ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (དྲུག་པ) རྩོམ་འབྲི་བ། པདྨ་འབུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (དྲུག་པ) རྩོམ་འབྲི་བ། པདྨ་
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (དྲུག་པ) རྩོམ་འབྲི་བ། པདྨ་འབུམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-26ལྟ་ཀློག (5143)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅། །ཁ་གྱའི་དགེ་བཤེས་སྐལ་བཟང་བློ་གསལ་མཆོག་གི་

ལོ་རྒྱུས་མདོར་བསྡུས།

པདྨ་འབུམ། (ཀན་ལྷོ།)

གླེང་གཞི།

དེ་ཡང་། མི་རྣམས་ཀྱང་རྟག་པར་རྣམ་དཀར་དགེ་བའི་ལས་ལ་འབད་ཅིང་གཞན་ཕན་གྱི་བསམ་པ་གཙང་མ་རྒྱུད་ལ་ལྡན་པའི་མི་རིགས་ཤིག་ཡིན་སྟབས། ཀུན་གྱིས་བྱམས་ལྡན་བོད་པ་དང་། ཆོས་ལྡན་བོད་པ་ཞེས་བསྟོད་པའི་གནས་སུ་གྲགས་སོ། །དེའང་ཡིན་ཏེ། ང་ཚོ་ནི་རྟག་ཏུ་སྐྱེས་ཆེན་ལ་བསྟོད་བསྔགས་དང་དེའི་མཛད་བཟང་ལ་སློབ་སྦྱོང་། ཁོང་རྣམས་ཀྱི་རྣམ་ཐར་སོགས་ལ་མཇལ་བའི་སྲོལ་བཟང་སྔ་མོ་ནས་ཆགས་ཟིན་པས། འཇིག་རྟེན་གྱི་གཏམ་དཔེར། མཆོད་རྟེན་ལ་འགྲོགས་ན་དཀར་བོ་དང་སླ་ངར་འགྲོགས་ན་ནག་པོ་ཞེས་པ་ནང་བཞིན། ཐེངས་འདིར། ཕྲན་གྱིས་རང་ཡུལ་གྱི་སྐྱེས་ཆེན་ཞིག་གི་མཛད་བཟང་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་རང་དང་བསྐལ་བ་མཉམ་པའི་སློབ་གྲོགས་དག་ལ་ཕན་ཕྱིར་ཀུན་སློང་རྣམ་པར་དག་པའི་སྒོ་ནས་བྲིས་པའོ། །

 དང་བོ།  དམ་པ་ཁོང་གི་སྐུ་འཁྲུངས་ཡུལ་དང་ཡབ་ཡུམ་གྱི་སྐོར།

རབ་བྱུང་བཅུ་དྲུག་པའི་ཤིང་མོ་སྦྲུལ་ཏེ་སྤྱི་ལོ་༡༩༦༥ལོར་མདོ་སྨད་གཙོས་གྲོང་ཁྱེར་གཉན་ཆེན་སྔོ་ལ་གཡུ་རྩེའི་འདབས་རི་ཁ་གྱ་སྟོད་ཁམས་སངས་གོང་མར་ཡབ་སྙིང་ལྕགས་རྒྱལ་དང་ཡུམ་དཀའ་ཐུབ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ལྗོངས་འདིའི་བསོད་ནམས་ཀྱི་དཔལ་དུ་སྐུ་འཁྲུངས། ཁོང་ཉིད་ཆུང་དུས་ནས་སློབ་གྲྭ་འགྲིམས་པའི་སྐལ་བ་ལྡན་ཞིང་དགུང་གྲངས་བདུན་པ་ནས་བཟུང་རང་ས་གནས་ཀྱི་སློབ་ཆུང་འགྲིམས་ཏེ་ལོ་བཅོ་ལྔའི་སྐབས་དམའ་འབྲིང་ལོ་རིམ་གཉིས་པ་ནས་སློབ་གྲྭ་འགྲིམས་མཚམས་བཞག

