སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།
སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-24ལྟ་ཀློག (7612)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན།

བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་གྱོན་པའི་བོད་མི་རིགས་ཀྱི་སློབ་མ་རྣམ་པ། སློབ་གསོ་ནི་འགྲོ་བ་མིའི་རིགས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་ཐབས་མཆོག་ཉག་གཅིག་ཡིན་ཏེ། སློབ་གསོ་ཡི་ཕྱི་བརྡར་མེད་ན་འགྲོ་བ་མིའི་རིགས་ཀྱི་བསམ་བློ་ལ་ཡར་རྒྱས་ཡོང་མི་སྲིད། དེའི་ཕྱིར་སློབ་གསོ་ལེགས་པོ་ཞིག་ཐོབ་རྒྱུ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ཆེས་གལ་འགངས་ཆེ་བའི་བྱ་བ་ཐོག་མ་ཡིན། ཁྱད་པར་དུ་སློབ་ཆུང་དང་སློབ་འབྲིང་སྐབས་སུ་ཐོབ་པའི་སློབ་གསོ་ནི་སློབ་མ་དེའི་མི་ཚེའི་གཤིས་ཀར་རྨང་གཞི་འདང་བའམ་གཏན་ཆགས་སུ་འགྲོ་བའི་སློབ་གསོ་གཙོ་བོ་ཡིན། མི་རིགས་གང་ཞིག་ཡིན་ཡང་རང་མི་རིགས་ལ་ཐུན་མོང་མ་ཡིན་པའི་མི་གཤིས་ལྟ་ཚུལ་དང་སློབ་གསོའི་ལྟ་བ་རེ་ཡོད་སྲིད། དཔེར་ན་རྒྱ་མི་རིགས་ཀྱི་སློབ་གསོའི་ལྟ་བ་ལ་མཚོན་ན། གཙོ་བོ་ཏོ་ལུགས་དང་རུའུ་ལུགས་གཉིས་ཡིན་ཡང་དེང་སྐབས་ཐུན་མོང་དུ་ཁས་ལེན་པ་ནི་རུའུ་ལུགས་ཀྱི་སྲོལ་འབྱེད་མཁན་པོ་ཁུང་ཙིའི་ལུགས་ཡིན་ལ། ཁོང་གི་སློབ་གསོའི་ལྟ་བ་ནི། མི་ནི་སྐྱེས་པ་ནས།། གཤིས་ལ་སྙིང་རྗེ་ལྡན།། གཤིས་རྒྱུད་ཉེ་ནའང་།། གོམས་པས་རིང་བར་འགྱུར།། ཞེས་དང་། མཛངས་མི་གསོ་སྐྱོང་དང་།། བླུན་པོ་ཡར་སྐུལ་བྱེད།། ཅེས་པ་འདིས་ཁོང་གི་སློབ་གསོའི་ལྟ་བ་ནི་མི་རྣམས་ཐོག་མར་སྐྱེས་པའི་སྐབས་སུ་བསམ་བཟང་གཤིས་འཇམ་ཞིག་ཡིན་མོད། རྗེས་སུ་སློབ་གསོའི་གོམས་གཤིས་ལ་བརྟེན་ནས་འགྱུར་བ་བྱུང་བ་ཡིན་པས། མི་ཚེའི་བགྲོད་ལམ་གྱི་དགེ་སྐྱོན་ཚང་མ་མི་ཚེ་དེའི་སློབ་གསོ་ལ་རག་ལས་པས། སློབ་གསོའི་དམིགས་ཡུལ་ནི་མི་ཚེ་གཅིག་གི་བླང་དོར་གྱི་ཁྱད་པར་འབྱེད་ཤེས་རྒྱུ་དེ་ཡིན། གཞན་ཡང་ཞོན་ཙི་ནས་མི་ནི་སྐྱེས་པ་ནས།། གཤིས་ལུགས་ངན་གྱིས་གྲུབ།། ཅེས་དང་། ཀའོ་ཙི་ནས་མི་ནི་སྐྱེས་པ་ནས།། གཤིས་ལུགས་བཟང་ངན་མེད།། ཅེས་པ་སོགས་སྣ་ཚོགས་ཤིག་ཡོད་མོད། མདོར་ན་རྒྱ་མི་རིགས་ཀྱི་སློབ་གསོའི་ལྟ་བ་ནི་མི་ཚེ་གཅིག་གི་དགེ་སྐྱོན་ཚང་མ་མི་ཚེ་དེའི་སློབ་གསོ་ལ་བརྟེན་ཏེ་འཕེལ་རྒྱས་དང་བསྒྱུར་བཅོས་གཏོང་བ་དེ་ཡིན། 

