​ཆུ་བཞི་དང་སྒང་དྲུག་གི་ངོས་འཛིན་ཤིན་ཏུ་གསལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »​ཆུ་བཞི་དང་སྒང་དྲུག་གི་ངོས་འཛིན་ཤིན་ཏུ་གསལ་བ།
​ཆུ་བཞི་དང་སྒང་དྲུག་གི་ངོས་འཛིན་ཤིན་ཏུ་གསལ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-02ལྟ་ཀློག (6036)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

ས་ཁྲ་འདི་རྩོམ་པ་པོས་བཀོད།

ཆུ་བཞི་དང་སྒང་དྲུག་གི་ངོས་འཛིན་ཤིན་ཏུ་གསལ་བ།

རྩོམ་པ་པོ། ཡུལ་ཤུལ་ཚེ་དབང་བཀྲ་ཤིས།


    མཐོ་བོད་གངས་ཅན་གྱི་ལྗོངས་ཆེན་མོ་འདི་ནི། སྟོད་སྨད་ཀྱི་ཆུ་བོ་ཆེན་པོ་བརྒྱད་ཀྱི་འབབ་རྒྱུད་དུ་ཆགས་ལ། སྟོད་ཀྱི་ཆུ་བོ་བཞི་ནི་ཁ་འབབ་རྣམ་བཞི་སྟེ། དེའི་འབབ་རྒྱུད་དུ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི་ཆགས། སྨད་ཀྱི་ཆུ་བོ་བཞི་ནི་རྨ་འབྲི་རྫ་རྔུལ་བཞི་སྟེ། དེའི་རྒྱུད་དུ་སྨད་མདོ་ཁམས་སྒང་གསུམ་ཆགས་པ་ཡིན་ནོ།  །

    སྨད་མདོ་ཁམས་ལ་སྒང་གསུམ་དུ་བཤད་པ་དང་། སྒང་བཞི་རུ་བཤད་པ། སྒང་ལྔ་རུ་བཤད་པ། སྒང་དྲུག་ཏུ་བཤད་པ་སྟེ་གསུམ་བྱུང་ལ། དང་པོ་ནི་རྒྱལ་རབས་གསལ་མེ་སོགས་ཡིག་ཚང་སྔོན་མ་ཕལ་མོ་ཆེ་ལས་སྨད་མདོ་ཁམས་སྒང་གསུམ་ཞིང་དང་འདྲ་སྟེ། བྱའི་གླིང་དུ་འདུག །དེ་རྣམས་ལ་ཡི་གེ་དྲུག་པའི་ཆོས་བསྟན་ནས།  ཕན་པ་དང་བདེ་བ་ལ་འཁོད་པར་མཛད། ཅེས་འབྱུང་ལ། སྒང་གསུམ་གྱི་ངོས་འཛིན་ནི། མདོ་སྨད་ཆོས་འབྱུང་ལས། ཡང་སྒང་གསུམ་ལ་བྱེད་ཚེ་མདོ་ཁམས་ལ་སྨར་ཁམས་བཏགས་པ་ཁམས་གཅིག །མདོ་སྨད་ལ་གཡེར་མོ་ཐང་བཏགས་པ་ཁམས་གཅིག །ཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་ཏུ་བྱེད།  ཅེས་གསལ། 

    དེ་ལས་སྐབས་འདིའི་སྨར་ཁམས་ནི་ཁམས་ཀྱི་ས་ཁུལ་ཡོངས་ལ་ངོས་འཛིན་དགོས་པ་འདྲ་ཞིང་། གཡེར་མོ་ཐང་ནི་མཚོ་སྔོན་པོའི་ཁོ་ར་ཁོར་ཡུག་གི་ས་ཁུལ་ལ་གོ་བ་སྟེ། པདྨ་བཀའ་ཐང་ལས། བོད་ཀྱི་མཚོ་ཆེན་ཁྲི་ཤོག་རྒྱལ་མོ་དེ། །ཁམས་ཀྱི་གཡེར་མོ་ཐང་གི་ཐང་དུ་འཁྱིལ། །ཞེས་གསུངས། ཙོང་ཁ་ནི་ཟི་ལིང་ལྟེ་བར་བྱས་པའི་ཁོ་ར་ཁོར་ཡུག་གི་ས་ཁུལ་ཡིན་ཏེ། བོད་བཙན་པོའི་དུས་སུ་གནས་འདིར་ཙོང་ཁ་ཆེ་ཆུང་གི་མཁར་རྫོང་ཡོད་ཚུལ་ཏུན་ཧོང་ཡིག་རྙིང་ལས་གསལ། དེས་ན་སྒང་གསུམ་ནི་ཆེས་ཁྱབ་ཆེ་བ་ཞིག་སྟེ། དེ་རུ་ཁམས་དང་ཨ་མདོའི་ཕྱོགས་ཆ་ཡོངས་འདུས་པར་མངོན་ནོ། །

