བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།
བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-03ལྟ་ཀློག (6086)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།

(རྩོམ་ཡིག་འདིའི་མ་ཕྱི་རྒྱ་ཡིག་གི་འཕྲིན་སྟེགས་སུ་བཀོད་པའི་སྟེང་ན་རྩོམ་པ་བོའི་མིང་ལ་ཁྲིན་ཏན་ཆིན་ཞེས་བྲིས་འདུག་ལ།   ང་ལ་རྩོམ་འདི་ཐོག་མར་མཚམས་སྦྱོར་བྱེད་མཁན་གྱི་གྲོགས་པོས་ཀྱང་ཁྲིན་ཏན་ཆིན་གྱིས་བོད་འབྲེལ་གྱི་རྩོམ་ཡག་པོ་ཞིག་བྲིས་འདུག་ཅེས་ངོ་སྤྲོད་གནང་བས།   ངས་ཐོག་མར་སྒྱུར་སྐབས་ཁྲིན་གྱི་མིང་བཀོད་དེ་བཀྲམས་པའི་རྗེས་སུ་རྒྱུས་ཡོད་ཨ་ཁུ་བྱ་མདོ་རབ་རྒྱས་ལགས་ཀྱིས་འདིའི་རྩོམ་པ་བོ་ངོ་མ་ནི་呂吉玲ཟེར་བའི་བྱང་ཤར་གྱི་རྒྱ་མོ་སྨན་པ་ཞིག་ཡིན་ཚུལ་གྱི་གསལ་བཤད་གནང་བ་ལྟར་ཡང་བསྐྱར་བཅོས་པ་ཡིན།  དེ་བཞིན་ཀློག་མཁན་ཡོངས་ལ་དགོངས་དག་ཞུ།)

 ལོས་ཅིས་ལེན་གྱིས་བརྩམས།

གཟི་མིག་གསུམ་པས་བསྒྱུར།

 ང་ཚོའི་སེམས་སུ་རྗེས་ལུས་ཞེས་པ་ནི་ཕྱི་དངོས་པོའི་ཐད་དབུལ་ཕོངས་ཡིན་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱེད། ཡིན་ནའང་ནང་བསམ་པའི་འཇིག་རྟེན་དབུལ་བ་དེའང་རྗེས་ལུས་ཐེབས་པའི་རྟགས་མཚན་ཞིག་ཡིན་ཞེས་སུ་ཞིག་གིས་བསམ་བློ་གཏོང་མྱོང་ངམ།ངས་བོད་རིགས་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད་ཅེས་བཤད་ཀྱིན་ཡོད། ནང་གི་བསམ་བློ་ཁྱད་དུ་འཕགས་པ་དེ་ལས་མི་རིགས་གཞན་དག་ནམ་ཡང་བརྒལ་དཀའ་བར་འདུག  རྒྱུ་མཚན་ནི་ཁོ་ཚོར་ཆེས་བླ་མེད་ཀྱི་སྲོག་ཤིང་བཀན་མོ་ཞིག་ཡོད་པས་ཡིན་ཏེ། དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རེད།

ཁ་བྱང་འདི་འབྲི་སྐབས་ངའི་མིག་ཟུང་ཅུང་ཟད་བརླན་པར་གྱུར། ངས་ཐེངས་དང་བོར་བོད་རིགས་དང་འབྲེལ་འདྲིས་བྱས་ནས་ད་བར་དུ་ལོ་ངོ་ཉི་ཤུ་འདས་ཟིན་ཅིང་། དེ་རྗེས་ད་གཟོད་ངས་གཞི་ནས་མི་རིགས་དེ་ངོས་འཛིན་ཡང་དག་ཅིག་བྱེད་ཐུབ་སོང་། ལོ་ཉི་ཤུ་འདིའི་རིང་ལ། “ཁོ་མོ་”ལ་གོ་བ་ལོག་ལེན་དང་ནོར་འཁྲུལ་མང་བོ་བྱུང་ཡོད།“ཁྱད་འཕགས་”ཞེས་པའི་ཐ་སྙད་འདི་སྔོན་ཆད་ངའི་སེམས་ཁོང་ནས་མི་རིགས་འདི་དང་བར་ཐག་ཤིན་ཏུ་རིང་།