འོ་ན་བོད་མི་རིགས་ཀྱི་སློབ་གསོའི་ལྟ་བ་རྒྱ་མི་རིགས་ཀྱི་སློབ་གསོའི་ལྟ་བ་དང་མཐུན་ནམ་མི་མཐུན་ཟེར་ན། རྩ་བ་ནས་མི་མཐུན་ཏེ། རྒྱ་མི་རིགས་ཀྱི་སློབ་གསོའི་ལྟ་བ་དེ་མི་ཚེ་གཅིག་གི་སློབ་གསོ་ཙམ་ཡིན། བོད་མི་རིགས་ཀྱི་སློབ་གསོའི་ལྟ་བ་ནི་མི་ཚེ་ཕྲེང་རྒྱུད་ཀྱི་སློབ་གསོའི་ལྟ་བ་ཞིག་ཡིན་པས། དེ་ལ་རྒྱ་ཆེ་ཆུང་དང་གཏིང་ཟབ་འདུག་གི་ཁྱད་པར་ཤིན་ཏུ་ཆེ། བོད་ཀྱི་སློབ་གསོ་བ་ཆེན་པོ་ཐོན་མི་སམ་བྷོ་ཊས། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།། བོད་ཡིག་སུམ་ཅུར་གཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤར།། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།། ཅེས་དང་། ས་སྐྱ་པཎ་ཆེན་གྱིས། རིག་པ་ནང་བར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཀྱང་།། སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་གསུངས་པ་རྣམས་ནི་ང་ཚོ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་མང་བོར་རྒྱུན་བསྲིངས་པའི་སློབ་གསོའི་རིན་ཐང་གི་ལྟ་བ་ཡིན། འཛམ་གླིང་སྟེང་མི་རིགས་མང་བོ་ཞིག་ལ་མི་ཚེ་གཅིག་ལ་སློབ་གསོ་གཏོང་སྲོལ་ཡོད་མོད། མི་ཚེ་མང་བོ་ལྷན་གཅིག་ཏུ་སྦྲེལ་ཏེ་སློབ་གསོ་གཏོང་སྲོལ་ཉུང་ཉུང་ལས་མེད།  བོད་གོང་བ་ཅན་དང་ཕྲེང་བ་ཅན་ཞེས་རང་རེའི་བོད་གངས་ཅན་པ་ཚང་གིས་རང་མི་རིགས་ཀྱི་གདོད་མའི་བསམ་བློའི་སློབ་གསོ་རྨང་གཞི་བྱས་ཏེ། འཛམ་གླིང་སྟེང་གི་ཕུལ་ཏུ་བྱུང་བའི་གསུངས་རབ་རྣམས་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ནས་མིའི་སྐྱེ་བ་སྔ་ཕྱི་ཚང་མ་གཅིག་ཏུ་སྦྲེལ་ཏེ་སློབ་གསོ་གཏོང་བཞིན་ཡོད། དེའང་ཁ་ནས་བཤད་པ་དང་ལག་ནས་བྲིས་པ་ཙམ་མ་ཡིན་པར་ད་ལྟའི་བར་ལག་ལེན་མཐར་ཐུག་བྱས་ཡོད། དེ་ནི་རང་ལྟ་མཁྲེགས་འཛིན་ཙམ་མ་ཡིན་པར་རྒྱབ་རྟེན་གྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་ལྡན་པས་ད་ལྟའི་བར་དུ་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་མི་འཐད་པའི་དམོད་ཚིག་ཙམ་ལས། རྒྱབ་རྟེན་གྱི་ལུང་དོན་ལ་དགག་ལན་སྤྲད་པ་དང་སྒྲུབ་བྱེད་ཀྱི་རིགས་ལམ་ལ་གནོད་བྱེད་ཡང་དག་གཏོང་མཁན་གཅིག་ཀྱང་བྱུང་མེད་པ་འདིས། ང་ཚོའི་སློབ་གསོའི་ལྟ་བ་ལ་རིན་ཐང་བྲལ་བའི་བདེན་དཔང་བྱས་པ་མ་ཡིན་ནམ།