    གཉིས་པ་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། མདོ་ཁམས་སྒང་བཞི་བྱ་བ་ནི། །ལྷོ་ཡི་སྨར་སྒང་རིང་མོ་དང་། །འབྲི་སྒང་རིང་མོ་དེ་དང་གཉིས། །ཟླ་སྒང་རིང་མོ་དེ་དང་གསུམ། །རྨ་ཡི་བོན་སྒང་རིང་མོ་བཞི། །སྒང་བཞི་རྟ་རྒྱབ་གཤིབ་པ་འདྲ། །ཞེས་གསུངས་ལ། རགས་པའི་དབང་དུ་བྱས་ན་རྒྱལ་མོ་རྔུལ་ཆུའི་རྒྱུད་ནི་སྨར་སྒང་དང་། འབྲི་ཆུའི་རྒྱུད་ནི་འབྲི་སྒང་། ཟླ་ཆུའི་རྒྱུད་ནི་ཟླ་སྒང་། རྨ་ཆུའི་རྒྱུད་ནི་རྨ་སྒང་ལ་ངོས་འཛིན་རུང་དུ་སྣང་ཞིང་། ཞིབ་ཕྲའི་ས་མཚམས་དང་ཆུ་མཚམས་མི་གསལ་ལོ།  །

    གསུམ་པ་ནི། དབུ་ནག་མིའུ་འདྲ་ཆགས་ལས། ད་ཆུ་དྲུག་བར་གྱི་སྒང་ལྔ་དེ། །ཏིབ་ཆུ་ནག་མོས་ཚུར་བཅད་དང་། །རྔུལ་ཆུ་དལ་འབྱམས་ཕན་ཆད་དེ། །ས་དེར་སྒང་གཅིག་ཡོད་པ་དེ། །ཨ་སྐྱི་ལྷོ་འུར་གྱི་སྒང་འདྲིལ་ཡིན། །རྔུལ་ཆུ་དལ་འབྱམས་ཚུར་བཅད་དེ། རྫ་ཆུ་ཁམ་པས་ཕར་བཅད་དེ། །སྨར་ཁམས་ཀེ་རེའི་སྒང་འདྲིལ་ཡིན། །ཚ་བ་རྫ་སྒང་རིང་མོ་བཅད། །རྫ་ཆུས་བཅད་པ་ཡན་ཆད་དང་། །འབྲི་ཆུ་སེར་མོས་ཕར་བཅད་དེ། །ཤར་རྫས་བཅད་པ་ཚུན་ཆད་དེ། །བུ་འབོར་གྱི་སྟག་སྒང་རིང་མོ་ཡིན། །ཤར་རྫས་བཅད་པ་ཕན་ཆད་དེ། །རྨ་ཆུ་ལུ་མ་ཚུན་ཆད་དེ། །རྨ་རྫ་ཉི་མའི་སྒང་འདྲིལ་ཡིན། །ཞེས་འབྱུང་ལ། རགས་པའི་དབང་དུ་བྱས་ན་རྔུལ་ཆུའི་གཡས་རྒྱུད་ནི་ཨ་སྐྱིར་སྒང་དང་། རྔུལ་རྫ་གཉིས་བར་གྱི་སྨད་ནི་སྨར་ཁམས་སྒང་། སྟོད་ནི་ཚ་བ་རྫ་སྒང་། ལྷོ་རྫ་དང་ཤར་རྫ་གཉིས་བར་ནི་བུ་འབོར་སྟག་སྒང་། ཤར་རྫ་དང་རྨ་ཆུ་གཉིས་བར་ནི་རྨ་རྫ་ཉི་མའི་སྒང་ཡིན་པར་སྣང་སྟེ་ཞིབ་ཕྲའི་ས་མཚམས་དང་ཆུ་མཚམས་མི་གསལ་ལོ།  །

    བཞི་པ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང༌། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། །ཀུན་ལ་ཆོས་བསྟན་དཔག་མེད་སྨིན་གྲོལ་མཛད། །ཅེས་སྒང་དྲུག་ཏུ་གསུངས་ལ། དེའི་ངོས་འཛིན་ནི། མདོ་སྨད་ཆོས་འབྱུང་ལས། མདོ་ཁམས་སྒང་དྲུག་ནི། ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། དམར་རྫ་སྒང༌། མི་ཉག་རབ་སྒང་དང་དྲུག་ལ་བྱེད་ཅིང་དེ་རྣམས་བར་ཁམས་སུ་གཏོགས་སོ། །ཞེས་གསལ་བོར་བྱུང་ངོ་། །