གལ་ཏེ་ཁྱེད་རང་ལྗོངས་རྒྱུ་བ་ཙམ་གྱི་ངོས་ཐད་ནས་བོད་ཡུལ་དུ་སོང་ཚེ།ཁྱེད་ཀྱིས་བོད་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་ཅིག་གཏན་ནས་བྱ་ཐབས་དཀའ། 2005ལོ་ནས་2012ལོའི་བར་ཏེ་ལོ་ངོ་བརྒྱད་ཀྱི་རིང་ལ་ང་རང་བོད་དུ་ཡུལ་སྐོར་ལ་ཐེངས་མང་བསྐྱོད་མྱོང་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཅི་ཙམ་ལ་སོང་བ་ཡིད་ནས་བགྲང་ཐབས་བྲལ། ཡིན་ནའང་ཐེངས་སྔོན་མ་དག་ལ་རང་བྱུང་མཛེས་ལྗོངས་ལ་ལྟ་བ་དང་། རྐང་ཐང་ལ་འགྲོ་བ། རི་འཛེག་ལ་དགའ་བ་ཙམ་ལས། ངས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་འཚོ་བ། དེ་བཞིན་ཁོ་ཚོའི་བསམ་པའི་འཇིག་རྟེན་སོགས་ཤེས་རྟོགས་ཟབ་མོ་བྱུང་ཐུབ་མེད། དེ་བས་བོད་ཀྱི་རིག་གནས་ཤེས་རྟོགས་བྱ་རྒྱུ་དེའང་བོད་ཀྱི་བཟོ་སྐྲུན་དང་། ཐང་ག བོད་སྤོས་བཅས་ལ་དགའ་མོས་བྱེད་པ་དང་དགོན་སྡེའི་དགེ་འདུན་པ་ཚོས་ཆོས་འདོན་པ་སོགས་ཀྱི་རིམ་པ་ཁོ་ནར་གནས་ཡོད། ངས་རང་གི་གྲོགས་པོ་ཚོར་ཡང་ཡང་འདི་ལྟར་བཤད་པ་ཡིན།  ང་ཚོ་བོད་རིགས་ས་ཁུལ་ལ་ཡུལ་སྐོར་དུ་ཕྱིན་ཆོག་ཀྱང་། ང་ཚོ་དེར་སོང་ནས་འཚོ་བ་བསྐྱལ་ན་གཏན་ནས་མི་ཆོག་སྟེ། གཅིག་ནས་དངོས་པོའི་འཚོ་བ་དབུལ་ཕོངས་ཡིན་པ་དང་། གཉིས་ནས་སྐད་བརྡ་མི་འཕྲོད་པ། གསུམ་ནས་ང་ཚོས་བོད་རིགས་ཀྱི་བསམ་བློ་དང་འཚོ་བ་སྐྱེལ་སྟངས་ཏེ། ཆོས་ལ་དད་པ་དང་། ཆང་རག་ལ་རོལ་པ། གླུ་གཞས་གཏོང་བ། བྲོ་འཁྲབ་པ་སོགས་ཀྱི་ཐད་ནས་ང་ཚོ་ལ་འཇོན་ཐང་ཅི་ཡང་མེད་ཅེས་པའི་སྐད་ཆ་འདི་ཡིན།
         2012ལོའི་ཟླ་6པར་ང་རང་ཟི་ཁྲོན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡུལ་སྐོར་ལ་བསྐྱོད་སྐབས།སྟབས་ལེགས་པ་ཞིག་ལ་དེ་གའི་ཆོས་པ་ཞིག་དང་ལམ་གཅིག་པས་མཉམ་དུ་སོང་བ་ཡིན། ཁོང་གིས་ང་ལ་2008ལོར་ཟི་ཁྲོན་དུ་ས་ཡོམ་ཆེན་པོ་བྱུང་རྗེས་རྒྱལ་ཁབ་ཀྱིས་སེམས་ཁམས་སྙོམས་སྒྲིག་སློབ་སྟོན་ཚོགས་ཆུང་མངགས་ནས་གསོན་པོར་གནས་པའི་དྭ་ཕྲུག་ལ་སེམས་གསོ་བྱེད་དུ་བཅུག་པ་དང་། མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་ཀྱང་སེམས་ཁམས་སྙོམས་སྒྲིག་ཚོགས་ཆུང་ཡང་བསྐྱར་དེ་གར་བསྐྱོད་དགོས་བྱུང་ཡང་དེར་འཇོན་ཐང་འདོན་ས་མེད་པར་བརྟེན།ཁོང་ཚོ་རང་ཉིད་ལ་གཉེན་ཉེ་མེད་པའི་ཕྲུ་གུ་ཚོ་ནང་བཞིན་གྱི་ཞི་ལྷོད་ཅིག་ཡོང་མི་འདུག་ཅེས་བཤད་སོང་། དོན་འདིས་ང་རང་བསམ་གཞིག་གི་གནས་སུ་གྱར་དུ་བཅུག་བྱུང་སྟེ། བོད་རིགས་ཀྱིས་འཆི་བར་གདོང་ལེན་བྱ་ཐུབ་པའི་གོ་རྟོགས་དང་ལྷིང་འཇགས་ཀྱི་སེམས་ཁམས་དེ་ནི་སངས་རྒྱས་ལ་དད་པ་བྱས་པ་ལས་བྱུང་བའི་རྒྱུ་རྐྱེན་ཞིག་དང་།སེམས་ཁམས་རིག་པའི་ངོས་ནས་བལྟས་ན། སངས་རྒྱས་ལ་དད་པ་བྱས་པའི་དགེ་མཚན་ནི་བརྗོད་ཀྱིས་མི་ལོངས་པ་ཞིག་རེད་སྙམ།

2012ལོའི་ཟླ་9བར་ང་རང་ལྷ་སར་ཐེངས་གསུམ་པར་སྐྱོད་པའི་སྐབས་སུ།ངས་གཞི་ནས་གྲོང་ཁྱེར་འདིར་མི་མང་བོ་ཡོད་ཀྱང་། མི་ཚོགས་ཀྱིས་ཁེངས་པའི་བར་སྐོར་དང་། ཞིང་ལས་ཚོང་ར།གྱོན་ཆས་ཁྲོམ་ར་བཅས་སུ་ནང་ལོགས་ཀྱི་གྲོང་ཁྱེར་དག་དང་འདྲ་བར་སྐད་ཅོར་ཆེན་པོ་རྒྱག་གིན་མེད་པ་ཤེས་བྱུང་། མ་གཞི་འདི་ནི་ང་རང་གྲོང་ཁྱེར་འདི་ནས་བདེ་འཇགས་དང་བདེ་སྣང་འབྱུང་བའི་རྒྱུ་རྐྱེན་གཅིག་མ་ཡིན་གྲང་། དེ་ནས་བཟུང་ངས་བོད་བརྒྱུད་ནང་བསྟན་གྱིས་བོད་མིའི་བསམ་བློ་དང་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་ལྟ་ཞིབ་དང་བསམ་གཞིག་གཏིང་ཟབ་བྱེད་འགོ་བརྩམས་པ་ཡིན།

