ཁ་ཏི་ཀའི་རྗེའི་ཞལ་ཐང་གི་ལོ་རྒྱུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 7 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »ཁ་ཏི་ཀའི་རྗེའི་ཞལ་ཐང་གི་ལོ་རྒྱུས།
ཁ་ཏི་ཀའི་རྗེའི་ཞལ་ཐང་གི་ལོ་རྒྱུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-31ལྟ་ཀློག (5043)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།  །བྱང་བླ་མ་ཆོས་ཀྱི་རྒྱལ་བོའི་གདན་ས་ཁ་ཏི་ཀའི་དགོན་པའི་རྟེན་གཙོ་རྗེ་རྩ་ཐང་གཞན་ཕན་ཆེན་མོའི་ལོ་རྒྱུས་མདོར་བསྡུས་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།  །

མཛད་པ་བོ།  ༧མ་ཧཱ་པཎྚི་ཏ་༧རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས།  


༄༅།  །ན་མོ་གུ་རུ་སརྦྦ་ཛྙཱ་སུ་མ་ཏི་ཀཱིརྟི་ཡེ།  སྟེང་ཕྱོགས་དགའ་ལྡན་ལྷ་བརྒྱའི་ཅོད་པན་གྱིས།  །གང་གི་ཞབས་མཐིལ་པདྨོར་གུས་མཆོད་ཀྱང་།  །སྲིད་དང་ཞི་བའི་ཕུན་ཚོགས་འབུམ་འཇོ་བ།  །འཇམ་དཔལ་སྙིང་བོས་བདག་ཅག་རིང་དུ་སྐྱོངས།  །

བློ་ཆེན་ཀུན་བཟང་མཁྱེན་གཏེར་འཇམ་དབྱངས་དངོས།  །གྲགས་པ་རབ་དཀར་སྲིད་པའི་ཁོངས་བརྒལ་བ།  །རྒྱལ་བ་གཉིས་པར་རབ་བསྔགས་ཆོས་ཀྱི་རྗེ།  །མི་ཕྱེད་དད་པའི་ཞིང་དུ་གུས་པས་བསྟེན།  །

འཇམ་མགོན་བླ་མས་དངོས་སུ་བྱིན་བརླབས་པའི།  །སྐུ་ཐང་གཞན་ཕན་དཔག་བསམ་ལྗོན་པ་ཆེ།  །གནས་འདིར་ཇི་ལྟར་བྱོན་པའི་ཡ་མཚན་གཏམ།  །ཁུངས་ལྡན་མུ་ཏིག་དོ་ཤལ་བདག་གིས་སྤེལ།  །

དེ་ལ་འདིར་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པར་གྱུར་པ།  རིགས་གསུམ་སྒྱུ་འཕྲུལ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་གྱི་རོལ་མོ་འཇིག་རྟེན་གསུམ་དུ་སྙན་པར་འཁྲོལ་བ་གང་ཉིད་མདོ་ཁམས་གཡར་མོ་ཐང་གི་སྙིང་བོ་ཙོང་ཁའི་གནས།  སྐུ་འབུམ་ཆོས་སྡེ་བྱམས་པ་གླིང་ཆགས་པའི་གནས་འདིར་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་གཅིག་པ་མེ་མོ་བྱ་ཡི་ལོའི་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་སྐུ་འཁྲུངས།  འབྲུག་རྒྱལ་དབང་གིས་མཛད་པའི་རྗེའི་རྣམ་ཐར་ཆེན་མོ་ལྟར་ན་འཁྲུངས་འདས་ཀྱི་ཚེས་གྲངས་གཉིས་ཀ་བཅུ་བའི་ཉེར་ལྔ་ལ་ཁེལ་བར་མཛད་སྣང་ངོ་།  །

སྐུ་འཁྲུངས་པའི་གནས་དེར་ལྟེ་ཁྲག་བཅད་པའི་ཁྲག་མཚལ་ལས་ཙན་དན་གྱི་ལྗོན་པ་འཁྲུངས་ཤིང་།  ལོ་མའི་གྲངས་དང་མཉམ་པར་རྒྱལ་བ་སེང་གེའི་ང་རོའི་སྐུ་འབུམ་ཕྲག་གཅིག་ལོ་མའི་སྟེང་རང་བྱོན་དུ་བབས་པས་ན་གནས་ཀྱི་མིང་ལ་སྐུ་འབུམ་ཞེས་སྐྱེ་བོ་ཡོངས་ཀྱི་ཁ་ལ་མ་བསླབས་པར་ཡང་ལྷན་སྐྱེས་སུ་གྲགས་པར་གྱུར་ཏོ།  །

དགུང་ལོ་གསུམ་གྱི་དུས་སུ་ཧོར་རྒྱལ་བོའི་དབུ་བླར་གདན་དྲངས་པའི་ཆོས་རྗེ་ཀརྨ་བ་རོལ་བའི་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་པར་མཚན་ལ་ཀུན་དགའ་སྙིང་བོར་གསོལ།  ཁམས་དཔལ་སྤྲུལ་གྱི་འབེལ་གཏམ་ལས།  རྗེ་ཀརྨ་བའི་དྲུང་ནས་རབ་ཏུ་བྱུང་།  ཞེས་བྲིས་པ་ནི་མ་དག་པའོ།  །