    དེ་དག་ལས་སྒང་དྲུག་གི་བཤད་སྲོལ་འདི་དུས་ཕྱིས་ཁྱབ་ཆེ་བར་བྱུང་ཞིང་། སྒང་དྲུག་ངོས་འཛིན་ལ་མི་མཐུན་པ་འགའ་རེ་ཡང་བྱུང་སྣང་བས་ཁོ་བོས་ཀྱང་ཡིག་ཚང་དག་ལ་ཞིབ་དཔྱད་ཀྱིས་ངོས་འཛིན་འདི་ལྟར་བྱས་པའོ། །

    རྒྱལ་མོ་དངུལ་ཆུའི་ཆུ་མགོ་ན་ཨ་མདོ། ནག་ཆུ། གཉན་རོང་། སོག་རྫོང་། འབྲི་རུ། བ་ཆེན་དང་དྲུག་ཡོད་ལ། ས་ཁུལ་དེ་དྲུག་གི་ཆུ་བོ་ཕལ་ཆེར་མཉམ་འདུས་ཀྱིས་འབབ་པ་ལས་རྒྱལ་མོ་རྔུལ་ཆུ་གྲུབ། ཆུ་བོ་དེ་བྱང་ནས་ལྷོ་རུ་བཞུར་བའི་རྒྱུད་དུ་གཡས་ཕྱོགས་ན་དཔལ་འབར། ལྷོང་རོང་། དཔའ་ཤོད་དང་གསུམ་རིམ་པར་ཡོད་ལ། གཡོན་ཕྱོགས་ཀྱི་སྨད་རྒྱུད་ན་མཛོ་སྒང་ཡོད། རྫོང་དྲུག་པོའི་ཆུ་བོ་རྣམས་ཀྱང་རྒྱལ་མོ་རྔུལ་ཆུ་ནང་དུ་འདྲིལ་བས། རྔུལ་ཆུའི་འབབ་རྒྱུད་ཀྱི་ས་ཆར་གཏོགས་སོ།  །

    དེ་ལས་དཔའ་ཤོད་དང་མཛོ་སྒང་ནི་སྒང་དྲུག་ལས་ཚ་བ་སྒང་གི་སའི་དངོས་གཞི་སྟེ། འཛམ་གླིང་སྤྱི་བསང་ལས།  དམག་དཔོན་དགྲ་འདུལ་ལ་སོགས་པའི། །ཚ་བ་སྒང་གི་ས་བདག་བསང་། །ཞེས་དང་། གནམ་ཆོས་བསང་ལས། ལྷོ་ཡི་རོང་ལ་རྒྱལ་མཚན་དང་། །རོང་བཙན་ཁ་བ་དཀར་པོ་དང་། །དབང་ལྷ་མོ་ནམ་མཆེད་བརྒྱད་དང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་དང་། །སྨུག་རི་མོ་ནམ་ལ་སོགས་པའི། །ཚ་བ་སྒང་གི་གཞི་བདག་བརྔན། །ཞེས་གསུངས་ལ།  རོང་ལ་རྒྱལ་མཚན་དང་། དམག་དཔོན་དགྲ་འདུལ་སོགས་ཚ་བ་དཔའ་ཤོད་དུ་ཡོད་ལ། གནམ་ཆོས་བསང་འདི་ལས་རོང་བཙན་ཁ་བ་དཀར་པོའི་རྒྱུད་ལྷོ་ཚ་བ་རོང་གི་ས་ཁུལ་ཡང་ཚ་བ་སྒང་དུ་གཏོགས་པར་ཤིན་ཏུ་གསལ་ལོ། ། 

    རྫ་ཆུའི་ཆུ་མགོ་ན་རྫ་སྟོད་། ཆུ་བོ་འདི་ལ་ལྷོ་ཟླའམ་ལྷོ་རྫ་ཡང་ཟེར། དེ་བྱང་ནས་ལྷོ་རུ་བཞུར་བའི་གཡས་འགྲམ་ན་ནང་ཆེན། རི་བོ་ཆེ། ཆབ་མདོ། གཡོན་ཕྱོགས་ན་བྲག་ཡབ་དང་། སྨར་ཁམས། བདེ་ཆེན་བཅས་རིམ་པར་ཡོད། རྫོང་བདུན་པོའི་ཆུ་བོ་རྣམས་རྫ་ཆུའི་ནང་དུ་འདྲིལ་བས། རྫ་ཆུའི་འབབ་རྒྱུད་ཀྱི་ས་ཆར་གཏོགས་སོ།  །