2013ལོའི་དབྱར་ཁར། ང་རང་སྐམ་ཁབ་ཀྱི་སློབ་དཔོན་དབྱང་ཀྲིན་ཧའེ་དང་མཉམ་དུ་མཚོ་སྔོན་བོད་ཀྱི་ས་ཁུལ་དུ་འོས་འགན་སྨན་བཅོས་བྱས་ནས་ཟླ་ཕྱེད་ལྷག་ཙམ་ལ་བསྡད་པ་ཡིན། 2014ལོའི་ལོ་སྟོད་དུ་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་རྫོང་དང་མང་རྫོང་དུ་ཁྱོན་ཟླ་གཅིག་དང་ཕྱེད་ཀ་ཙམ་ལ་འཚོ་བ་བསྐྱལ་ནས་སློབ་ཁྲིད་དང་། སྨན་བཅོས། བོད་སྐད་སྦྱོང་བ་བཅས་བྱས་ནས་དགོན་པར་བསྡད། བོད་ཀྱི་ལོ་གསར་སྐབས་བོད་རིགས་ཀྱི་ཁྱིམ་དུ་མགྲོན་པོར་ཐེངས་མང་བསྐྱོད་ནས་བོད་ཀྱི་རིག་གནས་དང་། གོམས་གཤིས། གུས་སྲོལ་བཅས་ལ་མྱོང་རོལ་དང་ངོས་ཟིན་དེ་བས་མང་བ་བྱུང་སོང་། ངས་བོད་རིགས་ཀྱི་འཚོ་བའི་ནང་གི་གནད་དོན་ཆེ་ཆུང་ཚང་མའི་ཁྲོད་དུ་ཁོང་ཚོའི་ཀུན་སྤྱོད་བློ་སྦྱོང་དང་རིག་གནས་བྱང་ཚད་མཐོན་པོར་སོན་ཡོད་པ་ཚོར་ཐུབ་ཀྱིན་འདུག་སྟེ། ཁོ་ཚོས་ལུས་སྟེང་ནས་ཕྱིར་མངོན་པ་ཡོད་ཚད་དེ་འདྲའི་མ་བཅོས་རང་བྱུང་ཞིག་རེད་ཨང་སྙམ་བྱུང་།བོད་མིའི་ལུས་སྟེང་ནས། དབྱིན་ཇི་བའི་བབ་ཆགས་དང་ཁྱད་འཕགས། འཇར་མན་པའི་བློ་རྒྱ་དང་སྟབས་བདེ། གཞུང་དྲང་། ཁེངས་སྐྱུང་བཅས་མཐོང་ཐུབ།

མཚོ་སྔོན་དུ་འོས་འགན་སྨན་བཅོས་བྱེད་རིང་དགུང་ལོ་ལྔ་བཅུ་ལྷག་ཙམ་ལ་སླེབས་པའི་བོད་རིགས་ནད་པ་ཞིག་གིས་ངས་ཁོང་ལ་སྨན་བཅོས་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ངོ་གདོང་ནས་ལྷད་མེད་ཀྱི་འཛུམ་མདངས་མངོན་བཞིན་“ཐུགས་རྗེ་ཆེ་”ཞུས་པར་མ་ཟད།ལྷག་བསམ་རྣམ་དག་ངང་མི་གཞན་ལ་སྐད་སྒྱུར་བྱེད་དུ་བཅུག་ནས“ང་སྨན་པ་ལ་ཡིད་ཆེས་ཡོད་”ཅེས་གསུངས་བྱུང་།ཁོང་གི་བཀའ་མོལ་དེས་ངའི་མིག་ཟུང་མཆི་མས་བརླན་དུ་བཅུག་པས། ངས་མགོ་བོ་བསྒུར་ཏེ་སྨན་བཅོས་བྱེད་ཁུལ་གྱིས་ལྐོག་ཏུ་མིག་ཆུ་ཕྱིས་པ་ཡིན།

ཡང་ལོ་བརྒྱད་ཅུ་ལོན་པའི་རྒན་པོ་ཞིག་གི་དཔུང་བ་གཅིག་ལ་རྨས་སྐྱོན་ཕོག་སྟེ་ལོ་སུམ་ཅུའི་རིང་རྐྱོང་བསྐུམས་བྱེད་མི་ཐུབ་ཀྱང་། ངས་ལག་པས་ཁོའི་དཔུང་བར་རྡེག་རྡེབ་བྱས་ཏེ་སྨན་བཅོས་བྱེད་སྐབས་ཁོས་ཐོག་མཐའ་བར་གསུམ་དུ་ཞི་ལྷོད་ངང་འཛུམ་མདངས་མངོན་བཞིན་ཡོད་པར་མ་ཟད།  “ངའི་ལག་པར་ལས་དབང་ཡག་པོ་མེད་པས་རྟག་ཏུ་རྨས་སྐྱོན་ཕོག་གིན་འདུག་”ཅེས་ཀུ་རེ་རྩེ་བཞིན་འདུག

ད་དུང་ལོ་60ལ་སླེབས་པའི་ཨ་མ་རྒན་མོ་ཞིག་གིས་སྨན་པས་མོ་ལ་སྐམ་ཁབ་ཀྱིས་མྱུར་སྐྱོབ་བྱས་ནས་སྙིང་མི་བདེ་བར་གྱུར་རྗེས་ཀྱང་ད་རུང་སྨན་པའི་མདུན་དུ་པུས་མོ་སར་བཙུགས་ཏེ་ཕྱག་བཙལ་བྱུང་བ་སོགས། ངས་དེ་ལྟར་ཁོང་ཚོའི་ལུས་སྟེང་ནས་བོད་རིགས་ཀྱིས་སྡུག་བསྔལ་གྱི་མདུན་དུ་གུ་ཡངས་བཟོད་བསྲན་དང་སྤྲོ་སྐྱིད་ཀྱི་སེམས་པས་འཚོ་བ་དང་མི་གཞན་ལ་བཅངས་པའི་དྲིན་བཟོའི་བྱ་སྤྱོད་མཐོང་བྱུང་།