དགུང་ལོ་བདུན་གྱི་དུས་སུ་བྲག་བྱ་ཁྱུང་དུ་ཕེབས་ནས།  གཙང་སྣར་ཐང་དགོན་པའི་བཅོམ་ལྡན་རིག་པའི་རལ་གྲིའི་བུ་ཆེན་ལྡོང་སྟོན་རིགས་པའི་སེང་གེའམ་མདོག་སྟོད་པ་རིན་ཆེན་སེང་གེ་ཞེས་བྱ་བ་དང་།  མཆིམས་བློ་བཟང་གྲགས་པའི་སློབ་མ་རོང་བོ་དོར་རི་ཉིན་པ་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་སྐུ་དྲུང་དུ་ཡབ་ཀྱིས་བསྐྱལ་ནས་ཀློག་པ་ཐོས་བསམ་གྱི་གྲྭ་རུ་ཞུགས་ཤིང་།  ཡི་དམ་རྡོ་རྗེ་འཇིགས་བྱེད་སོགས་རྒྱུད་སྡེ་མང་བོའི་དབང་བསྐུར་ཟབ་མོ་མནོས།  ཆོས་རྗེ་དེ་ཉིད་ཀྱིས་མཁན་པོ་དང་།  ཀོའུ་བ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ།  སྣར་ཐང་བ་མཆིམས་བློ་བཟང་གྲགས་པས་ཁྱོད་ལ་སློབ་མ་འགྲན་ཟླ་དང་བྲལ་བ་ཞིག་འབྱུང་བས་དེ་རབ་ཏུ་བྱུང་དུས་ཁོའི་མིང་འདི་ཐོགས་ཞེས་ལུང་བསྟན་གནང་བ་ལྟར་བློ་བཟང་གྲགས་པ་ཞེས་མཚན་གསོལ་ཏོ།  །

དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་བླ་མའི་བཀས་བསྐུལ་བ་དང་།  རང་ཉིད་ཀྱི་ཐུགས་ལ་ཡང་དབུས་གཙང་ཆོས་ཀྱི་ཞིང་དུ་ཕེབས་ནས་རྒྱལ་བའི་གསུང་རབ་ཀྱི་རྒྱ་མཚོ་ཆེན་པོར་ཐོས་བསམ་གྱི་གྲུ་བོ་ཆེ་བསྐྱོད་དེ་གཞུང་དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཚོལ་བའི་ཐུགས་དགོངས་འཁྲུངས་པ་ལྟར་འབྲི་ཁུང་བའི་འབུལ་དཔོན་དང་འགྲོགས་ནས་ཐོག་མར་འབྲི་ཁུང་དཔལ་གྱི་ནགས་ཁྲོད་དུ་ཕེབས།  འབྲི་ཁུང་གི་སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་ལས་ཆོས་བཀའ་དུ་མ་གསན།  སྤྱན་སྔ་རིན་པོ་ཆེ་འདི་ལ་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོ་དང་བྱ་དཀའི་བཀའ་རྩོམ་གྱི་སྐུ་བསྟོད་སོགས་བརྩམས་པ་རྗེའི་གསུང་ཐོར་བུར་བཞུགས་པ་ལྟར་རོ།  །

དེ་ནས་ཇོ་བོ་ཨ་ཏི་ཤ་ཡུན་རིང་བཞུགས་པའི་གནས་མཆོག་ཆུ་བོ་ལོ་ཧི་ཏའི་གཡས་འགྲམ།  ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དུ་བྱོན་ནས་སློབ་དཔོན་ཆེན་པོ་ཡོན་ཏན་རྒྱ་མཚོ་སོགས་བསྟེན།  ཐོག་མར་མངོན་རྟོགས་རྒྱན་རྩ་འགྲེལ་ལ་སྦྱངས་པས་མཁྱེན་རབ་ཀྱི་རྩལ་ལ་མཁས་པ་རྣམས་ཧ་ལས་པ་བྱུང་།  

དགུང་ལོ་བཅུ་དགུའི་དུས་སུ་གསང་ཕུ་དང་བདེ་བ་ཅན་སོགས་སུ་མཁས་མང་འཚོགས་པའི་མདུན་སར་ཆོས་ཀྱི་བགྲོ་གླེང་གི་དགའ་སྟོན་སྤེལ་བའི་གྲྭ་སྐོར་མཛད།  དེ་ནས་གཙང་ཕྱོགས་ཀྱི་ས་སྐྱ་དང་།  འདར་བཟང་ལྡན།  ངམ་རིང་།  འགའ་རོང་ཆོས་སྡེ།  ཇོ་མོ་ནང་།  ཞྭ་ལུ།  ཆོས་གྲྭ་ཆེན་པོ་ཨེ།  སྣར་ཐང་།  གནས་རྙིང་རྣམས་སུ་རིམ་པར་ཕེབས་ནས་ཉ་སྟོན་ཀུན་དགའ་དཔལ་བ་དང་།  རྗེ་རེད་མདའ་བ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཤིང་གྲྭ་སྐོར་གནང་།  བསྟན་པ་ཤིན་ཏུ་དར་བའི་དུས་དེ་དག་ཏུ་དེང་སང་གི་འགྲོ་ལུགས་ལྟར་ཆོས་སྡེ་རྣམས་སུ་མང་སྐོལ་དང་ཕྱག་འགྱེད་རེ་ཕུལ་བས་བསྟན་པ་ལ་ལག་རྗེས་ཚད་མེད་བཞག་སོང་སྙམ་པའི་རློམ་པ་ཙམ་མ་ཡིན་པར་གཙོ་བོ་རིགས་པའི་དཔའ་བོ་སྟག་སེང་ཁ་འཐབ་པ་ལྟ་བུའི་མཁས་མང་འཚོགས་པའི་མདུན་སར་ཆོས་ཀྱི་བགྲོ་གླེང་དང་སྔ་རྒོལ་ཕྱི་རྒོལ་གྱི་ཚུལ་དུ་རྒྱལ་བའི་གསུང་རབ་ལ་ལུང་དང་རིགས་པའི་བརྒལ་བརྟག་གིས་གཏན་ལ་ཕབ་པའི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བའི་ལེགས་མཛད་འདི་ནི་རྒྱལ་བ་སྲས་དང་བཅས་པས་ཀྱང་བླ་ན་མེད་པའི་བསྔགས་བརྗོད་མཛད་པའི་གནས་ཡིན་པ་འདི་ཕྱི་རབས་པ་རྣམས་ཀྱིས་ཤེས་པར་མཛོད་ལ་རྩེ་གཅིག་པའི་དད་གུས་དང་དུ་ལོངས་ཤིག  