    དེ་ལས་ཆབ་མདོ་ཡན་ཆད་ནི་ཟལ་མོ་སྒང་གི་ཆ་དང་། བྲག་ཡབ་ནི་ཚ་བ་སྒང་དུ་གཏོགས་པ་དང་། སྨར་ཁམས་ནི་སྨར་ཁམས་སྒང་གི་སའི་དངོས་གཞི་ཡིན་ནོ། །གུ་བཀྲའི་ཆོས་འབྱུང་ལས། རྔུལ་རྫ་ཟལ་མོའི་སྒང་དུ་གཏོགས་པ་ཁམས་རི་བོ་ཆེའི་ཕྱོགས་སུ། ཞེས་དང་། མདོ་ཁམས་ཟལ་མོ་སྒང་གི་ཆ་ལས་བར་ཁམས་གདན་ས་ཆེན་པོ་དཔལ་རི་བོ་ཆེ་དང་།  ཆབ་མདོ་གཉིས་ཀྱི་སྡེ་མཚམས་དོམ་ཞེས་བྱ་བའི་ཡུལ་དུ།  ཞེས་འབྱུང་བས་རི་བོ་ཆེ་ཡང་ཟལ་མོ་སྒང་དུ་གཏོགས་པ་འཐད་དོ། །

    འབྲི་ཆུའི་གཡས་ན་འབྲི་སྟོད། སྐྱེ་རྒུ། འཇོ་མདའ། གོ་འཇོ། གཡོན་ན་ཆུ་དམར། ཁྲི་འདུ། སྡེ་དགེ། དཔལ་ཡུལ། འབའ་ཐང་། ལི་ཐང་། ཕྱག་འཕྲེང་། སྡེ་རོང་། འདབ་པ། རྒྱལ་ཐང་རྫོང་བཅས་ཡོད་པ་ལས། རྫོང་བཅུ་བཞི་པོའི་ཆུ་བོ་རྣམས་ཀྱང་འབྲི་ཆུ་ནང་དུ་འབབ་པས་འབྲི་ཆུའི་འབབ་རྒྱུད་ཀྱི་ས་ཆར་གཏོགས་སོ། །

    དེ་ལས་གོ་འཇོ་ནི་སྨར་ཁམས་སྒང་དུ་གཏོགས་སྟེ། འཛམ་གླིང་སྤྱི་བསང་ལས། མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་སྒང་གི་ས་བདག་བསང་། །ཞེས་དང་། གནམ་ཆོས་བསང་ལས། གེར་མཛོ་གཉན་པོ་ལ་སོགས་པའི། །སྨར་ཁམས་སྒང་གི་ས་བདག་བརྔན། །ཞེས་འབྱུང་བའི་མི་མགོན་དཀར་པོ་དང་། གེར་མཛོ་གཉན་པོ་ནི་གོ་འཇོའི་ས་ཆ་ན་ཡོད་པས་སོ། །  

    རྒྱལ་ཐང་ཕྱོགས་འདི་ཡང་སྤོ་འབོར་སྒང་དུ་གཏོགས་པ་སྟེ། མུ་ལི་ཆོས་འབྱུང་ལས། ལི་ཐང་རྒྱལ་ཐང་སོགས་སྤོ་འབོར་སྒང་གསུམ་གྱི་གྲྭ་རིགས་རྣམས་ལ་སྤོ་འབོར་ཁང་ཚན་ཐོབ་པའི་འཇགས་པོ་གནང་།  ཞེས་གསལ་ལ། རྒྱལ་ཐང་གི་ལོ་རྒྱུས་གསར་བ་ཞིག་ལས་ཀྱང་རྒྱལ་ཐང་འདི་སྤོ་འབོར་དུ་གཏོགས་པར་བཤད།  

   འབའ་ཐང་དང་། ལི་ཐང་གཉིས་ནི་སྤོ་འབོར་སྒང་གི་སའི་དངོས་གཞི་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བུམ་འབོར་སྒང་ཆེ་ཆུང་གཉིས། སྒང་ཆུང་ལ་རོང་ཁ་བཞི་རུ་ཡོན་གཉིས། སྨ་ཆུ་རྒྱུད། བཤལ་ཆུ་རྒྱུད། འདོབ་རྫ་ལ་རོང༌། འབའ་ཐང་སོགས་དང༌། དབྲ། འདྲུ། བཞག །ལི་ཐང་སོགས་བུམ་འབོར་སྒང་ཆེན་དང༌། ཞེས་གསུངས་ཤིང་། འཛམ་གླིང་སྤྱི་བསང་ལས། རྡོ་རྗེ་དཔལ་རྩེག་ལ་སོགས་པའི། །སྤོམ་འབོར་སྒང་གི་ས་བདག་བསང་། །ཞེས་དང་། གནམ་ཆོས་བསང་ལས། བཛྲ་བྲམ་ཟེ་ལ་སོགས་པའི། །སྤོམ་འབོར་སྒང་གི་གཞི་བདག་བརྔན། །ཞེས་པའི་རྡོ་རྗེ་དཔལ་རྩེག་ཀྱང་འབའ་ཐང་དང་ལི་ཐང་བར་དུ་ཡོད་པའི་ཡུལ་ལྷ་གཙོ་བོ་ཞིག་ཡིན་ནོ།  །  