འོས་འགན་སྨན་བཅོས་བྱེད་སྐབས་དུས་རྒྱུན་ནད་པའི་རྐང་བ་ལ་ཡང་ཡང་སྐམ་ཁབ་མཛེར་དགོས་པས། བོད་རིགས་ནད་པ་ཚོས་རྟག་ཏུ་དེའི་ཐད་ངོ་ཚ་བོ་བྱེད་ཀྱིན་ཡོད། རྒྱུ་མཚན་ཁོ་ཚོས་དུས་རྒྱུན་རྐང་བ་བཀྲུས་མེད་པས་རེད།དེ་བས་མི་རེ་འགས་ཉིན་སྔོན་མར་རྐང་བ་འཁྲུ་བ་དང་། དེ་ནས་ཉིན་གཉིས་པར་སྐམ་ཁབ་མཛེར་དུ་འཇུག

རྐང་བ་འཁྲུད་པའི་གནད་དོན་ལ་ངས་ཀྱང་སྔོན་ཆད་དོ་སྣང་བྱས་མྱོང་མོད། འོན་ཀྱང་དངོས་བཤུས་གློག་བརྙན་ཞིག་གིས་ངའི་ལྟ་ཚུལ་ལ་འགྱུར་ལྡོག་བཏང་སོང་། དེའི་ནང་གི་པར་སྒོ་ཞིག་ངས་ནམ་ཡང་བརྗེད་དཀའ་བར་གྱུར་བ་སྟེ། བོད་རིགས་བུད་མེད་ཁ་ཤས་ཀྱིས་འཁྱག་དར་ཆགས་པའི་ཆུ་ཁར་ཁུང་བུ་ཞིག་བཏོད་ནས་ཆུ་བླངས་ཏེ་དར་ཐོག་ཏུ་གྱོན་གོས་འཁྲུད་ཀྱིན་ཡོད་པ་དེ་རེད། འཚོ་གནས་ཀྱི་ཆ་རྐྱེན་དེ་འདྲ་ཞིག་གི་འོག་ཏུ་ནང་ལོགས་ཀྱི་མི་སུ་ཞིག་ལ་ཉིན་ལྟར་རྐང་བ་བཀྲུ་འདོད་ཡོད་པ་དང་།ཐ་ན་གཟུགས་པོ་བཀྲུ་ཐུབ་མིན་ངས་ཤེས་ཐབས་བྲལ། རྐང་བ་གཙང་མ་ཡིན་མིན་ནི་དེ་འདྲའི་གལ་ཆེན་པོ་ཞིག་མ་ཡིན་པར། སེམས་པ་དྭངས་གཙང་ཡིན་མིན་ནི་མི་ཞིག་གི་བཞིན་རས་ངོ་མ་དེ་རེད།

བོད་རིགས་ཀྱིས་གུས་སྲོལ་ལ་དོ་སྣང་ཆེན་པོ་བྱེད་པ་ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མྱོང་ཐུབ་ཅིང་། ཁོ་ཚོའི་བྱ་སྤྱོད་ཀྱིས་ང་རང་ནི་སློབ་གསོ་ཅི་ཡང་ཐོབ་མ་མྱོང་བའི་མི་ཞིག་ཡིན་པ་ཤེས་པར་བྱས་སོང་།

རྒན་རབས་པའམ་དགོན་པའི་དགེ་འདུན་པ་རྣམས་ཁྱིམ་ལ་འཚམས་འདྲིར་ཕེབས་པའི་སྐབས་སམ། ཐ་ན་ནང་དུ་ཕེབས་ནས་སྐད་ཆ་ཙམ་དྲིས་པའི་ཚེ་ནའང་།  ཁྱིམ་གྱི་མི་ཚང་མ་མྱུར་མོར་ཡར་ལངས་ནས་འཚམས་འདྲི་དང་བཅས་བཞུགས་སུ་འཇུག་གིན་ཡོད། མི་དང་མིའི་བར་ལ་ཅ་ལག་སྟེར་བ་དང་ལག་པ་གཏོང་རེས་བྱེད་སྐབས་ཚང་མས་ལག་པ་གཉིས་ཀ་མཉམ་དུ་བསྲིངས་པར་མ་ཟད་ལུས་པོ་སྒུར་ཙམ་བྱས་ཏེ་གུས་འདུད་ཞུ།ཇ་འཐུང་དུས་སྔོན་དུ་གཞན་ལ་ཇ་དྲངས་རྗེས་ད་གཟོད་རང་ལ་ལྡུག་པར་བྱེད། ཇ་སྣོན་སྐབས་ཉེ་སར་ཡོང་ནས་ལག་གཡོན་པས་ཇ་ཕོར་བསྐྱོར་བས་གུས་ཞབས་མཚོན་པ་དང་ལག་གཡས་པས་ཇ་སྣོད་ལས་ཇ་འདྲེན་པ་དང་།གྲོས་བསྡུར་བྱེད་པའམ་ཡང་ན་སྤྱིར་བཏང་གི་ལབ་གླེང་བྱེད་སྐབས་ཀྱང་མི་གཞན་གྱིས་སྐད་ཆ་བཤད་པའམ་ཡང་ན་བཤད་བཞིན་པའི་མཚམས་ལ་རྒྱག་པ་དང་ཁ་འཕྲོག་པར་མི་བྱེད། སྐད་མགོའང་མི་མཐོ་བར་རན་པོ་འདུག་ལ། སྐད་ཅོར་ཆེན་པོ་རྒྱག་མཁན་ཕལ་ཆེར་མི་འདུག་པའི་ཚོད་རེད། གལ་ཏེ་ཁྱིམ་ནས་མི་ཞིག་གིས་ཁ་པར་ལ་ཉན་ན། མི་གཞན་དག་གིས་རང་འགུལ་ངང་སྐད་ཆ་བཤད་མཚམས་བཞག་ནས་ལྷིང་འཇགས་སུ་འདུག་ངེས་པས། ཁ་པར་ལེན་མཁན་གྱིས་ཕ་རོལ་བོའི་སྐད་ཆ་གསལ་བོར་གོ་ཐུབ་པར་བྱེད།