དེའི་ཚེ་དགུང་ལོ་ཉི་ཤུ་རྩ་ལྷག་བཞེས་པའི་སྟོན་ཀ་ཞིག་ལ་འཁྲུངས་ཡུལ་ནས་འཚོ་བའི་མཐུན་རྐྱེན་རེ་ཡང་བསྐུར་ཡོད་པ་འདྲ་ཟེར་ནས་དེ་བཞེས་པའི་དོན་དུ་ངམ་རིང་ནས་ས་སྐྱ་བརྒྱུད་དེ་དབུས་སུ་བྱོན།  ཞེས་པ་འདི་ཙམ་ནི་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སོགས་སུ་གསུངས་པ་ལས་འདིར་གླེང་སློང་བའི་གཞི་མདོར་བསྡུས་པ་ཙམ་བཀོད་པ་ལགས་སོ།  །

ད་ནི་རྗེའི་ཞལ་ཐང་ཆེན་མོ་གང་དུ་བཞུགས་པའི་གནས་ཁ་ཏི་ཀ་ཞེས་གྲགས་པའི་གནས་ཀྱི་རང་བཞིན་མདོ་ཙམ་བརྗོད་ན།  མདོ་ཁམས་གཡེར་མོ་ཐང་གི་ཙོང་ལ་རིང་མོ་ཞེས་རྨ་ཆེན་སྦོམ་རའི་གངས་འདབས་ནས་རྨ་ཀླུ་ཙོང་གསུམ་གྱི་ཆུ་ཀླུང་ཆེན་པོ་གསུམ་འདྲེས་པའི་བར་དུ་བརྐྱངས་པའི་རི་རྒྱུད་ཀྱི་ལྷོ་ངོས།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་དབོན་གསུམ་རིང་ལ་མཐའ་དམག་སྲུང་བའི་དཔའ་བོ་མི་དགུའི་གཞི་ཆགས་པའི་བཀའ་མ་ལོག་དང་ཁད་ཉེ་བ།  གནས་ལ་དགེ་བཅུ་ལེགས་པར་ཚང་ཞིང་སྐྱེ་འགྲོ་རྣམས་དད་སྟོབས་དང་ལྡན་པའི་སར།  རྗེའི་དངོས་སློབ་མི་དབང་གཙུག་ན་མཛེས་པའི་ཏི་ཤྲི་གཉིས་ཀྱི་ནང་ཚན་བྱང་བླ་མ་ཆོས་ཀྱི་རྒྱལ་བོས་ཕྱོགས་འདིར་ཆོས་སྡེ་ལྔ་བཏབ་པའི་ཐོག་མའི་གདན་ས་ནི་འདི་ཡིན་པར་གྲགས།  དེ་སྐད་དུ་རྗེ་ཙོང་ཁ་བ་ཆེན་པོས་བྱང་བླ་མ་དྷརྨ་རཱ་ཛ་ལ་གནང་བའི་གསུང་འཕྲིན་གསུང་ཐོར་བུར་བཞུགས་པ་ལས།  

སྔོན་ཚེ་བསྟན་པའི་དར་རྒྱས་ཆེར་བྱུང་ཡང་།  །

ཕྱི་ནས་དུས་ཀྱི་དབང་གིས་ཆེར་ཉམས་པས།  །

ད་ལྟ་མཐའ་འཁོབ་མི་བཟད་པར་གྱུར་པའི།  །

མདོ་སྨད་ཅེས་བྱའི་རྒྱལ་ཁམས་ཆེན་པོ་དེར།  །

ལྷ་མིའི་བསོད་ནམས་ཞིང་གི་མཆོག  །

ཐུབ་པའི་བརྟུལ་ཞུགས་ལེགས་བཟུང་ནས།  །

ལུང་གི་བསྟན་པ་འཛིན་པའི་གཞི།  །

ཆོས་སྡེ་ཆེན་པོ་རྣམ་པ་ལྔ།  །

ཉིད་ཀྱིས་ལེགས་པར་བཙུགས་སོ་ཞེས།  །

བཀའ་སྩལ་གསུང་ཡིག་འཕྲོད་པའི་ཚེ།  །

ཡིད་ནི་དགའ་བས་བསྐྱོད་པ་ལས།  །

སྙིང་ནས་ངོ་མཚར་ཆེན་པོ་སྐྱེས།  །

ཞེས་གང་གསུངས་པ་ལྟར་རོ།  །

གང་ལྟར་བྱང་བླ་མ་ཆོས་ཀྱི་རྒྱལ་བོ་དེ་ཉིད་སྐུ་ཚེ་སྨད་ལ་ཏཱ་མིང་རྒྱལ་བོས་དབུ་བླར་སྤྱན་དྲངས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་།  བློན་པོ་ནག་ཕྱོགས་པ་འགའི་སེམས་རྒྱུད་བདུད་ཀྱིས་ཟིན་པར་བརྟེན་སྐུ་བགྲོངས་པ་ན་ཁྲག་འོ་མར་བབས་ཚུལ་རྗེ་སྐལ་ལྡན་རྒྱ་མཚོའི་མདོ་སྨད་ཆོས་འབྱུང་གི་ས་བོན་ལས་གསུངས།  དེས་ན་རྗེ་ཙོང་ཁ་བ་སྐུ་བཞུགས་པའི་དུས་སུ་ཆོས་སྡེ་ལྔ་བཏབ་པ་གང་ཡིན་པའི་ངོས་འཛིན་དཀའ་ན་ཡང་།  ཁ་ཏི་ཀ་དང་ཚེ་ཏན་དགོན་ཡིན་ཚུལ་རྒྱུ་མཚན་དང་བཅས་བདག་གིས་གཞན་དུ་བཤད་ཟིན་པ་ལྟར་རོ།  །