བླང་དོར་འབྱེད་པ་ལ་ཐབས་ཤེས་ཀྱི་མིག་ཟུང་མཆོག་ཏུ་ཡངས་པའི་སློབ་མ་རྣམ་པ། མི་རིགས་ཤིག་ལ་མཚོན་ན་རང་སྐད་བཤད་ཤེས་པ་དང་རང་གི་ཡི་གེ་འབྲི་ཤེས་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་ཡིན་པ་སྨྲས་མ་དགོས། ཡིན་ན་ཡང་དེ་ཙམ་གྱིས་ཆོག་གམ་ཟེར་ན་གཏན་ནས་མི་ཆོག་སྟེ། མི་རིགས་ཀྱི་སྙིང་བོ་ནི་མི་རིགས་ཀྱི་བསམ་བློའི་འདུ་ཤེས་རྣལ་མ་ཡིན། མི་རིགས་ཀྱི་བསམ་བློའི་འདུ་ཤེས་རྣལ་མ་དེའང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལས་ཡོང་དགོས་མོད། ང་ཚོའི་སློབ་མ་ལ་ལར་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཟུངས་གཞུག་མེད་པར་མི་རིགས་གཞན་གྱི་རིག་གནས་ཀྱི་གཟུངས་གཞུག་བཞག་ནས། བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ལ་བཅོས་བསྒྱུར་གཏོང་དགོས་ཚུལ་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྙིང་དྲི་བྲོ་བར་བཤད་པ་ནི་ཙན་དན་སོལ་བར་བྱས་པའི་གཏམ་རྒྱུད་དང་མཚུངས་པས། ཅི་འདྲའི་སེམས་སྐྱོ་བའི་གནས་ཤིག་རེད་ཨང་། 

ངས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཡིན་ན་ཡང་དག་པ་ཡིན་པས་ཁྱབ་པ་དང་། བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ཡིན་ན་བསྒྱུར་བཅོས་གཏན་ནས་བྱེད་མི་དགོས་ཞེས་བཤད་པ་མིན། སྤྱིར་མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་ཡང་རྙིང་བ་ལ་ཕྱི་བརྡར་དང་གསར་བ་ནང་འདྲེན་མེད་ན་དུས་རབས་ཀྱི་རྗེས་མི་ཆོད་པ་མངོན་གསལ་རེད། ཡིན་ན་ཡང་རྙིང་བ་བཅོས་བསྒྱུར་ལ་ཁ་ཕྱོགས་ཡག་པོ་མེད་པ་དང་། གསར་བ་ནང་འདྲེན་ལ་དམིགས་ཡུལ་བཟང་བོ་ཞིག་མེད་ན་ཕན་ལས་གནོད་དུ་འགྱུར་ཉེན་ཆེ་བས། ཡང་དག་པའི་ཁ་ཕྱོགས་དང་ཚུལ་ལྡན་གྱི་དམིགས་ཡུལ་བརྟེན་རྒྱུ་ནི་དུས་རབས་ཉེར་གཅིག་པའི་ལམ་ཆེན་ནང་དུ་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་ཆེས་གལ་འགངས་ཆེ་བའི་བྱ་བ་ཞིག་ཡིན། དཔེར་ན་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་ནང་དུ་ཨ་རིའི་སློབ་གསོ་བཅོས་བསྒྱུར་ལ་ཉེན་ཁ་ཚབས་ཆེན་འཕྲད་པ་བཞིན་ཡིན་པས། ངེས་པར་དུ་བཅོས་བསྒྱུར་བྱེད་དགོས་པ་ཞིག་ཡིན་ན་ཐོག་མར་སྔོན་བྱུང་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་དུས་མཚུངས་སུ་མ་འོངས་པའི་བཅོས་བསྒྱུར་གྱི་བྱ་བ་ལ་གྲ་སྒྲིག་གང་ལེགས་བྱས་ཏེ་བཅོས་བསྒྱུར་བྱེད་པ་ལས། ལག་ལེན་མེད་པའི་སྟོང་བཤད་དང་ཁུངས་ལུང་མེད་པའི་འཆལ་གཏམ་གྱི་གཡམ་དུ་རྒྱུག་མི་རུང་སྟེ། དཔེར་ན་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་ནང་བྱུང་བའི་རིག་གནས་གསར་བརྗེ་ཆེན་པོའི་འགུལ་སྐྱོད་ལྟ་བུ་རེད། དེས་ང་ཚོ་མི་ཚང་མ་ལ་བརྗེད་མི་སྲིད་པའི་ལོ་རྒྱུས་ཀྱི་དྲན་ཤིང་རིང་མོ་ཞིག་བཙུགས་ཡོད་པས་བྱ་བ་ཆེ་ཆུང་གང་ཞིག་ཡིན་ཡང་ཐོག་མཐའ་བར་གསུམ་ལ་མནོ་བསམ་ཕུ་ཐག་ཆོད་པ་ཞིག་གཏོང་དགོས།