བོད་རིགས་ཀྱི་ཁྱིམ་དུ་མགྲོན་པོར་སོང་ཚེ་ནང་མི་ཚང་མ་སྒོར་བུད་ནས་བསུ་བ་བྱེད་ཅིང་། མགྲོན་པོ་གྲལ་མགོའམ་གྲལ་དཀྱིལ་གང་རུང་ལ་སྡོད་དུ་འཇུག་པ་དང་། མདུན་ཅོག་སྟེང་ལ་རྒྱུན་དུ་སྡེར་མ་ཡག་པོའི་ནང་དུ་སིལ་ཏོག་དང་། ཀ་ར། ཀ་ར་གོ་རེ། ད་རུང་བཏུང་བྱ་སྣ་ཚོགས་བཤམས་པ། ཁྱིམ་བདག་གིས་ལུས་པོ་སྒུར་ནས་ལག་གཉིས་ཀྱིས་ཡང་དང་ཡང་དུ་བཏུང་བ་དང་འོ་ཇ་འདྲེན་ཅིང་། ད་དུང་བདག་པོ་མགྲོན་ཅོག་མདུན་དུ་ལངས་ནས་མཚམས་མི་འཇོག་པར་ལག་པ་གཉིས་ཡར་བཀྱགས་ཏེ་རྐེད་པ་བསྒུར་ནས་ངོ་གདོང་འཛུམ་གྱིས་ཁེངས་ཏེ་ཁྱོད་ལ་འཛེམ་དོགས་བྱ་མི་དགོས་པར་བཟའ་བཏུང་ལ་རོལ་བར་བསྐུལ་ལ། ཁྱེད་ཀྱི་དཀར་ཡོལ་སྟོང་བར་ལུས་སུ་མི་འཇུག་པར་བཟའ་བཏུང་མང་བོ་ཡང་ཡང་སྣོན་པར་བྱེད།

བོད་རིགས་ཀྱིས་མི་དང་མིའི་བར་འབྲེལ་འདྲིས་བྱས་ཏེ་སྐད་ཆ་བཤད་སྐབས་ཁེངས་སྐྱུང་ལྡན་ལ་ཞི་འཇམ་ཡིན་པར་མ་ཟད། ཁོང་ཚོའི་ནང་སེམས་ཀྱི་ཀུན་སྤྱོད་བཟང་བོའང་ཕྱིར་མངོན་ཡོང་། ཁོང་ཚོའི་ས་ཆར་ང་ཚོའི་ནང་ལོགས་ས་ཁུལ་གྱི་གང་སར་བྲིས་པའི་“རྒན་བྱིས་དང་དབང་བོ་སྐྱོན་ཅན་གྱི་ཆེད་སྤྱོད་ཡོ་བྱད་”དང་“དབང་བོ་སྐྱོན་ཅན་གྱི་འགྲོ་ལམ་”སོགས་ལྟ་བུའི་གཞི་རྩའི་ཀུན་སྤྱོད་ཀྱི་དྲན་སྐུལ་དེ་འདྲ་གཏན་ནས་བྱེད་དགོས་དོན་མེད་དེ། རྒྱུ་མཚན་ནི་ནང་ཆོས་ལ་དད་པ་བྱེད་མཁན་བོད་རིགས་ཀྱིས་རང་འགུལ་ངང་རང་ཉིད་ལ་ཀུན་སྤྱོད་ཀྱི་བླང་བྱ་དེ་བས་མཐོན་པོ་འདོན་གྱིན་ཡོད་ཅིང་། ཁོང་ཚོའི་བསམ་པའི་དཔལ་ཡོན་དེ་ནང་ལོགས་ས་ཁུལ་གྱི་མི་ལས་ཁྱད་དུ་འཕགས་འདུག དཔེར་ན། ཁྱིམ་ཚང་དང་དགོན་སྡེ་གང་ཡིན་རུང་ན་གཞོན་ཚང་མས་རང་འགུལ་ངང་དར་མ་དང་དར་མས་རྒན་པ་རྣམས་ལ་སྲི་ཞུ་བྱེད་ཀྱིན་ཡོད་དེ། ཇ་འདྲེན་དང་། ཟ་མ་འབུལ་བ། སྡོད་ས་སྤྲོད་པ། སྒོ་ནང་ནས་ཕར་ཚུར་འགྲོ་བ་སོགས་ལ་ལམ་ཕྱེས་པས། ཉམས་ལེན་འབད་སྒྲུབ་ཀྱི་སློབ་གསོ་འདི་དག་གིས་བྱིས་པ་ཚོར་ཆུང་དུས་ནས་ལས་ཀ་མང་ཙམ་བྱེད་དགོས་པ་དང་། ལོ་ན་བགྲེས་དུས་རང་ཉིད་ལའང་དེ་བཞིན་འདྲ་མཉམ་གྱི་བརྩི་འཇོག་དང་ལྟ་སྐྱོང་འཐོབ་སྲིད་པ་ཤེས་སུ་འཇུག