འདིར་མི་རབས་ནས་མི་རབས་སུ་རྒན་པོའི་ངག་བརྒྱུད་པ་ལས་བྱུང་བའི་བཤད་སྲོལ་ལྟར་ན།  ཁ་ཏི་ཀའི་ཚོང་དཔོན་ནོར་བུ་བཟང་བོ་ཞེས་བྱ་བ་སྟོབས་དང་འབྱོར་བའི་མངའ་ཐང་ཆེ་བ།  སྨད་རྒྱ་ནག་དང་སྟོད་དབུས་གཙང་དུ་ཚོང་གི་རྒྱུ་འགྲུལ་བྱེད་པ་ཞིག་ཡོད་པ་དེ་དབུས་སུ་ཕྱིན་ནས་རྗེ་ཐམས་ཅད་མཁྱེན་པའི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ཡང་མནོས།  ཚོང་དཔོན་དེ་ཉིད་སླར་མདོ་ཁམས་སུ་ལོག་དུས།  རྗེ་རིན་པོ་ཆེས་མ་ཡུམ་ལ་ཉིད་ཀྱི་འདྲ་ཐང་ཆེན་མོ་ཤངས་ཁྲག་བསྲེས་པའི་ཚོན་རྩིས་བཞེངས་པ་ཞིག་ཚོང་དཔོན་འདི་བ་ལ་བསྐུར་གནང་མཛད།  ཚོང་དཔོན་ནས་དེ་འདྲའི་བྱིན་རླབས་ཆེ་བའི་ཞལ་ཐང་དེ་རང་དང་འབྲལ་མ་ཕོད་པར་ལྐོག་ནས་དེ་དང་འདྲ་བ་ཞིག་བཞེངས་བཅུག་ནས་གདན་དྲངས།  སྐུ་འབུམ་གྱི་འཁྲུངས་གཞིར་སླེབས་ནས་མ་ཡུམ་ལ་རང་གིས་ལྐོག་ནས་བཞེངས་པ་དེ་ཕྱག་ཏུ་ཕུལ་བ་ན་ཞལ་ཐང་གིས་ཨ་མ་ཞེས་གསུང་བྱོན།  རྗེའི་ཞལ་ཐང་དངོས་མ་བྱིན་རླབས་ཅན་དེ་རང་གི་དགོན་གནས་ཁ་ཏི་ཀར་གདན་དྲངས་ནས་བཞུགས་སུ་གསོལ་ཏེ་དངོས་སུ་གསུང་བྱོན་པའི་ངག་སྒྲོས་མེད་ན་ཡང་།  སྐྱེ་བོ་རྣམས་ཀྱི་ངག་ཏུ་ཁ་ཏི་ཀའི་རྗེ་གསུང་འབྱོན་མ་ཞེས་མི་རབས་རྣམས་སུ་འབོད་པ་འདི་བྱུང་ངོ་།  །

ཞལ་ཐང་འདི་སྤྱན་དྲངས་པའི་ལོ་ནི་སྐུ་འབུམ་གདན་རབས་དཀར་ཆག་རྒྱས་བསྡུས་གཉིས་དང་བསྟུན་ན་རྗེ་དགུང་ལོ་ཉེར་གཉིས་བཞེས་པ་རབ་བྱུང་དྲུག་པའི་བགྲང་བྱ་ང་གཉིས་པ་ས་ཕོ་རྟ་ཡི་ལོ་(སྤྱི་ལོ་༡༣༧༨)ཡིན་པར་དཔོག་ཐུབ།  དེ་ཇི་ལྟར་རྗེས་སུ་དཔོག་ཐུབ་ཅེ་ན།  རྗེའི་རྣམ་ཐར་རྣམས་སུ་མ་ཡུམ་ལ་ཞལ་ཐང་ལན་གཅིག་བསྐུར་བ་མ་གཏོགས་ལན་གཉིས་སོགས་བསྐུར་བའི་ལོ་རྒྱུས་མེད་པ་དང་།  དེ་ཡིན་ན་རྣམ་ཐར་དད་པའི་འཇུག་ངོགས་ལས།  དེའི་སྟོན་ཅེས་པ་རྗེ་དགུང་ལོ་ཉེར་གཉིས་པ་ས་རྟ་ལོའི་སྟོན་ཀ་ཡིན།  དེའི་ཕྱིར་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་སྐུ་འབུམ་དཀར་ཆག་ཏུ།  དད་པའི་འཇུག་ངོགས་ལྟར་ན་སྐུ་ཚེ་སྟོད་ཡིན་པ་འདྲའོ།  །ཞེས་པ་གསུང་རྣམ་དག་ཏུ་འཁུམས་སོ།  །