མ་འོངས་གངས་ཅན་པའི་དེད་དཔོན་དུ་འགྱུར་བའི་སློབ་མ་རྣམ་པ། ཁྱེད་ཅག་ནི་དུས་རབས་ཉེར་གཅིག་པའི་བོད་མི་རྣམས་ཀྱི་རེ་བ་ཡིན། ལོ་ངོ་བཅུ་ཕྲག་གི་རྗེས་སུ་བོད་ཀྱི་སློབ་གསོ་བ། སྲིད་འཛིན་པ། ཚན་རིག་པ། ཆོས་ལུགས་པ། ཆབ་སྲིད་པ། དཔལ་འབྱོར་བ་སོགས་བོད་ཀྱི་བྱ་ལས་ཐམས་ཅད་ཁྱེད་ཅག་གིས་སྒྲུབ་དགོས་པ་ཤེས་བཞིན་ཨེ་ཡོད། དེ་ལ་གྲ་སྒྲིག་དང་སྙིང་སྟོབས་ག་འདྲ་ཡོད་དམ། འཛམ་གླིང་གི་ཡུལ་གྲུ་ཚང་མ་དཔལ་འབྱོར་གྱི་རྦ་རླབས་ཆེན་པོས་ཁྱེར་ཏེ་གོ་ལ་གཅིག་གྱུར་གྱི་རང་བཞིན་གླེང་བའི་སྐབས་འདིར། ཇི་འདྲའི་ཁྱད་ཆོས་ཡོད་པ་དང་། ཇི་འདྲའི་མི་རིགས་རང་བཞིན་ཡིན་པ་ནི་འཛམ་གླིང་གི་རིག་གནས་ཡིན་ལ་འཛམ་གླིང་གི་ཁྱད་དུ་མཚར་བའི་ནོར་བུ་ཡིན་ཞེས་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་འདི་ལ་ལྟ་ཚུལ་ག་འདྲ་སྐྱེས་སོང་། ཁྱད་པར་དུ་རང་རེའི་བོད་མི་རིགས་ཀྱི་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སྤུས་ཀ་ཇེ་ཞན་དུ་འགྲོ་བའི་དུས་སྐབས་སུ། གཞན་སུ་ལའང་མེད་པའི་དགོས་འདོད་ཀྱི་ནོར་བུ་དེ་མཐོ་རུ་བཏེགས་ནས་ཁྱོད་ཤི་ང་གསོན་གྱི་ཚ་གདུང་ལ་བསིལ་ཟེར་གྱི་སྦྱིན་པ་རེ་བཏང་ན་རང་གཞན་གཉིས་ཕན་གྱི་ལམ་ཆེན་ཞིག་མ་ཡིན་ནམ། བྱམས་སྙིང་རྗེ་ཞེས་པའི་མིང་ཚིག་འདི་ཐོས་རྗེས་མི་མང་བོ་ཞིག་གི་སེམས་སྟེང་ལ་ང་ཚོས་བྱམས་སྙིང་རྗེ་བསྒོམས་ནས་བསྡད་ན་འཕེལ་རྒྱས་ཅི་ལྟར་འོང་ཞེས་འདྲི་བར་སེམས། ཁྱོད་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས་ལ་བློ་རྩེ་ཉི་ཤུ་རྩ་ལྔ་ཁོལ་དང་། བྱམས་སྙིང་རྗེ་བསྒོམས་ནས་བསྡད་ན་སྤྱི་ཚོགས་འཕེལ་རྒྱས་སུ་མི་འགྲོ་ཡང་བྱམས་སྙིང་རྗེ་དང་ལྡན་ན་མི་རིགས་ལས་དོན་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་། ལྡན་པར་བདག་གིས་བྱེད་སྙམ་པ་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ན་ཅི་མ་རུང་། ཐར་བར་བདག་གིས་བྱེད་སྙམ་པ་སྙིང་རྗེ་ཡིན་པས། དེང་སྐབས་ཀྱི་དུས་རབས་འདི་ལ་དེ་ལྟ་བུའི་མི་ག་ཚོད་ཡོད་དམ།བརྒྱའི་ནང་དུ་གཅིག་ག་ལ་ཡོད། སྟོང་གི་ནང་དུ་གཅིག་ཀྱང་ག་ལ་ཡོད། ཁྲི་ཡི་ནང་དུ་གཅིག་ཡོད་ན་ཅི་འདྲའི་དགའ་བ་ལ་དེ་ཡང་ཤིན་ཏུ་དཀོན། ང་ཚོས་རང་སེམས་ནང་དུ་བཀུག་ནས་བསམ་བློ་ཞིབ་མོ་ཞིག་བཏང་ན། བོད་མི་རིགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊས་རང་ལུས་འབེན་ལ་བཞག་ཅིང་། རང་སྲོག་བློས་བཏང་ནས་བོད་ཡིག་གསར་བཟོ་དང་རིག་གཞུང་ནང་འདྲེན་བྱས་པ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སེམས་ཅན་སྤྱི་དང་ཁྱད་པར་བོད་གངས་ཅན་པར་བདེ་སྐྱིད་ཀྱི་ཉི་མ་འཆར་ཆེད་རང་ལུས་མེ་རུ་བསྲེགས་ཀྱང་རང་སྲོག་བཙོན་དུ་ཤོར་ཡང་དཔའ་མ་ཞུམ་པར་ཇོ་བོ་རྗེ་བོད་དུ་གདན་ཞུ་བྱས་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་ཡིན་པས། ཁོང་རྣམས་པས་བྱམས་སྙིང་རྗེ་མ་བསྒོམས་པ་དང་བྱམས་སྙིང་རྗེ་རྒྱུད་ལ་མི་ལྡན་ཞེས་སུ་ཡིས་བཤད་ཕོད། 