ནང་ལོགས་ས་ཁུལ་དུ། བཀུར་བསྟི་ནི་གནམ་བདག་གིས་གནང་བ་དང་། བྱམས་སྐྱོང་ནི་ང་ཚོས་སྒོར་མོས་ཉོས་ཏེ་འཐོབ་དགོས་པའི་ཚོད་ཡིན། འོན་ཀྱང་བོད་རིགས་ས་ཁུལ་དུ་ཚོང་ཁང་ལ་ཅ་ལག་ཉོ་བར་སོང་ཚེ། གལ་སྲིད་ཚོང་རྒྱག་གིས་ཉོ་མཁན་གཞན་དག་ལ་ཚོང་རྒྱག་པའམ་ཡང་ན་དོན་དག་གཞན་གྱི་ཆེད་དུ་ཁོམ་གྱིན་མེད་ཚེ་སླེབས་མ་ཐག་པའི་སྐུ་མགྲོན་རྣམས་ཀྱིས་ལྷོད་འཇགས་ཀྱིས་སྒུག་ནས་འདུག་པ་ལས་ཕ་རོལ་བོར་བར་ཆད་མི་བཟོ།   འདིར་ཞབས་ཞུའི་ལྟ་སྟངས་མེད་པར་མི་ཚང་མར་བརྩི་འཇོག་བྱེད་པ་དེ་“ཞབས་ཞུ་”ཡི་རིམ་པ་ལས་ཡོངས་སུ་བརྒལ་འདུགངས་འདི་ནས་རང་གིས་ངང་རྒྱུད་རིང་པོས་བསྒུགས་ནས་སྡོད་རྒྱུ་བསླབས་ནས་ཤེས་ཤིང་། ཚོང་བས་ཅི་ཞིག་བྱེད་བཞིན་པར་མི་བལྟ་བར་འཕྲལ་དུ་གཙོ་བདག་གི་རེ་འདུན་འདོན་གྱིན་ཡོད་པ་དེ་མི་རུང་ཚུལ་རྟོགས་སོང་།

བོད་མིས་ཁྱིམ་ཆས་ཀྱི་མཛེས་པ་དང་། སྣང་བ་སྐྱིད་ཅིང་གྲལ་འགྲིག་དག་གཙང་བཅས་ལ་དང་དོད་བྱེད་ཀྱིན་འདུག་པ་དང་། གང་སར་ནང་བསྟན་རིག་གནས་ཀྱི་ཤུགས་རྐྱེན་དང་ལྷན་སྐྱེས་སུ་གནས་པའི་ཁྱད་ཆོས་ཤིག་མངོན་གྱིན་ཡོད། ཁོང་ཚོས་ཚོན་མདངས་སྣ་ཚོགས་འགྲན་པའི་རི་མོ་དང་། སྤུས་ལེགས་ཀྱི་བརྐོས་དཀྲོལ། ནང་བསྟན་གྱི་འབྲེལ་ཡོད་རི་མོ་བཅས་ཀྱིས་གནས་ཁང་དང་དེའི་ཡོ་བྱད་སོགས་ལ་མཛེས་རྒྱན་སྤྲས་གང་ཐུབ་བྱེད་ཀྱིན་ཡོད། མ་ཟད་ཁོ་ཚོ་ད་དུང་ནོར་གནག་གི་ཁུལ་རྩིད་ཀྱིས་བཏགས་ཏེ་བཟོས་པའི་སྦྲ་ནག་ནང་བསྡད་ཡོད་ཀྱང་།དེའི་ནང་ཁྱིམ་གཙང་ཞིང་གྲལ་འགྲིག་པ་དང་ཚོན་མདོག་རྣམ་པར་བཀྲ་བ།  བལ་སྟན་དང་ས་གདན་སོགས་ཀྱིས་མི་རྣམས་ལ་གཟི་མདངས་ལྡན་པའི་མཛེས་ཚོར་སྟེར།

འོན་ཀྱང་ཡིད་ཕངས་པ་ཞིག་ནི་ད་ལྟ་འབྲོག་པ་སྐོར་ཞིག་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་བཟོ་གྲྭ་ནང་བཞིན་གྲལ་བསྒྲིགས་པའི་སྡེ་ཁུལ་གསར་བའི་སྡོད་ཁྱིམ་འདུས་སྡོད་ས་ཁུལ་དུ་མི་འདུག་རང་དབང་མེད་པར་གྱུར་ཡོད་པ་དེ་རེད། དེའི་དབྱིབས་གཟུགས་གཅིག་མཚུངས་ཡིན་ལ་སྤྱིར་བཏང་གི་ཁང་བ་དེ་དག་གིས་ང་ལ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་མཛེས་དཔྱོད་ཀྱི་ཚད་ཐིག་དྲན་དུ་བཅུག་སོང་།

ད་ལྟ་བོད་རིགས་མང་བོ་ཞིག་ཁང་བརྩེགས་ནང་སྤར་ནས་བསྡད་ཡོད་མོད། འབའ་རྫོང་དང་མང་རྫོང་སྟེ་ང་མགྲོན་པོར་སོང་བའི་ཁྱིམ་ཚང་ཡོད་ཚད་སྲོལ་རྒྱུན་གྱི་ཁང་ལེབ་ཤ་སྟག་ཏུ་བསྡད་འདུག  དགུན་ཁར་ཚང་མས་ཐབ་ཏུ་མེ་འབུད་ཀྱིན་ཡོད་པས་ཧ་ཅང་དྲོད་སྐྱིད་ལྡན་ལ། བོད་རིགས་ཀྱིས་ཁྱིམ་གྱི་ཐབ་ཀར་གཙིགས་ཆེན་བྱེད་ཀྱིན་ཡོད་ཅིང་། དབྱིབས་གྲུ་བཞི་ནར་མོ་ཆེན་པོ་ཡིན་ལ། ཁྱིམ་ཚང་རེ་རེའི་ཐབ་ཀའི་ཞིབ་ཕྲའི་བཟོ་སྟངས་མི་འདྲ་བར་ཡོད་པ་དང་། སྟེང་ལ་མཛེས་རིས་སྣ་ཚོགས་བྲིས་ཡོད་པ་སོགས་ནི། ཡོ་རོབ་ལུགས་ཀྱི་རྒྱས་སྤྲས་དང་འདྲ་བར་འདུག དེ་ལྟར་ཐབ་ཀའི་ཇུས་འགོད་ལེགས་ཤིང་། སྤྱིའི་ངོས་ནས་སྒོ་རྒྱག་ཆོག་པ་དང་། གཤམ་དུ་ཐལ་བ་འབབ་སའི་འཐེན་སྒམ་ཡོད་པ། གཞོགས་ངོས་ཀྱི་ཞབས་སུ་བསེར་བུ་འགྲོ་སའི་ཁུང་བུ་ཡོད་པ། རླུང་འཐེན་སྒྲིག་ཆས་ཡོད་པ་དང་། མེ་ཡོར་གྱིས་བསྒུལ་ཏེ་ཐབ་མེ་འུར་འུར་འབར་དུ་འཇུག་ཐུབ་ལ། ད་དུང་རྒྱུན་དུ་འབུད་རྒྱུ་ནི་ཨོང་བ་དང་རིལ་མ་སྐམ་པོ་ཡིན་པས་ཧ་ཅང་གཙང་མ་ཡིན་ཞིང་། ཐབ་ཐོག་དང་ཇ་དེམ་ནི་རྒྱུན་དུ་ལག་རས་ཀྱིས་ཕྱིས་ནས་འོད་ལམ་མེར་ཡོད།