དཀར་ཆག་དེར་གསུངས་པ་ལྟར་སྐུ་འབུམ་དཀར་ཆག་རྙིང་བའི་ནང་ནོར་བ་མང་བས་ཡིད་བརྟན་ཐུབ་པ་ཞིག་མེད་ཀྱང་།  དེར་དགུང་ལོ་ང་གཉིས་པའི་དུས་སུ་སྐུ་ཐང་དེ་ཕེབས་པར་བཤད་པའི་འཁྲུལ་གཞི་ནི།  རབ་བྱུང་དྲུག་པའི་བགྲང་བྱ་ང་གཉིས་པ་ལ་བསམས་ནས་རྗེ་དགུང་ལོ་ང་གཉིས་པ་ཞེས་བྲིས་པས་ནོར་བ་བྱུང་བར་གདོན་མི་ཟ་སྙམ་མོ།  །དེ་ལྟར་ན་རྗེ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་གི་དུས་སུ་དབུས་གཙང་དུ་གདན་འདྲེན་ཞུ་བའི་འབྲི་ཁུང་གི་འབུལ་དཔོན་ཞེས་པ་དེ་ཁ་ཏི་ཀའི་ཚོང་དཔོན་ནོར་བུ་བཟང་བོ་འདི་ཉིད་ཡིན་མིན་དང་།  མིན་ན་ཚོང་དཔོན་དེ་རྣམ་གཉིས་ལ་ཕན་ཚུན་ཐུག་འཕྲད་ཀྱི་འབྲེལ་བ་ཡོད་མེད་དང་།  ཚོང་དཔོན་ནོར་བཟང་གི་ལག་བརྒྱུད་ནས་མ་ཡུམ་གྱི་ཕྱག་ཏུ་རྟེན་ཐང་བསྐུར་བ་ལ་རྒྱུ་མཚན་ཅི་ཡོད་དང་།  མ་ཡུམ་གྱི་དབུ་སྐྲ་དཀར་བོའི་ལན་བུ་ཞིག་དང་བཅས་རྗེ་བདག་ཉིད་ཆེན་པོ་རང་ཡུལ་དུ་གདན་འདྲེན་ཞུ་བའི་དུས་དེར་ཡབ་ཀླུ་འབུམ་དགེ་ཕལ་ཆེར་དག་ཞིང་དུ་ཕེབས་ཚར་བའི་གཏན་ཚིགས་ཆེ་བ་དང་།  རྗེ་བླ་མ་ནི་སྐུ་མཆེད་བཞི་བ་ཡིན་པ་རྣམ་ཐར་གཞན་ལས་གསལ་ན་ཡང་ཨ་ཆེ་གཅིག་ལས་མེད་པའི་དབང་དུ་བཏང་ན་ཨ་ཆེ་དེ་ཉིད་ཕུ་བོ་གཞན་གསུམ་གའི་ཡང་ཨ་ཆེ་ཡིན་ཤས་ཆེ་བས་ན་མ་ཡུམ་གྱིས་རྗེ་ལ་དབུ་སྐྲ་དཀར་བོ་བསྐུར་དུས་མ་མཐའ་ཡང་མ་ཡུམ་དགུང་ལོ་དྲུག་ཅུ་བཞེས་སམ་སྙམ་པ་དང་།  

གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བར་གསལ་བ་ལྟར་རྗེའི་སྐུ་རིང་ལ་ཚོང་དཔོན་ཞིག་དར་རྩེ་མདོར་འགྲོ་དུས་དམ་ཅན་ཆོས་རྒྱལ་གྱི་སྤྲུལ་བ་ཞིག་དེའི་རྗེས་སུ་འབྲངས་ཡོད་པར།  བ་རྡོའི་དོན་དུ་རྡོ་བ་ཞིག་བསྒུལ་དུས་དེའི་རྩ་བ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་ཡོད་པའི་སྟབས་ཀྱིས།  ཆོས་རྒྱལ་གྱི་སྤྲུལ་བ་དེས་བཞད་མོ་མཛད་པར་ས་གཞི་ཐམས་ཅད་ཡོམ་ཡོམ་དུ་འགུལ་བ་བྱུང་ཞེས་པའི་ཚོང་དཔོན་དེ་ནོར་བུ་བཟང་བོ་ཡིན་མིན་བཅས་ལ་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ཁུངས་གསལ་རེ་སྟོན་རྒྱུ་ཡོད་ན་བཀའ་དྲིན་སྐྱོང་འཚལ་ཞེས་ཀྱང་ཞུའོ།  །

ཚོང་དཔོན་དེ་ཉིད་ཀྱིས་ཕྱུགས་འཚོ་བར་གྲགས་པ་ཚེ་ཏན་དགོན་དང་ཁད་ཉེ་བའི་ནོར་བ་ཟེར་བའི་སྡེ་གྲོང་འདི་ཡིན།  དེར་དགོན་པ་ཆུང་ངུ་ཞིག་ཡོད་པ་ཁ་ཏི་ཀའི་དགོན་ལག་ཡིན་པས་སྨོན་ལམ་ཆོས་ཐོག་གང་ཡོད་ལ་ལྷན་ཅིག་ཏུ་འཚོགས་པའི་སྲོལ་ད་ལྟའང་ཉམས་མེད་དུ་ཡོད།  གཞན་ཡང་རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་ནས་རྟེན་རྣམས་ལ་རབ་གནས་ཞུས་པར་དྲེའུ་སུམ་བརྒྱ་ཕུལ་བ་དང་ཚོང་དཔོན་དེ་ཉིད་ཀྱི་སྐྱེ་བརྒྱུད་ཁ་ཏི་ཀའི་ནང་སོ་བསོད་ནམས་རྒྱ་མཚོའི་དགོངས་རྫོགས་ཀྱི་སྐབས་སུ་ནང་སོ་བསོད་ནམས་དོན་གྲུབ་ཀྱིས་སྡེ་བ་སྐྱིད་ཤོད་པ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་གདན་དྲངས་ནས།  དྲེའུ་བརྒྱ་ཐམ་པ་སོགས་ཀྱི་འབུལ་ཆེན་བཏེགས་པར་རྣམ་ཐར་ལས་གསུངས།  འདི་ཙམ་ལ་དཔགས་ན་ཡང་དེ་དུས་ནང་སོ་ན་རིམ་རྣམས་སྟོབས་འབྱོར་དང་ཆོས་དད་ཧ་ཅང་ཆེ་བ་མཚོན་ཐུབ་བོ།  །