གཉིས་པ།  ལྷོ་ཕྱོགས་འཕགས་པའི་ཡུལ་དུ་ཕེབས་པའི་སྐོར།

རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་རྟ་སྟེ་སྤྱི་ལོ་༡༩༩༠ལོར་སྟོད་རྒྱ་གར་ལྷོ་ཕྱོགས་སུ་སློབ་གཉེར་དུ་ཕེབས། སྐལ་བཟང་བློ་གསལ་ཁོང་ཉིད་དབུས་ལྷ་ལྡན་ཞིང་ནས་ལྷོ་ཕྱོགས་འཕགས་ཡུལ་དུ་ཕེབས་པའི་ཟུང་གཤེགས་ཤིང་ལམ་བར་དུ་ཇག་པ་སོགས་ལ་འཕྲད་དེ་དཀའ་སྡུག་བློས་མི་དཔོག་པ་མྱངས། 

ས་ཕྱོགས་དེའི་བོད་སྐད་ཤེས་པའི་མི་ཞིག་ལ་ལམ་གླ་བྱིན་ནས་འཕགས་པའི་ཡུལ་ལ་སྣེ་ཁྲིད་པར་ཁས་བླངས་མོད། ལམ་བར་ནས་ཁོང་གིས་དེ་རྣམས་ལ་ཡིད་ཆེས་བྱེད་མི་ཉན་པར་བསམ་སྟེ་མཚན་མོར་ཟླ་འོད་ལ་བརྟེན་ནས་ནགས་ཁྲོད་ལས་ཐར་ཐབས་བྱས། ལམ་ལ་ཆ་རྒྱུས་མེད་པའི་རྒྱུ་མཚན་གྱིས་བལ་བོའི་དམག་གིས་འཛིན་བཟུང་བྱས་ཤིང་མནར་གཅོད་ཚད་མེད་བཏང་། 

དེ་ནས་བལ་བོའི་དམག་གིས་ཕྱིར་ལྷ་ས་ལ་འགྲོ་རུ་བཅུག འོན་ཀྱང་། ཁོང་གི་རྡོ་རྗེ་ཕ་ལམ་ལྟ་བུའི་སློབ་གཉེར་གྱི་ཆོད་སེམས་བརྟན་པོ་དེ་ད་དུང་མ་ཡལ་བར་སླར་ཡང་ལམ་སྣེ་ཁྲིད་མཁན་ཞིག་བཙལ་ཏེ་རྒྱ་གར་འཕགས་པའི་ཡུལ་ལ་སོང་། རྒྱ་གར་དུ་ཐོན་མ་ཐག་སེམས་ནས་དགའ་བ་མ་གཏོགས་དཀའ་བའི་ཚོར་སྣང་ཞིག་མ་སྐྱེས་ཞེས་ཁོང་གིས་གསུངས། 

སྤྱི་ལོ་༡༩༩༠ལོར་ཁོང་ཐམས་ཅད་མཁྱེན་པའི་དུས་འཁོར་དབང་ཆེན་ལ་ཕེབས་ཤིང་དཔེ་གཟིགས་གནང་བ་དང་རང་གི་སློབ་གཉེར་ལ་འགལ་རྐྱེན་གྱི་བར་ཆད་ཅི་ཡང་མི་ཡོང་བའི་ཆེད་དུ་ཕྱག་མང་བོ་འཚལ་བ་དང་། རྒྱུན་དུ་ཁ་འདོན་སོགས་གང་འགྲུབ་བྱས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རྒྱུགས་ཆ་ཚང་སྤྲད་དེ། སྤྱི་ལོ་༢༠༡༦ལོར་དགེ་བསྐོས་ཀྱི་འགན་བཞེས་ཏེ་མཛད་འཕྲིན་བླ་མེད་རྒྱས། མི་ལོ་ཉེར་དྲུག་གི་རིང་ལ་ཡུལ་དབུས་རྒྱ་གར་ནས་སློབ་སྦྱོང་གཤའ་མ་བྱས་ཤིང་། ལྷག་ཏུ་ཁོང་གིས་གསུང་རྒྱུར་སློབ་གཉེར་གྱི་ལམ་ཁ་ནས་དཀའ་སྡུག་དང་བརྩོན་འགྲུས་སྡུག་རུས་སོགས་གྲངས་མེད་པ་མྱོང་འོས་པ་ལས་ལྟོ་གོས་འབའ་ཞིག་གི་ཆེད་དུ་གཉིད་ཆག་ཟས་བརྗེད་བྱེད་པ་ནི་འོས་མིན་གྱི་ལས་ཡིན་པར་གསུངས།