གཞན་ཡང་བོད་ཀྱི་མེས་དབོན་རྣམ་གསུམ་སྟེ་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་བ་ཅན་གསུམ་གཙོ་བྱས་པའི་བཙན་པོ་རིམ་བྱོན་དང་ལོ་ཙཱ་བ། པཎ་ཌི་ཏ། དམག་དོན་པ་སོགས་བློན་འབངས་ཅི་མང་གིས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་དང་དམག་དོན། ཆོས་ལུགས་སོགས་ལ་ཅི་འདྲའི་མཛད་རྗེས་བཞག་ཡོད་པ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཁུངས་བཙུན་དག་ལས་གསལ་བོར་ཤེས་ལ། ཉེ་རབས་ཡང་རྒྱལ་དབང་པཎ་ཆེན་རྣམ་གཉིས་དང་གུང་ཐང་འཇམ་པའི་དབྱངས། མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། བོད་མི་རིགས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ལ་བརྗོད་ཀྱིས་མི་ལང་བའི་བྱ་བ་རླབས་ཆེན་མང་བོ་ཞིག་བསྒྲུབས་ཡོད་པ་འདིས། ང་ཚོ་ཕྱི་རབས་པ་རྣམས་ལ་མིག་དཔེ་བཟང་བོ་ཞིག་བཞག་ཡོད་པས་ཚང་མས་བསམ་བློ་གཅིག་གྱུར་དང་། གོམ་པ་བརྟན་པོའི་ངང་ཁོང་རྣམ་པའི་སྙིང་སྟོབས་དང་གསར་གཏོད་ཀྱི་རི་མོ་སྙིང་ལ་བཅངས་ཏེ་བརྕོན་འགྲུས་ཀྱི་རྟ་ཕོ་ལ་དྲན་ཤེས་ཀྱི་ལྕག་གིས་སྐུལ་དང་། དུས་རབས་ཉེར་གཅིག་པའི་ལམ་ཆེན་སྟེང་དུ་ཁྱེད་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་རང་ཉིད་ལ་དབང་བའི་འོད་ཟེར་སྟོང་ལྡན་གྱི་ལམ་བཟང་ཞིག་རྙེད་སྲིད། ཁྱེད་ཚོ་ནི་དུས་རབས་གསར་རྙིང་གཉིས་ཀྱི་དཀྱོག་མཚམས་སུ་སྐྱོད་པའི་དེད་དཔོན་དང་བསམ་བློའི་དཔལ་ཡོན་ལ་དཔལ་འབྱོར་སྟོབས་ཤུགས་ཀྱིས་གཉའ་གནོན་ཐེབས་པར་མྱུར་སྐྱོབ་བྱེད་པའི་རུ་དཔོན་ཡིན། ཁྱེད་ཚོ་ལ་བླང་དོར་འབྱེད་པའི་ཤེས་རབ་ཀྱི་མིག་ཟུང་རྣོ་བས་གཞན་གྱི་ལེགས་ཆ་ལེན་པ་ལས་ངན་ཕྱོགས་སློབ་མི་རུང་།   ཁྱད་པར་ཏུ་གཞན་གྱི་ལེགས་ཆར་གྱུར་ཡང་རང་གི་ལེགས་ཆར་འགྱུར་བའི་ངེས་པ་མེད་པས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བརྟག་རྒྱུ་གལ་ཆེ། དེ་བཞིན་དུ་རང་ཕྱོགས་ཀྱི་བྱ་བའི་འདོར་ལེན་ལའང་བསམ་བློ་ཞིབ་མོ་ཞིག་གཏོང་དགོས་ཏེ། གསར་བ་ཡིན་ཡང་ལེན་རྐྱང་མིན་ལ་རྙིང་བ་ཡོད་ཚད་འདོར་རྐྱང་མིན།