ཁྱིམ་ཚང་ལ་ལས་ཟ་མ་གཡོ་བ་དང་།ཉལ་བ། མགྲོན་པོར་སྣེ་ལེན་བྱེད་པ་སོགས་ནི་ཁང་བ་ཆེན་པོ་གཅིག་གི་ནང་དུ་བྱེད་ཅིང་། དེ་ནི་སྔོན་ཆད་སྦྲ་རྒན་ཞིག་གི་ནང་དུ་བསྡད་ཡོད་པ་དང་འདྲ་བར་འདུག་ལ། ཁྱིམ་བདག་མས་ཡོད་ཚད་ལ་བདག་གཉེར་བྱས་པ་ལེགས་པས། ཁང་བའི་ནང་དུ་དོན་བྱ་མང་ཡང་རྫོབ་མི་ཆེ།

བོད་རིགས་ཀྱིས་ལས་ཀ་བྱེད་དུས་བློ་རྩེ་གཅིག་སྒྲིམ་དང་ནན་ཏན་བྱེད་ཀྱིན་ཡོད། འབའ་རྫོང་བྱང་ཆུབ་གླིང་དུ་དགུན་གནང་གི་གསབ་སྦྱོང་འཛིན་གྲྭར་སློབ་ཁྲིད་བྱེད་སྐབས། བོད་རིགས་ལས་གྲོགས་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་གྲ་སྒྲིག་དང་སློབ་ཚན་ཧ་ཅང་ནན་ཏན་དང་ཞིབ་ཚགས་ཀྱིས་འཁྲིད་པ་དང་། ནམ་རྒྱུན་ཚོགས་འདུ་བསྡུས་ཏེ་དཔྱད་བསྡུར་གྱིས་མི་འདང་སར་ཡོ་བསྲང་གི་བྱེད་ཐབས་འཚོལ་ཅིང་། ཁོ་ཚོ་སྤྲོ་གསེང་རོལ་རྩེད་ལའང་དགའ་བོ་ཡོད། ཡིན་ནའང་དེ་དང་བྱ་བ་དངོས་གཉིས་དབྱེ་འབྱེད་གསལ་བོ་བྱེད་དེ། དོན་དངོས་ཀྱི་བྱ་བ་སྒྲུབ་པ་དང་དོན་དག་དངོས་བཤད་སྐབས་ཀུ་རེ་མི་བརྩེ་བ་དང་། རྩེད་མོར་རྩེ་སྐབས་ཅི་དགར་རོལ་བ་ལས།དོན་དག་ངོ་མ་མི་གླེང་བ་སྟེ། གང་ཡིན་མཉམ་བསྲེས་གཏན་ནས་མི་བྱེད།

དུས་རྒྱུན་བལྟས་ན་སེམས་ཁམས་ལྷིང་འཇགས་སུ་གནས་པའི་བོད་རིགས་ཀྱིས། དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་གང་ཡིན་མངོན་གསལ་དོད་པོས་ཕྱིར་མངོན་མི་སྲིད་མོད། འོན་ཀྱང་བྱིས་པ་ཆུང་ཆུང་དག་ལ་ནུབ་ཕྱོགས་པ་ལྟ་བུའི་བརྩེ་བ་མཚོན་པར་བྱེད་པའི་ཐབས་ལམ་ཞིག་ཡོད་པ་ནི།རང་གི་བྱིས་པའམ་ཡང་ན་གཉེན་ཉེའི་བྱིས་པ་གཞན་པའི་མཆུ་ལ་འོ་ཡང་མོ་རེ་བྱེད་སྲོལ་ཡོད་པ་དེ་རེད། དེས་ནི་སྔོན་ཆད་ང་ལ་ཡ་མཚན་སྐྱེས་སུ་བཅུག  རྒྱུ་མཚན་ནི་ང་ཚོས་ནམ་རྒྱུན་མཐོང་བ་ནི་མཁུར་ཚོས་ལ་འོ་བྱེད་པ་དེ་རེད། ཡིན་ནའང་སྲོག་ཆགས་ཀྱི་ཁྲོད་དུ་དེ་ལྟ་བུར་ཨ་མ་དང་ཕྲུ་གུས་ཕན་ཚུན་ལ་མཆུ་གཏུགས་ནས་འོ་བྱེད་པ་མཐོང་དུ་ཡོད་ཅིང་། དེ་ནི་གདོད་མའི་བརྩེ་བ་ཟབ་མོ་མཚོན་སྟངས་ཤིག་རེད། འཚོ་གནས་ཀྱི་ཆ་རྐྱེན་ཞན་ཡང་དེ་ལྟ་བུའི་བརྩེ་བའི་ཀློང་ནས་ནར་སོན་པའི་བྱིས་པའི་སེམས་ཁམས་ནི་རྣམ་རིག་གིས་ཁེངས་པ་ཞིག་ཡིན་ཐག་ཆོད་རེད། དེ་ནི་ཕལ་ཆེར་བོད་རིགས་ཀྱི་བྱིས་པ་ཚོ་ནམ་ཡང་སྤྲོ་སྣང་གིས་ཁེངས་ཡོད་པའི་རྒྱུ་རྐྱེན་ཞིག་ཡིན་ངེས་སྙམ།