 གསུམ་པ།  སློབ་གཉེར་གྱི་བརྒྱུད་རིམ་དང་དེའི་ཁྲོད་ནས་འཕྲད་པའི་དཀའ་ངལ་སྐོར།

དགུང་ལོ་བཅུ་བདུན་གྱི་སྟེང་ཁ་གྱ་སྟོད་དགེ་ལྡན་བསྟན་འཕེལ་གླིང་ནས་རབ་ཏུ་བྱུང་ཞིང་མཚན་ལ་སྐལ་བཟང་བློ་གསལ་དུ་གསོལ། བླ་མའི་མདུན་ནས་ཐོག་མར་འདོན་རྟ་དབྱངས་དང་ཆོས་སྤྱོད་ཀྱི་རིམ་པ་རྣམས་ལེགས་པར་སྦྱངས་ཤིང་དགུང་གྲངས་ཉེར་གཉིས་བར་དུ་རང་དགོན་ནས་བཞུགས། 

ལོ་བཞིའི་རིང་ལ་དགོན་པའི་དབུ་མཛད་ཀྱི་འགན་འཁུར་ཞིང་དེའི་རིང་ལ་དགོན་པའི་སྔར་ཡོད་སྒྲིག་སྲོལ་དག་ཇེ་དམ་དུ་བཏང་ནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་། སྤྱི་ལོ་༡༩༩༠ལོར་ཁོང་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། རྒྱ་གར་ལ་ཐོན་མ་ཐག་ས་ཕྱོགས་དེ་གའི་འཚོ་བ་དང་གོམས་གཤིས། ཚ་བ་དང་སྐད་རིགས་སོགས་ཀྱི་དཀའ་ངལ་མང་བོ་ལ་འཕྲད་ཀྱང་མུ་ནས་མུ་རུ་སློབ་གཉེར་བྱེད་རྒྱུའི་ཆོད་སེམས་ཅིས་ཀྱང་ཡལ་མ་མྱོང་། ༧བསེ་ཚང་བློ་བཟང་དཔལ་ལྡན། བཀའ་དྲིན་མཚུངས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་གསལ་རྒྱ་མཚོ་ལགས་དང་། དགེ་རྒན་རིན་པོ་ཆེ་ཨ་ཁུ་ཆོས་གྲགས་ཚང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཟུར་རིན་པོ་ཆེའི་དགེ་རྒན་ཨ་ཁུ་ཡོན་ཏན་དམ་ཆོས་མཆོག་དང་། དབང་ལུང་བཀའ་ཆོས་ཀྱི་གཏེར་མཛོད་ཆེན་པོ་དགེ་རྒན་ཡོན་ཏན་རྒྱ་མཚོ་མཆོག་གི་གཙོས་བླ་མ་དང་དགེ་རྒན་གསེར་གྱི་རི་ལྟ་བུ་སུམ་ཅུ་ལྷག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་རྗེས། 

རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་འགོ་བརྩམས་ཏེ་བྱང་ཆུབ་ལམ་རིམ་ཆེ་ཆུང་གཉིས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལམ་སྒྲོན་རྩ་འགྲེལ། སྡོམ་གསུམ་བསླབ་བྱ། སྔོན་འགྲོ་ཁྲིད་ཆེན་བཞི་ལ་སོགས་པའི་བཀའ་ཆོས་མང་བོར་གསན། རྣམ་འགྲེལ་རྩ་བ་དང་ཐར་ལམ་གསལ་བྱེད་གཙོས་ཚད་མའི་སྐོར་དང་། མངོན་རྟོགས་རྒྱན་དང་ལེགས་བཤད་གསེར་ཕྲེང་གི་གཙོས་ཕར་ཕྱིན་གྱི་སྐོར། དབུ་མ་འཇུག་པ་དང་དགོངས་པ་རབ་གསལ་གྱི་གཙོས་དབུ་མའི་སྐོར། མཛོད་རྩ་དང་མཆིམས་མཛོད་སོགས་མཛོད་ཀྱི་སྐོར། མདོ་རྩ་བ་དང་མཚོ་ཊཱིཀ་སོགས་འདུལ་བའི་སྐོར། འདུས་པའི་རྩ་རྒྱུད་དང་ཊཱིཀྐ། རིམ་ལྔ་གསལ་སྒྲོན་སོགས་སྔགས་ཀྱི་སྐོར་བཅས་ལ་སློབ་སྦྱོང་དཔྱིས་ཕྱིན་པར་གནང་། 