    དེ་བཞིན་དཔལ་ཡུལ་ཡང་སྤོ་འབོར་སྒང་དུ་གཏོགས་ཏེ། དཔལ་ཡུལ་ཕྱོགས་སུ་འཁྲུངས་པའི་ཀ་ཐོག་གི་གདན་ས་པ་ཆོས་རྗེ་གཙང་སྟོན་གྱི་ཞལ་ནས། བན་སྡོམ་རྡོ་རྗེ་རྒྱལ་མཚན་ང་། །བུ་འབོར་སྒང་དུ་སྐྱེ་བ་ཡིན། །ཞེས་དང་། གུ་བཀྲའི་ཆོས་འབྱུང་ལས། ཀ་དམ་པ་བདེ་གཤེགས་ཀྱི་འཁྲུང་གནས་ཀྱང་སྤོ་འབོར་སྒང་ཡིན་པར་གསུང་སོ།  ། 

    འབྲི་ཆུའི་ཆུ་ལག་ཤར་ཟླའི་རྒྱུད་དུ་སེར་ཤུལ། དཀར་མཛེས། ཉག་རོང་། ཉག་ཆུ་ཁ། མུ་ལི། བརྒྱད་ཟིལ་བཅས་ཡོད་པ་ལས། དཀར་མཛེས་ཕྱོགས་འདི་དམར་རྫ་སྒང་གི་སའི་དངོས་གཞི་ཡིན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྕགས་མོ་ཀྲེ་བོ་སོགས་ཤར་དམར་རྫ་སྒང་པ། ཞེས་གསུངས་ལ། གསར་རྩོམ་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་སུམ་ལྡན་ལས། མདོ་སྨད་སྤོ་འབོར་སྒང་གི་ནང་ཚན་ཉག་རོང་ལྕགས་མདུད། ཅེས་ཉག་རོང་ཡང་སྤོ་འབོར་སྒང་དུ་གཏོགས་པར་གསུངས་པ་འགྲིག་པར་སྣང་། 

    འབྲི་ཆུའི་ཆུ་ལག་ཤིས་ཆུ་དང་སྙི་ཆུ་ལྷོ་རུ་བཞུར་བའི་མཉམ་འདྲེས་འགྲམ་རྒྱུད་དུ་བྲག་མགོ་དང་། རྟ་འུ་གཉིས་ཡོད། ཆུ་འདི་ཉག་ཆུ་ཁའི་སྟོད་ནས་ཤར་ཟླ་དང་འདྲིལ་ཏེ་ལྷོ་རུ་བཞུར་མཐར་ཕན་ཀྲི་ཧ་ནས་འབྲི་ཆུ་ཤར་དུ་བཞུར་བའི་ནང་དུ་འདྲེས། དེ་ལས་བྲག་མགོ་དང་རྟ་འུའི་སྟོད་ཕྱོགས་ནི་དམར་རྫ་སྒང་དུ་གཏོགས་པ་ལྟར་དུ་མངོན་ལ། རྟ་འུ་སྨད་ནི་མི་ཉག་སྒང་གི་སའི་ཆ་ཡིན་ནོ། །

    འབྲི་ཆུའི་ཆུ་ལག་གསེར་ཆུའི་འགྲམ་རྒྱུད་དུ་གསེར་རྟ་དང་། རྡོ་ཆུའི་གཡོན་ཕྱོགས་སུ་འཛམ་ཐང་ཡོད་ལ། གསེར་ཆུ་ཤར་དུ་བཞུར་བའི་རྒྱུན་རྡོ་ཁོག་མདའ་ནས་རྡོ་ཆུ་ལྷོ་རུ་བཞུར་བ་དང་འདྲེས་ཏེ་ཤར་དུ་འབབ་པའི་རྒྱུན་འབར་ཁམས་དང་ཆུ་ཆེན་ས་མཚམས་ནས་རྒྱལ་མོ་རྔུལ་ཆུ་ཆུང་བ་དང་འདྲེས་ལ། འབྲོང་རིའི་ཉེ་ཟུར་གྱི་ཡུལ་ལྷ་གདོང་རའི་གསོལ་ཁ་རྙིང་བ་ཞིག་ལས། མདོ་ཁམས་ཟལ་སྒང་གནས་གཞིའི་བདག །རྟེན་བཅས་ཧ་ལོང་གདོང་ར་ནི། །ཞེས་དང་། གསར་རྩོམ་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་སུམ་ལྡན་ལས། མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་གསེར་ལུང་དལ་གྱིས་འབབ་པའི་གཡས་ཟུར། ཞེས་གསེར་རྟ་ཟལ་མོ་སྒང་དུ་གཏོགས་པར་བཤད་པ་འགྲིགས་པར་སྣང་།  