ནང་ལོགས་ཀྱི་མིས་ཕྱིའི་རྣམ་པ་གསར་བར་རེ་སྙེག་བྱེད་པ་སྟེ། དངོས་པོའི་དཔལ་ཡོན་ཡར་རྒྱས་སུ་བཏང་བ་དང་མཉམ་དུ། ནང་སེམས་ཀྱི་འཇིག་རྟེན་ཏེ། བསམ་པའི་དཔལ་ཡོན་རྒྱུན་མི་ཆད་པར་ཉམས་རྒུད་དུ་འགྲོ་བཞིན་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་བོད་རིགས་ནི་ནང་བསྟན་ཆོས་ལུགས་ལ་དད་པའི་དབང་གིས་ཁོང་ཚོའི་བསམ་བློའི་དཔལ་ཡོན་ནི་ཕུན་སུམ་ཚོགས་པོ་ཡིན་ཏེ།ཞི་འཇམ་དང་། བབ་བརླིང་། རང་དབང་བརྟན་ཚུགས་ལྡན་པ་སོགས་ཀྱིས་ཁོ་ཚོར་བླ་ན་མེད་པའི་ནང་སེམས་ཀྱི་འཇིག་རྟེན་ཞིག་གྲུབ་པར་བྱས་འདུག  དེ་བཞིན་ཁོང་ཚོས་ཀྱང་དངོས་པོའི་འཚོ་བ་ཡག་པོ་ཞིག་ལ་དོན་གཉེར་བྱེད་ཀྱིན་ཡོད་མོད།  འོན་ཀྱང་ཁོང་ཚོ་ནི་རྩ་བའི་ཆ་ནས་འདོད་ཡོན་ཁོ་ནར་དགའ་བ་དེ་འདྲ་ཞིག་གཏན་ནས་མ་རེད།

ཁོ་ཚོའི་མི་རེ་རེར་ཁེངས་སྐྱུང་ལྡན་ཞིང་གཞན་པར་གུས་བརྩི་ཡག་པོ་བྱེད་པ་དེས། ཁོ་ཚོར་རིན་ཐང་མེད་པ་དང་ཉམ་ཆུང་ཞིག་ཡིན་པ་མི་མཚོན་པར། དེ་ལས་ལྡོག་སྟེ་ཁོ་ཚོ་མི་ཚང་མ་ནི་དེ་འདྲའི་རླབས་ཆེན་ཞིག་དང་དཀྱེལ་ཡངས་ཤིག་ཡིན་པས།ང་ལ་ཡིད་སྨོན་དང་ནོངས་འགྱོད་སྐྱེས་སུ་བཅུག་སོང་། ང་ཚོ་ནམ་རྒྱུན་རང་ཉིད་གལ་ཆེན་ཞིག་ཏུ་བརྩི་བར་གོམས་ཡོད་མོད། འོན་ཀྱང་ཆེས་མཐའ་མར་རང་ཉིད་ཐ་ཤལ་བར་གཏོང་མཁན་ཡང་རང་ཉིད་ཁོ་ན་ལས་གཞན་མིན།

ང་ཚོའི་སེམས་སུ་རྗེས་ལུས་ཞེས་པ་ནི་ཕྱི་དངོས་པོའི་ཐད་དབུལ་ཕོངས་ཡིན་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱེད། ཡིན་ནའང་ནང་བསམ་པའི་འཇིག་རྟེན་དབུལ་བ་དེའང་རྗེས་ལུས་ཐེབས་པའི་རྟགས་མཚན་ཞིག་ཡིན་ཞེས་སུ་ཞིག་གིས་བསམ་བློ་གཏོང་མྱོང་ངམ།ངས་བོད་རིགས་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད་ཅེས་བཤད་ཀྱིན་ཡོད། ནང་གི་བསམ་བློ་ཁྱད་དུ་འཕགས་པ་དེ་ལས་མི་རིགས་གཞན་དག་ནམ་ཡང་བརྒལ་དཀའ་བར་འདུག  རྒྱུ་མཚན་ནི་ཁོ་ཚོར་ཆེས་བླ་མེད་ཀྱི་སྲོག་ཤིང་བཀན་མོ་ཞིག་ཡོད་པས་ཡིན་ཏེ།  དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རེད།

༢༠༢༠ལོའི་ཟླ་༥བར་བསྒྱུར།     


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།   སྤེལ་མཁན།: 改杰 སྤེལ་དུས:2022/11/3
我们的生活很穷 但我们的耐心特别富裕
  བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།   སྤེལ་མཁན།: 改杰 སྤེལ་དུས:2022/11/3
我们的生活很穷 但我们的耐心特别富裕
  བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།   སྤེལ་མཁན།: 改杰 སྤེལ་དུས:2022/11/3
我们的生活很穷 但我们的耐心特别富裕
  བོད་ནི་ཁྱད་འཕགས་ཀྱི་མི་རིགས་ཤིག་རེད།   སྤེལ་མཁན།: 改杰 སྤེལ་དུས:2022/11/3
我们的生活很穷 但我们的耐心特别富裕
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23577717
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།