འཛམ་གླིང་ཞི་བདེ་ཡི་ཁུར་བོ་ཕྲག་ཏུ་བབས་བའི་སློབ་མ་རྣམ་པ། རང་དབང་དང་གསར་གཏོད་ཀྱི་བྲག་ཆ་ཆེས་ཆེར་སྒྲོག་པའི་དུས་རབས་ཀྱི་གྲུ་ཁ་འདིར། ཁྱེད་ཀྱིས་འཛམ་གླིང་གི་ཞི་བདེ་ལ་ཇི་ལྟར་བསམ་གཞིག་བཏང་། ལ་ལས་མི་ཚང་མར་རང་དབང་ཡོད་པ་ལ་ཞི་བདེར་འབོད་པས་མི་ཚང་མ་ལ་རང་དབང་ཡོད་ཚུལ་ཇི་འདྲ་ཞིག་ཡིན་ནམ། ཁྲིམས་མེད་ལུགས་མེད་དང་རང་སྣང་གང་དྲན་ཞིག་ལ་བྱེད་ན་དེ་བས་ཀྱང་མི་འོས་ཏེ། ཁྲིམས་མེད་ལུགས་མེད་ཀྱི་རྒྱབ་ཁབ་དང་རྩ་འཛུགས་ཤིག་གང་ནས་ཀྱང་རྙེད་མི་སྲིད། རང་བསམ་གྱིས་སྒྲིག་ཁྲིམས་བརྩི་བ་ལ་གོ་ན་མི་ཐམས་ཅད་ཀྱིས་བརྩི་བྱར་གྱུར་བའི་སྒྲིག་ཁྲིམས་དེ་གང་ལ་བྱེད་སུ་ཡིས་བཟོ། ཡང་མང་ཆེ་ཤོས་ཀྱིས་དམག་འཁྲུག་མེད་པའི་དུས་ལ་ཞི་བདེའི་དུས་ཟེར་བས། དམག་འཁྲུག་མེད་དགོས་ན་རྡུལ་ཕྲན་མཚོན་ཆ་སོགས་མདའ་བོའུ་ལག་ཆ་ཚང་མ་མེད་པར་བཟོ་དགོས་ལ། དེ་དག་རྩ་མེད་དུ་གཏོང་དགོས་ན་རྩ་བའི་འབྱུང་ཁུངས་ཏེ་མི་རྣམས་ཀྱི་རྒྱུད་དུ་ཡོད་པའི་རང་རྒྱལ་གཞན་ཕན་གྱི་བསམ་བློ་རྩ་མེད་དུ་གཏོང་དགོས། མདོར་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་གཞན་གནོད་གཞི་དང་བཅས་པ་སྤངས་ཤིང་གཞན་ཕན་གཞི་དང་བཅས་པ་སྒྲུབ་དགོས་པའི་ཞལ་གདམས་ལག་ཏུ་ལེན་པ་ལས་གཞན་ཅི། ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་རང་ཚུགས་རང་བདག་དང་ཞི་བདེའི་ཕྱི་འབྲེལ་བྱེད་པའི་རྨང་གཞིའི་སྲིད་ཇུས་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡིན་ལ། དེ་དག་ནི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་ལ་བཙན་གནོན་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན་བྱེད་པ། ཞི་བདེ་མཉམ་གནས་བྱེད་པ་བཅས་ཡིན་པས། དེང་སྐབས་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་བས་རྩ་དོན་དེ་དག་དང་ལེན་བྱས་ནས་རྒྱལ་སྤྱིའི་གལ་ཆེན་གྱི་འབྲེལ་བའི་ཚད་གཞིར་བརྩིས་ཡོད། ཡིན་ན་ཡང་དེ་ནི་རྒྱལ་ཁབ་ཕན་ཚུན་བར་གྱི་ཆབ་སྲིད་ཀྱི་ཞི་བདེ་ཙམ་ལས་འཛམ་གླིང་ཞི་བདེའི་ཐ་སྙད་སྦྱོར་སྲོལ་མེད། 