དེ་ལྟར་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་དག་གཙོ་བོ་༧ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་ཡབ་སྲས་ཀྱི་ཡིག་ཆ་ལྟར་ཐོས་བསམ་རྣམ་དག་མཛད་ནས་ནང་བྱིན་ཆུད་དེ་མཁས་པའི་གོ་འཕང་ཐོབ། དེ་ལྟར་མི་ལོ་ཉེར་དྲུག་གི་རིང་ལ་ལྟོ་སྐྱ་གོས་ཧྲུལ་ངང་སློབ་གཉེར་ལ་འབད་པ་ལྷུར་ལེན་བྱས། ལོ་བཅུ་གཉིས་ལ་སོན་པའི་སྐབས་དེར་རང་ཉིད་ཆུང་དུས་ནས་གཉོར་སྐྱོང་བྱེད་མཁན་གྱི་ཨ་མྱེས་ཚེ་ལས་འདས་ཤིང་། རྒྱ་གར་ནས་སློབ་གཉེར་བྱེད་པའི་སྐབས་སུ་དྲིན་ཆེན་ཕ་མ་གཉིས་ཀྱང་ཚེ་ལས་འདས་པས་ཆེས་མཐའ་མཇུག་གི་ངོ་ཡང་ཐུག་མ་ཐུབ་པར་སློབ་གཉེར་གྱི་རྒྱུན་བསྐྱངས།

བཞི་བ།  ཨ་རི་དང་ཨུ་རུ་སུ།  སོག་པོ་སོགས་ལ་ཕེབས་པའི་བརྒྱུད་རིམ།

སྐབས་དེར། དགོན་པའི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་དང་གྲྭ་བ་མང་བའི་རྒྱུ་མཚན་གྱིས་འཚོ་བར་དཀའ་ཁག་གང་མང་བོ་འཕྲད། ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བའི་གནོན་ཤུགས་འོག་གྲྭ་ཚང་གིས་སེམས་མ་ཕམ་པར་མུ་ནས་མུ་རུ་འབད་བརྩོན་བྱས། དེ་ནས་ཁོང་ཚང་དགོན་པའི་བཀོད་སྒྲིག་འོག་གྲྭ་བ་ཁ་ཤས་དང་མཉམ་དུ་ཨ་རི་དང་ཨུ་རུ་སུ། སོག་པོ་སོགས་ལ་ཕེབས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་རིགས་རིས་སུ་མ་བཅད་པར་བྱམས་པ་དང་བརྩེ་བའི་སྒོ་ནས་རྒྱ་ཆེར་སྤེལ། དེ་དང་མཉམ་དུ་དཔལ་འབྱོར་དང་སྙན་གྲགས་སོགས་མདོར་ན་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་སྔོན་བྱོན་སྐྱེས་ཆེན་དམ་པ་ཚོའི་རྣམ་ཐར་གཙང་མའི་རྗེས་བསྐྱངས་སོ། །ཨ་རི་དང་ཨུ་རུ་སུ། སོག་པོ་སོགས་ནས་དཔལ་འབྱོར་གཅིག་པུ་འཚོལ་བའི་དམིགས་ཡུལ་རྩ་བ་ནས་མ་ཡིན་པར། དཀྱིལ་འཁོར་བཞེངས་པ་དང་བཀའ་ཆོས་སོགས་མང་བོ་གསུངས་ཏེ་མང་ཚོགས་ཀྱི་བློ་ཁ་དང་འཚམ་པའི་ཆོས་ཕྱོགས་ཀྱི་མཛད་པ་ངོ་མཚར་བ་སྤེལ།

རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་སྟེ་སྤྱི་ལོ་༢༠༡༧ལོའི་སྣྲོན་ཟླ་བའི་ཚེས་ཉི་ཤུའི་ཉིན་རྒྱ་གར་ནས་ཕྱིར་རང་དགོན་དུ་ཕེབས་ཤིང་། ༧བསེ་རྡོ་རྗེ་འཆང་གི་བཀའ་ལྟར་དགོན་པའི་གྲྭ་མང་ལ་བསྡུས་གྲྭ་དང་བློ་རྟགས། གྲུབ་དོན་ས་གསུམ། དབུ་མ་དང་ཕར་ཕྱིན་སོགས་མདོ་སྔགས་རིག་གནས་ཀྱི་དཔེ་ཁྲིད་བྱེད་བཞིན་ཡོད་ལ། ཁོང་ཚང་གིས་དཔེ་ཁྲིད་བྱེད་དུས་གཙོ་བོ་ནི་སློབ་མ་དག་གི་བློ་ཁ་དང་མཐུན་པའི་ལུང་དང་རིགས་པ་དྲངས་ཏེ་གདུལ་བྱ་སྐྱོང་ཞིང་། ད་ལྟའི་དུས་འདིར་ཁ་གྱ་སྟོད་དགེ་ལྡན་བསྟན་འཕེལ་གླིང་དུ་ཁྲི་བར་བཞུགས། 

མཇུག་གཏམ།

ཁོང་དང་ཁོང་ལྟ་བུའི་མཁས་པ་མང་བོ་བསིལ་ལྡན་ཁ་བའི་ལྗོངས་འདིར་མང་དུ་བྱོན་མྱོང་ཡང་། རང་ལྟ་བུའི་སོ་སྐྱེས་སྐྱེས་སྦྱངས་ཀྱི་ཤེས་ཡོན་མེད་པ་ཞིག་ལ་མཚོན་ན་ཁོང་ཅག་གི་མཛད་རྣམ་ཅུང་ཙམ་བྲིས་པའང་ལྐུགས་པའི་ཁ་ལ་གཡེར་མ་བཞག་པ་ནང་བཞིན། དོན་ལྡན་གྱི་མཛད་རྗེས་དེ་དག་བཤད་མི་ཤེས་ཤིང་ལེགས་པར་འབྲི་བར་བཀའ་མོད། མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་སྡུག་ནི་ནམ་ཡང་ཕྲག་ཏུ་ལེན་མི་ཐུབ་པར་མ་ཟད། 

བཅུ་ཕྲག་རིག་གནས་ལ་འབད་བརྩོན་གྱི་རང་ཚུགས་དེ་འདྲ་སྐད་ཅིག་ཡོད་པ་དེས། སྔོན་བྱོན་བླ་མའི་རྣམ་ཐར་དེ། །རྗེས་འཇུག་སློབ་མའི་ཉམས་ལེན་ཡིན། ། ཞེས་པ་ལྟར་བློ་ལྡན་དོན་གཉེར་བ་ཞིག་ཡིན་ཚེ་རང་གི་བླ་མ་དང་མཁས་པ་གང་དང་གང་གི་རྣམ་ཐར་དང་མཛད་རྗེས། དཀའ་སྡུག་ཁྲི་ཕྲག་གི་ཁྲོད་ནས་བསགས་པའི་འབྲས་བུ་དེ་དག་ལ་གཟིགས་དགོས་ན་ཧ་ཅང་དོན་ལྡན་རེད་བསམ་ནས་འདིར་རང་ནུས་ཅི་ལྕོགས་ཀྱིས་ཉུང་ཙམ་བྲིས་པ་ལགས་སོ། །

བཅར་འདྲི་བྱེད་ཡུལ།  ཨ་ཁུ་སྐལ་བཟང་།

བཅར་འདྲི་མཁན།  པདྨ་འབུམ།  ཡིག་འབེབ་པ།  པདྨ་འབུམ། 

དུས་ཚོད།  ༢༠༢༢ལོའི་ཟླ་༢པའི་ཚེས་༡༥ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573047
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།