ཞལ་ཐང་འདི་ཉིད་བཞེངས་བཀོད་ཀྱི་ཚུལ་ནི་བདག་གིས་དངོས་མཇལ་ཞུས་པའི་ཟིན་ཐོ་ལྟར་ན།  རས་གཞིའི་སྲིད་དུ་ཁྲུ་ཙི་དོ་ཙམ་དང་།  ཞེང་དུ་ཁྲུ་ཙི་གང་དང་ཕྱེད་ཙམ་གྱི་དབུས་སུ་སེང་གེ་གཉིས་ཀྱིས་བཏེགས་པའི་ཁྲི་དང་།  རྒྱབ་ཡོལ་གཡས་གཡོན་དུ་འབྲུག་མགོ་གསུམ་རེ་ཡོད་པའི་གཟུགས་རིས་ཡ་མཚན་པ་དང་།  ཁྲིའི་རྩེ་མོར་ནོར་བུ་ཆ་དགུ་བ་མེ་རི་ཅན།  ཁྲིའི་གཡས་གཤམ་དུ་འདོད་ཡོན་རྣམ་ལྔ་དང་།  གཡོན་གཤམ་དུ་ནོར་བུ་སྤུངས་པའི་མཆོད་རྫས།  གཙོ་སྐུ་རྗེ་བླ་མ་ཙོང་ཁ་བ་ཆེན་པོ་དབུ་ལ་པཎ་ཞྭ།  ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན།  པད་སྡོང་གཡས་པར་རལ་གྲི་དང་གཡོན་པར་གླེགས་བམ།  ཆོས་གོས་རྣམ་གསུམ་གསོལ་བའོ།  །

འདྲ་ཐང་གི་དབུ་ན་མཆོག་ལྷ་གསུམ་ཡོད་པ་ལས་དབུས་མ་ནི།  སྤྱན་རས་གཟིགས་དོན་ཡོད་ཞགས་པ་ཡིན་ནམ།  ཞལ་གསུམ་པ།  དབུ་ན་འོད་དཔག་མེད་ཀྱིས་དབུ་བརྒྱན་པ།  ཕྱག་བཞི་ལས་གཡས་ཀྱི་དང་བོ་པུས་མགོར་མཆོག་སྦྱིན་མཛད་པ།  གཉིས་པས་ཁ་ཊྭཱཾ་ག་འཛིན་པ།  གཡོན་དང་བོས་རིན་ཆེན་ཞགས་པ་དང་།  གཉིས་པས་ཐལ་མོ་ཕྱིར་བསྟན་པའོ།  །

གཡས་ཟུར་གྱི་མཆོག་མཆོག་ལྷ་ནི།  སྣེ་རིང་ཅན།  གཡས་ཆོས་འཆད།  གཡོན་ལྷུང་བཟེད་བསྣམས་པའི་བླ་སྐུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ནམ་སྙམ་པའོ།  །

གཡོན་ཟུར་གྱི་མཆོག་ལྷ་ནི།  སྣེ་རིང་ཅན།  གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པའི་བླ་སྐུ་བླ་མ་དབུ་མ་བ་ཡིན་ནམ་སྙམ་པའོ། །ཁྲིའི་གཡས་གཡོན་དུ་སློབ་མའི་ཐུ་བོ་གཉིས་ཀྱི་འདྲ་སྐུ་ཡོད་པ་ལས་གཉིས་ཀའང་སྣེ་རིང་ཅན།  གཡས་ཆོས་འཆད་དང་གཡོན་གླེགས་བམ་བསྣམས་པ་གང་ཡིན་གྱི་མཚན་ཡིག་མི་སྣང་ཡང་།  བླ་བྲང་ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོས་མཛད་པའི་སྐུ་བརྙན་འགའི་ལོ་རྒྱུས་མཉན་འོས་གཏམ་གྱི་ཕྲེང་བ་ན་རྒྱལ་ཚབ་དར་མ་རིན་ཆེན་དང་།  འདུལ་འཛིན་གྲགས་པ་རྒྱལ་མཚན་ཡིན་པར་གསུངས་ཀྱང་རྒྱལ་ཚབ་རྗེ་ནི་རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་ཞེ་གཅིག་གི་དུས་སུ་ཞབས་པད་སྟེན་དུ་ཕེབས་པར་རྣམ་ཐར་རྣམས་སུ་གསལ་བས་དེ་ལ་ཡང་བརྟག་དཔྱད་གཏོང་རྒྱུ་ཡོད་དོ།  །

གཤམ་དུ་མཆོག་ལྷ་གསུམ་ལས།  གཡས་ཟུར་དུ་རྗེ་བཙུན་འཇམ་དབྱངས་དམར་སེར་བྱང་སེམས་རྣམ་ཅན་ཟུར་བཞུགས།  ཕྱེད་སྐྱིལ།  གཡས་ཀྱི་པད་སྡོང་དུ་རལ་གྲི།  གཡོན་མཆོག་སྦྱིན་མཛད་པ།  གཡོན་ཟུར་དུ་རྗེ་བཙུན་ཕྱག་རྡོར་སྔོན་པོ་བྱང་སེམས་རྣམ་ཅན་ཟུར་བཞུགས།  ཕྱེད་སྐྱིལ།  གཡས་མཆོག་སྦྱིན་དང་གཡོན་པད་སྡོང་རྡོ་རྗེ་ཅན་ནོ།  །དེ་གཉིས་ཀྱི་དཀྱིལ་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཏེ་ལྷ་བཟོའི་བཞེངས་བཀོད་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ནོ།  །བྲག་དགོན་པས་བཤད་པའི་རྩ་ཐང་གཞན་ཕན་ཆེན་མོ་ཞེས་པའི་ཁ་བྱང་ད་ལྟ་མཇལ་དུ་མེད་དོ།  །