    ཡང་བྱང་ནས་ལྷོ་རུ་བཞུར་བའི་སྨར་ཆུ་དང་།  ཤར་ནས་ནུབ་ཏུ་བཞུར་བའི་རྔ་ཆུ་གཉིས་རྔ་བའི་ལྷོ་རྒྱུད་ནས་འདྲེས་ཏེ་ལྷོ་རུ་འབབ་པ་དེ་དང་།  ཤར་ནས་ནུབ་ཏུ་བཞུར་བའི་འབར་ཁམས་ཆུ་གཉིས་འབར་ཁམས་ནས་མཉམ་དུ་འདྲིལ་ཏེ་ནུབ་ཏུ་འབབ་པའི་རྒྱུན་ལ་རྒྱལ་མོ་དངུལ་ཆུ་ཆུང་བ་ཡང་ཟེར། ད་ེཉིད་ལྷོ་རུ་བཞུར་བའི་འགྲམ་རྒྱུད་དུ་ཆུ་ཆེན། རོང་བྲག །གཡས་རྒྱུད་དུ་དར་མདོ། གཡོན་རྒྱུད་དུ་ལྕགས་ཟམ། བཙན་ལྷ་བཅས་ཡོད་ལ། ཆུ་དེའི་རྒྱུན་ལོ་ཧྲན་བྱམས་ཆེན་དྲུང་ནས་འབབ།  

    དར་མདོའི་ཕྱོགས་ནི་མི་ཉག་སྒང་གི་སའི་དངོས་གཞི་ཡིན་ཏེ། འཛམ་གླིང་སྤྱི་བསང་ལས།  བཞག་ར་ལྷ་རྩེ་ལ་སོགས་པའི།  །རབ་སྒང་ས་བདག་ཐམས་ཅད་བསང་།  །ཞེས་དང་། གནམ་ཆོས་བསང་ལས། བཞག་ར་ལྷ་རྩེ་ལ་སོགས་པའི།  །རབ་སྒང་ས་བདག་ཐམས་ཅད་བརྔན།  །ཞེས་གསུངས་ལ། བཞག་ར་ལྷ་རྩེ་ནི་དར་མདོའི་ཁོངས་སུ་ཡོད་དོ།  ། 

    མགོ་ལོག་པདྨ་ནས་འབབ་པའི་རྡོ་ཆུ་དང་སྨར་ཆུ་ནི་འབྲི་ཆུའི་ཆུ་ལག་ཏུ་ཡོད་པས་ཆུའི་འབབ་རྒྱུན་དབང་དུ་ན་པདྨ་དེ་འབྲི་ཆུ་འབབ་རྒྱུད་ཀྱི་ས་ཁུལ་དུ་གཏོགས་མོད།  བར་ཐག་ནི་རྨ་ཆུ་དང་ཉེ་བར་ཡོད་པ་ཡིན།

    ཡང་ཟུང་ཆུ་དང་ཁྲོ་ཆུ་གཉིས་བྱང་ནས་ལྷོ་རུ་བཞུར་བའི་རྒྱུན་རྨིན་རྫོང་ནས་མཉམ་དུ་འདྲེས་ཏེ་ཝིན་ཁྲོན་དུ་འབབ་ཅིང་དེ་ནས་ལིས་རྫོང་གི་ཆུ་དང་འདྲེས་ནས་དོས་ཅང་ཡན་དང་ཁྲིན་ཏུ་གྲོང་ཁྱེར་བརྒྱུད་ནས་ལོ་ཧྲན་བྱམས་ཆེན་དྲུང་དུ་འབབ་ཅིང་དེ་ནས་རྒྱལ་མོ་དངུལ་ཆུ་ཆུང་བ་དང་མཉམ་འདྲེས་ཀྱིས་ལྷོ་རུ་བཞུར་མཐར་འབྲི་ཆུར་འབབ། དེས་ན་ས་ཁུལ་དེ་དག་ཀྱང་འབྲི་ཆུའི་འབབ་རྒྱུད་ཀྱི་ས་ཁུལ་དུ་གཏོགས་སོ། །