འོ་ན་འཛམ་གླིང་ཞི་བདེ་ཟེར་བ་དེ་གང་ལ་ངོས་འཛིན་ཟེར་ན། ནོ་པེར་ཞི་བདེའི་བྱ་དགའ་སྟེར་བའི་ཆ་རྐྱེན་ལྟར་མི་རིགས་མཐུན་སྒྲིལ་གྱི་མཛའ་མཐུན་ལ་སྐུལ་འདེད་བྱེད་པ། གཏན་འཇག་དམག་དཔུང་མེད་པར་བྱེད་པ་དང་ཉུང་དུ་གཏོང་བ། ཞི་བདེའི་གྲོས་ཚོགས་ཀྱི་རྩ་འཛུགས་དང་དྲིལ་བསྒྲག་གི་ཆེད་དུ་འབད་བརྩོན་ཆེས་ཆེན་པོ་དང་བྱས་རྗེས་བླ་མེད་བཞག་པ་དེ་ཡིན། ཉིས་སྟོང་བཅུ་ལོར་ཀྲུང་གོ་ནས་ནོ་པེར་བྱ་དགའ་ལ་འགྲན་རྒོལ་དང་ཤར་ཕྱོགས་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ལྟ་བ་མཐོ་རུ་འདེགས་ཆེད་ཁུང་ཙི་ཞི་བདེའི་བྱ་དགའ་ཐོག་མ་དེ་ཐེ་ཝན་གོ་མིན་ཏང་གི་འགོ་བ་ལེན་ཀྲན་ལ་བྱིན། ཁྱེད་ཅག་གིས་བློ་རིགས་ཀྱི་ནུས་ཤུགས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་འོངས་པའི་ཞི་བདེ་ལ་མནོ་བསམ་ཞིབ་ཏུ་ཐོངས་དང་། ཤར་ནུབ་རིག་གནས་ཀྱི་ལྟ་བས་མི་གནོད་ཅིང་ཆོས་སྲིད་དང་དབལ་འབྱོར་གྱི་ཤུགས་རྐྱེན་མ་ཐེབས་པའི་ཞི་བདེ་དངོས་གནས་ཤིག་ཅི་ལྟར་འཚོལ་དགོས། བོད་མི་རིགས་ཀྱི་ཞི་བདེའི་ལྟ་བ་ལ་མཐར་ཐུག་གི་ཞི་བདེ་དང་གནས་སྐབས་ཀྱི་ཞི་བདེ་གཉིས་སུ་དབྱེ་བ་ལ། དེང་སྐབས་བཤད་པའི་འཛམ་གླིང་ཞི་བདེ་ཞེས་པ་ནི་གནས་སྐབས་ཀྱི་ཞི་བདེའི་ཁོངས་སུ་གཏོགས། གནས་སྐབས་ཀྱི་ཞི་བདེ་དེ་ལ་ཡང་ལྷའི་ཞི་བདེ་དང་མིའི་ཞི་བདེ་གཉིས་ལས་མིའི་ཞི་བདེའི་ཁོངས་སུ་གཏོགས་ཀྱང་། སྐབས་འདིར་བཤད་པའི་ཞི་བདེ་ནི་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ཕྱོགས་ཐམས་ཅད་ཁེགས་ནས་ཞི་ཞིང་དུལ་ཏེ་གཞན་གནོད་གཞི་དང་བཅས་པ་སྤངས། ལུས་ངག་ཡིད་གསུམ་གྱི་དགེ་བའི་ཕྱོགས་ཐམས་ཅད་མངོན་དུ་གྱུར་ཏེ་བདེ་ཞིང་སྐྱིད་པའི་སྒོ་ནས་གཞན་ཕན་གཞི་དང་བཅས་པ་སྒྲུབ་པ་ལ་གོ་ན་ཨེ་འགྲིག་བསམ། མཇུག་མཐར་ཁྱེད་རྣམ་པའི་ཡིད་སེམས་དུང་ལས་དཀར་བའི་ཁང་བཟང་ལ་གནའ་དེང་ཤེས་རིག་གི་ནོར་བུ་སྣ་བརྒྱས་ཡོངས་སུ་གཏམས་ཤིང་། སྙིང་སྟོབས་དང་སྤྲོ་སེམས་སྔར་ལས་རྒྱས་ཏེ་བོད་གངས་ཅན་པའི་མདུན་ལམ་ལ་འོད་སྟོང་བསྐྲུན་པར་སྨོན་འདུན་དང་རེ་བ་ཞུ།