རབ་ཚེས་ལྕགས་བྱ་ལོའི་ཆོ་འཕྲུལ་ཟླ་ནང་ཡབ་རྗེ་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་བ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་གནས་དེར་ཕེབས་ནས་མཆོད་འབུལ་རྒྱ་ཆེན་མཛད་སྐབས་གོས་སེར་བོའི་སྟེང་སུག་རིང་གི་སྙན་དར་ཕྱག་བྲིས་སུ་མཛད་པ་ནི་འདི་ལྟར།  


སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་མདོ་སྔགས་རིག་གནས་ཡོངས་ལ་མཁས།  །

ངེས་འབྱུང་བྱང་སེམས་ཡང་དག་ལྟ་དང་རིམ་གཉིས་རྟོགས་པ་ཀློང་དུ་བརྡོལ།  །

ཁྱོད་ཀྱི་གསང་གསུམ་མཛད་པའི་ཁུར་རྣམས་མི་མཉམ་ཕྲག་པ་ལ་བཀུར་ཏེ།  །

བསྟན་འགྲོའི་ཕན་བདེའི་ལེགས་ཚོགས་སྤེལ་ལ་འགྲན་ཟླ་མེད་པའི་དཔལ་ཐོབ་ཤོག  །

ཅེས་པའི་མཇུག་ཏུ་ཨ་བྷྱཿའི་ཡི་གེ་གསལ་བའི་ཕྱག་ཐམ་བཏབ་ཡོད་དོ།  །


ཧོས་འཁྲུག་དང་དུས་འཁྲུག་སྔ་ཕྱི་བྱུང་དུས་ཞལ་ཐང་འདི་ཉིད་དད་པ་དང་སྙིང་སྟོབས་ཆེ་ཞིང་ཐབས་ལ་མཁས་པ་དུ་མས་སྔ་ཕྱིར་ཆག་ཆེ་ཉམ་ངའི་དབང་དུ་མ་བཏང་བར་རང་སྲོག་ལས་ཀྱང་གཅེས་པར་བཟུང་ནས་རྐྱེན་ག་འདྲ་ཞིག་ལ་ཐུག་ཀྱང་གསང་མ་ཤོར་བར་སྦས་སྐུང་བྱས་ཚུལ་ནི་བརྗོད་པས་མི་ལང་བ་ཡོད་དོ།  །

ཁྱད་པར་དུ་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོ་(༡༩༥༨)ནས་བཟུང་བོད་གངས་ཅན་གྱི་ལྗོངས་ལ་བསྟན་པ་ཉམས་འགྲིབ་ཀྱི་འཐོར་རླུང་ཆེན་པོ་བྱུང་བའི་སྐབས་སུ་ཁ་ཏི་ཀ་འདི་ཡང་གཞན་དང་མཚུངས་པར་སྐུ་གསུང་ཐུགས་རྟེན་དང་།  འདུ་ཁང་ལྷ་ཁང་གྲྭ་ཁང་རྣམས་མིང་གི་ལྷག་མ་ཙམ་དུ་གྱུར་པའི་ཚེ་ན། རང་གྲྭ་སྙིང་སྟོབས་དང་ལྡན་པ་འཇིགས་མེད་ཕྱོགས་གླང་ཟེར་བས་རང་སྲོག་ལས་ཀྱང་གཅེས་པའི་ཞལ་ཐང་འདི་ཉིད་སྔོན་ཡང་རྐྱེན་དབང་གིས་ཁུར་ཏེ་བྲོས་པའི་ལམ་ཕྱོགས་ཤར་ལ་གཏད་པའི་འཕྲག་ལམ་ཡོད་པ་ལྟར་འདི་དུས་ཀྱང་ཐོག་མར་ཤར་ཕྱོགས་བརྒྱུད་ནས་གདན་དྲངས་ནས་མི་སུས་ཀྱང་སྣང་བརྟག་མེད་པའི་ཁང་བའི་ཡ་ཕིབས་ཀྱི་སྦུབས་ཤིག་ཏུ་ལོ་ངོ་ཉི་ཤུ་རིང་ལ་བཞུགས་བཅུག་པར་གནོད་སྐྱོན་ཅི་ཡང་མ་བྱུང་བར་ས་ལུག་ལོའི་(༡༩༧༩)བརྒྱད་པའི་ཡར་ཚེས་ལ་ཡང་བསྐྱར་ཆོས་སྒོ་ཕྱེ་ནས་ཞལ་ཐང་དངོས་མ་མཇལ་རྒྱུ་ཡོད་པ་འདི་ནི་རྗེ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་འཕྲིན་ལས་ལས་བྱུང་བ་ཁོ་ན་ཡིན་ནོ།  །

