་ཆོས་དགེ་བ་བཅུ་ལ་སྤྱོད་པ་དང་། །

མི་ཆོས་གཙང་མར་འཇུག་པའི་ལམ་བཟང་དང་། །

བླང་དོར་ལམ་བཟང་རྣམ་པར་འབྱེད་པའི་མཐུས། །

དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག །

 

རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ ཅིང་། །

རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །

བློ་བཟང་བསྟན་པའི་སྒྲོན་མེས་ས་གསུམ་གྱི། །

འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །

 

དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །

ཅི་མཛད་ལེགས་པར་མཐོང་ནས་མོས་གུས་ཀྱིས། །

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

 

གང་སྣང་བླ་མའི་གསང་གསུམ་རོལ་བར་འཆར། །

གང་བྱས་བླ་མ་མཉེས་པའི་རྒྱུ་རུ་འགྲོ། །

གང་བསམ་བླ་མའི་ཐུགས་རྗེས་མྱུར་དུ་འགྲུབ། །

གང་དུ་སྐྱེས་ཀྱང་བླ་མའི་རྗེས་འཛིན་ཤོག །

 

རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །

རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །

བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །

སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག །

 

ཅེས་པ་འདི་ནི་མཚོ་སྔོན་པོ་ལྷོ་བརྒྱུད་ཀྱི་ཆོས་སྡེ་ཐར་ཤུལ་དགོན་པའི་དགེ་སློང་བློ་བཟང་ཚོགས་གཉིས་དང་།སྟོང་སྐོར་དང་ནགས་མཐའ་སྤྱི་བའི་སྤྱི་དཔོན་དགེ་འདུན་དང་། སྟོང་སྐོར་སྡེ་བའི་སྡེ་དཔོན་ཚེ་རིང་དོན་འགྲུབ་སོགས་ཀྱིས་རྣལ་འབྱོར་དབང་ཕྱུག་སོ་མ་སྤྲུལ་སྐུ་བློ་བཟང་ཡེ་ཤེས་དབང་ཕྱུག་གི་ཞབས་སྔ་ནས་ཀྱི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཞེས་ལྷ་རྫས་དྲི་མ་མེད་པ་སོགས་དངོས་སྐྱེས་དང་བཅས་བསྐུལ་བའི་ངོར་ཤཱཀྱའི་དགེ་སྦྱོང་གི་གཟུགས་བརྙན་འཛིན་པ་འདུ་ཤེས་གསུམ་པ་ཤེས་རབ་བསྟན་དར་གྱིས་དམ་པ་ཁོང་གིས་གཙོས་སྐྱེས་ཆེན་དམ་པ་སྤྱིའི་ཞབས་བརྟན་གསོལ་འདེབས་སུ་བོད་ལྕགས་བྱི་ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་མང་རའི་དགོན་ཆེན་དུ་སྨོན་པས་མཚམས་སྦྱར་ཏེ་བྲིས་པའོ། །


རྩོམ་ཁུངས།  ཤེས་རབ་གཡང་དཔེ་མཛོད་ཁང་གི་འཕྲིན་སྟེགས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23569934
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།