མི་ཡི་བཟང་ངན་བསམ་པའི་ཚུལ་གྱིས་འབྱེད།།

བསམ་པའི་གཤིས་ལུགས་སློབ་གསོ་ཉིད་ལ་རག།

སློབ་གསོ་བྱེད་སྟངས་རྣམ་པ་མང་ན་ཡང་།།

མི་ཚེ་ཕྲེང་རྒྱུད་སློབ་གསོ་གཟི་བྱིན་འབར།།


རིག་པའི་གནས་ཀུན་སྦྱང་དགོས་མོད།།

ཐོག་མར་རང་གི་སྲོལ་རྒྱུན་གཅེས།།

བོད་པའི་སྲོལ་རྒྱུན་རིག་གནས་ལ།།

བྱམས་དང་སྙིང་རྗེའི་སྙིང་བོ་ལྡན།།


དུས་ཀྱི་འགྲོས་དང་བསྟུན་དགོས་མོད།།

བསྟུན་ཚུལ་ལོག་ན་སྨྱོན་པ་འདྲ།།

རྙིང་བར་ཕྱི་བརྡར་བྱེད་དགོས་ཀྱང་།།

གནས་ལུགས་མ་རྟོགས་བརླག་ཉེན་ཆེ།།

ཞེས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་རྨ་རྒྱལ་གངས་རིའི་ཤར་ཕྱོགས། རྨ་ཀླུང་ཕྱུག་མོའི་ཁུག་སོ། ཁྱུང་ཆེན་བྲག་རིའི་མདུན་ཟུར། ཡ་ཕུག་འབྲུ་དྲུག་ཐང་གི་ཐང་དཀྱིལ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རང་ཤག་ཉི་མ་རང་ཤར་དུ་རབ་གནས་ཆུ་འབྲུག་ལོའི་བོད་ཟླ་༩བའི་ཚེས་༡༢ཉིན་བྲིས་པ་དགེ་གྱུར་ཅིག །

ཡིག་གཏགས་པ།  དབྱངས་ཅན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 8 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: མགར་བུའི་བུ། སྤེལ་དུས:2023/3/3
ཤིན་ཏུ་ལེགས་སོ། །རང་རིགས་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་ཆ་འཕྲིན་མང་དུ་སྤེལ་ཐུབ་པ་འདིའང་དོན་གནད་ཆུང་ཆུང་མིན།
  སློབ་མ་རྣམས་ལ་ཕུལ་བའི་གྲོས་འདེབས་སྙིང་གི་ཐིག་ལེ།   སྤེལ་མཁན།: གངས་འོད། སྤེལ་དུས:2022/10/2
མཁྱེན་རྒྱ་མཁའ་ལས་ཡངས་ཤིང་ཐུགས་འདུན་བྲག་ལྟར་བརྟན་པའི་རི་ཁ་བ་གངས་ཅན་ལྗོངས་ཀྱི་དེད་དཔོན་ལགས།ཁྱེད་ཀྱི་སེམས་དྲོན་མོའི་ཞལ་བརྡ་དང་གསུང་དག་མོའི་ཁ་ཏ་འདིར་ཕྲན་གྱིས་ཡང་ཡང་ཀློག་ཅིང་ཡང་ཡང་བསམ་པས་མིག་ཆུག་ཤོར་སོང་།ཐུགས་རྗེས་ཆེ།ཁྱེད་ཀྱིས་འོ་བརྒྱལ་མྱང་སོང་།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23549353
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།