    རྨ་ཆུའི་འབབ་རྒྱུད་དུ་མགོ་ལོག་དང་དེ་ཕན་ཆད་དུ་ཨ་མདོའི་ཡུལ་གྲུ་རྣམས་ཆགས་ལ། ཁྱུང་མཆུ་དང་། མཛོ་དགེའི་ཆུ་རྣམས་ཀྱང་ལྷོ་ནས་བྱང་དུ་བཞུར་ཏེ་རྨ་ཆུར་འདྲེས་པས།  ས་ཁུལ་དེ་དག་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཁུལ་དུ་གཏོགས་སོ། །

    རྨ་ཆུའི་སྟོད་རྒྱུད་ལ་རྨ་ཟླ་སྒང་ཞེས་ཀྱང་ཟེར་ཏེ།  དཔལ་མེ་མཁྱེན་བརྩེས་ཕབ་པའི་རི་རྩིས་ཀྱི་སྒྲུང་ལས། རྨ་ཟླ་སྒང་ལ་དབང་བསྒྱུར་པའི། །རྨ་སྟོད་རྩེ་ལྷ་བཅུ་གསུམ་རེད། །ཅེས་འབྱུང་ལ། མཆོག་གླིང་གཏེར་བྱོན་བསང་བརྔན་འདོད་རྒུ་རྒྱ་མཚོ་ལས་ཀྱང་། རྨ་ཆུ་དང་ཤར་རྫའི་བར་ལ་རྨ་ཟླ་སྒང་ཞེས་འབྱུང་ངོ་། །

    དེ་ལྟར་ན་ཡུལ་ཤུལ་དང་། འབྲི་སྟོད། ཆུ་དམར། རྨ་སྟོད། དར་ལག  །པདྨ། རྨ་ཆེན། དགའ་བདེ། རྨ་ཆེན། ཅིག་སྒྲིལ་རྣམས་ཟལ་མོ་སྒང་ཡིན་པ་སྟེ། མགོ་ལོག་རུས་མཛོད་ལས། སྒང་དྲུག་ལས་ཟལ་མོའི་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ། གླིང་ཁྲི་གོང་མའི་ས་ནི་ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང་།  དེ་ལས་བྷེ་སྒོམ་གྱི་རྫ་རི་དེའི་ཕུ་ན་རྫ་གཡའ་བྲག་དང་།  གངས་བྲག་གཡའ་བྱ་བའི་རི་ཁྲོད་ངོ་མཚར་ཅན་ཡོད་པ།  མདའ་ན་མི་སྡེ་གོང་ཟི།  མང་འབྲུག་གཉིས་ཀྱི་དཔོན་ཆེན་གླིང་ས་ལྡོང་སེང་བློན་ཡིན་ལ།  སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་ཞལ་དཀར་སོགས་ཡིན་པ་འོག་ནས་འཆད་ལ།  གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་གྱི་ས་ཆ་རྣམས་དང་། གླིང་ཁྲི་འོག་མའི་ས་ཆ་ནི་མདོ་ཁམས་སྨར་རོལ་ཡིན་པར་བཤད་ལ། ཞེས་འབྱུང་ཞིང་། ལྷོ་ནུས་ལྡན་རྡོ་རྗེའི་སྒང་དྲུག་ཡུལ་ལྷའི་སྤྱི་བསང་ལས་ཀྱང་། སྤོམ་ར་ལ་སོགས་སྒང་དྲུག་གཞི་བདག་བསང་། །ཞེས་རྨ་རྒྱལ་སྤོམ་ར་ཡང་སྒང་དྲུག་གི་ཕྱོགས་སུ་གཏོགས་པར་གསུངས་པས། ཟལ་སྒང་གི་ཕྱོགས་སུ་གཏོགས་པ་ལས་འོས་མེད་དོ། །

    དེས་ན་ཟལ་མོ་སྒང་འདི་སྒང་གཞན་དག་ཀྱང་ས་རྒྱ་ཆེས་ཆེ་བར་ཡོད་པ་ལ་སྒང་གཞན་ལྔ་པོའི་བྱང་ཆ་རུ་ཆགས་པས། དབུ་ནག་མིའུ་འདྲ་ཆགས་ལས། སྒང་ཆེན་ཕག་མོ་ཉལ་བ་འདྲ། །སྒང་ཕྲན་ཕྲུག་གུས་ནུ་བ་འདྲ། །ཞེས་པའི་སྒང་ཆེན་དེ་ཟལ་མོ་སྒང་དང་། སྒང་ཕྲན་དེ་སྒང་གཞན་ལྔ་པོར་སྦྱར་ན་སྒང་དྲུག་གི་ས་ཁམས་ཆགས་ཚུལ་ངོས་ནས་ཧ་ཅང་འབྱོར་བར་སྣང་ངོ་། །

 