དེ་ཡང་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལྟར་སྔོན་ཆད་བྱིན་རྟེན་རྩ་ཆེན་དུ་མ་ཡོད་ཀྱང་ཧོས་འཁྲུག་སྔོན་མའི་སྐབས་གཏན་ཡལ་དུ་གྱུར།  ངག་སྒྲོས་ལྟར་ན།  ཧོས་དམག་དགོན་པའི་མཁར་ནང་དུ་སླེབས་ནས་སྐྱེ་བོ་མང་བོ་བསད་པའི་ཁྲག་ཆུ་ལྟར་བཞུར་བ་བྱུང་སྐབས་འཛུལ་རྟེན་ལ།  རྗེ་གླིང་འཕུར་མའི་སྐུ་དཔར་དངོས་མ་གསེར་གར་བླུགས་ཅན་བྱིན་པར་གྲགས།  བྱམས་ཁང་སོགས་ལྷ་ཁང་བཅུ་གསུམ་མེ་ལ་བསྲེགས།  མཆོད་རྟེན་བཤིག་པའི་ནང་གཞུག་ན་སངས་རྒྱས་འོད་སྲུངས་ཀྱི་ཚེམས།  གསེར་གྱི་བཀའ་འགྱུར།  གནའ་དུས་ཀྱི་ནས་འབྲུ་བྱ་སྒོང་ཙམ་གསུམ་ཡོད་པ་རྣམས་མིང་ཙམ་དུ་གྱུར།  དུས་དེར་ཞིན་གྱ་ཞབས་དྲུང་ཟེར་བས་ཞལ་ཐང་གདན་དྲངས་ནས་སོག་ཡུལ་དུ་བྲོས་ཏེ་དད་འབུལ་བྱུང་བའི་དངོས་རྫས་ཀྱིས་འདུ་ཁང་གསར་བཞེངས་བྱས་པ་དེ་རབ་རྒྱལ་ས་ཁྱི་ལོའི་བར་དུ་བརྟན་པར་བཞུགས།  བློ་བཟང་བསྟན་པའི་རྒྱལ་མཚན་ཟེར་བས་བརྩམས་པའི་བཅའ་ཡིག་གི་དབུར།  

ཁྱད་པར་འཇམ་མགོན་བླ་མ་ཙོང་ཁ་བ།  །

དེ་སྲས་བླ་མ་བསོད་ནམས་བཟང་བོའི་སྡེ།  །

བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས།  །

དབྱེར་མེད་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས།  །

ཞེས་པའི་བླ་མ་བསོད་ནམས་བཟང་བོ་ནི་སུ་ཡིན་བརྟག་པར་བྱ་ལ།  བཅའ་ཡིག་དེར་དགོན་པའི་མིང་ལ་གཙང་སྡེ་བཀྲ་ཤིས་དར་རྒྱས་གླིང་ཞེས་ཟེར་ཞིང་།  དགོན་བདག་ཨ་ལགས་དུའུ་གྱ་ཚང་དང་།  གཙང་བ་ཨ་ལགས་ཡིན་པར་གྲགས་སོ།  །དེ་ལྟར་ན་ཁ་ཏི་ཀའི་རྗེ་གསུང་འབྱོན་མའི་ལོ་རྒྱུས་ཀྱི་རིམ་པ་བདག་གིས་བློས་ལྕོགས་ཚོད་ཙམ་ཞིག་ལེགས་པར་བཤད་པ་རེ་ཞིག་རྫོགས་སོ།།      །།


སྨྲས་པ།  

འདིར་འབད་དགེ་བ་གངས་རིའི་མདངས་ལྡན་པས།  །

སྐྱེ་བའི་ཕྲེང་བར་འཇམ་མགོན་བླ་མ་ཡིས།  །

བརྩེ་བས་རྗེས་བཟུང་ཁྱོད་གསུང་ལེགས་བཤད་ཀྱིས།  །

བདག་རྒྱུད་སྨིན་ཅིང་གྲོལ་བའི་མཆོག་ཐོབ་ཤོག  །


ཅེས་བྱང་བླ་མ་ཆོས་ཀྱི་རྒྱལ་བོའི་གདན་ས་ཁ་ཏི་ཀའི་དགོན་པའི་རྟེན་གཙོ་རྗེ་རྩ་ཐང་གཞན་ཕན་ཆེན་མོའི་ལོ་རྒྱུས་མདོར་བསྡུས་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་ཟེར་ཞེས་བྱ་བ་འདི་ནི།  རབ་རྒྱལ་ཆུ་ཕག་ལོའི་དཔྱིད་ཀྱི་དུས་སུ་དགོན་དེ་གའི་འདུས་སྤྱིའི་མོས་པ་བཞིན་ཁ་ཏི་ཀའི་དགོན་པར་དངོས་བསྐྱོད་དང་།  ཞལ་ཐང་རིན་པོ་ཆེ་དང་འདུ་ཁང་གསར་བཞེངས་ལ་རབ་གནས་དང་།  སེར་སྐྱ་ཡོངས་ལ་ལུང་ཆོས་ཀྱི་རྟེན་འབྲེལ་རེ་བསྒྲིགས་པའི་སྐབས་སུ།  རྣམ་དཔྱོད་ཡངས་པ་འཇིགས་མེད་ཕྱོགས་གླང་གིས་གཙོས་འདི་ལྟ་བུའི་དཀར་ཆག་གོ་སླ་བ་ཞིག་རྩོམ་དགོས་པའི་སྐུལ་མ་བཏང་བའི་ངོར།  ཤཱཀྱའི་སྡེ་སྣོད་འཛིན་པ་ཚེ་ཏན་ཞབས་དྲུང་སྤྲུལ་མིང་བ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ལོ་དེའི་སྟོན་ཀར་བླ་མའི་གདན་ས་ཀ་རིང་ཨེ་ཝཾ་དགའ་ཚལ་ནས་བྲིས་པའི་ཡི་གེ་བ་ནི།  བྱ་ཁྱུང་དགེ་བཤེས་སྤྲུལ་བའི་སྐུ་བློ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ་སྟེ།  དགེ་བས་འཇམ་མགོན་ལུགས་བཟང་བསྐལ་བའི་སྲིད་དུ་དར་ཞིང་རྒྱས་པར་གྱུར་ཅིག།         །།

 དགེ་ལྡན་བསྟན་པའི་ཆུ་མགོའི་མཚན་སྙན་ཅན།  །རྔ་སྒྲའི་ཞིང་ཁམས་གཉིས་པ་བྱ་ཁྱུང་དུ།  །ཆོས་འདི་རྡོ་རྗེའི་རི་མོར་བསྐྲུན་པའི་དགེས།  །བླ་མའི་ཞབས་བརྟན་བསྟན་པ་རྒྱས་གྱུར་ཅིག  །

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
24053370
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།