འཇུ་བཀྲ་ཤིས་བཟང་པོས་བྲིས།

མཆོག་གླིང་གཏེར་བྱོན་བསང་བརྔན་འདོད་རྒུ་རྒྱ་མཚོ་ལས། ཤར་ཟླ་སྒང་དང་། འབྲི་ཟླ་སྒང་། ལྷོ་ཟླ་སྒང་། ཟལ་མོ་སྒང་། རྔུལ་ཟླ་སྒང་། ཚ་བ་སྒང་དྲུག་ཏུ་གསུངས་པ་ལས། དང་པོ་ལྔ་ནི་ཟལ་མོ་སྒང་གི་སྒང་ཆུང་རྣམས་ཡིན་པ་སྒང་དེ་དག་གི་ཡུལ་ལྷ་གཙོ་བོ་རྣམས་ཀྱི་ངོས་འཛིན་ལས་ཤེས་ཏེ། ཤར་ཟླའི་ཡུལ་ལྷ་གསེར་འབྲོང་རི་སྨུག་པོ། འབྲི་ཟླའི་ཡུལ་ལྷ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་། ལྷོ་ཟླའི་ཡུལ་ལྷ་རྒྱམ་རྒྱལ། ཟལ་སྒང་གི་ཡུལ་ལྷ་སྐུ་རྒྱལ་དང་ངོམ་རྒྱལ། དངུལ་ཟླའི་ཡུལ་ལྷ་གཟེ་ཡི་མ་མོ་མཆེད་གསུམ་སོགས་ཡིན་པ་དེ་ཉིད་ལས་གསལ་ལ། རྨ་ཟླ་སྒང་གི་ཡུལ་ལྷ་གཙོ་བོ་རྨ་སྤོམ་ར་དང་གཉན་པོ་གཡུ་རྩེ་ཡིན་པས་དེ་ཡང་ཟལ་མོ་སྒང་གི་ཆ་ཤས་ཡིན་ནོ། །

    དེས་ན་རགས་པའི་དབང་དུ་བྱས་ན་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ནི་ཚ་བ་སྒང་དང་། རྫ་ཆུའི་སྨད་རྒྱུད་ནི་སྨར་ཁམས་སྒང་དང་། འབྲི་ཆུའི་སྨད་རྒྱུད་ནི་སྤོ་འབོར་སྒང་། འབྲི་ཆུའི་ཆུ་ལག་ཤར་རྫའི་བར་རྒྱུད་ནི་དམར་རྫ་སྒང་། ཤར་རྫའི་སྨད་ཀྱི་ཉག་ཆུ་དང་རྔུལ་ཆུ་ཆུང་བའི་བར་རྒྱུད་ནི་མི་ཉག་སྒང་། རྫ་ཆུའི་སྟོད་རྒྱུད་དང་། འབྲི་ཆུའི་སྟོད་རྒྱུད། རྨ་ཆུའི་སྟོད་རྒྱུད་བཅས་ཀྱི་ས་ཁུལ་ནི་ཟལ་མོ་སྒང་ཡིན་ནོ།  ། 

    དེ་ལྟར་བྱས་ན་ཆུ་བཞིའི་འབབ་རྒྱུད་དུ་ཁམས་དང་ཨ་མདོའི་ས་ཁུལ་ཚང་མ་འདུ་ཡང་། སྒང་དྲུག་ཏུ་ཁམས་སྨད་རྒྱལ་རོང་དང་ཨ་མདོའི་ས་ཁུལ་རྣམས་མ་འདུས་པར་མངོན་ཏེ། མདོ་སྨད་ཆོས་འབྱུང་ལས་ཀྱང་། མདོ་ཁམས་སྒང་དྲུག་ནི།  ཟལ་མོ་སྒང༌།  ཚ་བ་སྒང༌།  སྨར་ཁམས་སྒང༌།  སྤོ་འབོར་སྒང༌།  དམར་རྫ་སྒང༌།  མི་ཉག་རབ་སྒང་དང་དྲུག་ལ་བྱེད་ཅིང་དེ་རྣམས་བར་ཁམས་སུ་གཏོགས་སོ།  །ཞེས་སྒང་དྲུག་ནི་ཁམས་ཕྱོགས་ཡིན་པར་གསུངས་ལ། རག་རའི་ཆོས་འབྱུང་ཤེལ་དཀར་མེ་ལོང་ལས་ཀྱང་།  ཁམས་སུ་བྱོན་ཏེ་སྒང་དྲུག་བླངས་ནས་བེ་རི་རྒྱལ་པོ་བཟུང་། ཞེས་སྒང་དྲུག་ཁམས་ཀྱི་ས་ཁུལ་ཡིན་པར་གསུངས་པས་སོ།  །


2019/8/30

རྨ་ཆུ་སྔོན་མོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23569955
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།