སློབ་གསོ་བ་སུ་ཧའོ་མུ་ལིན་སི་ཀིན་གྱིས་དགེ་རྒན་ཚོར་ཕུལ་བའི་གདམས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »སློབ་གསོ་བ་སུ་ཧའོ་མུ་ལིན་སི་ཀིན་གྱིས་དགེ་རྒན་ཚོར་ཕུལ་བའི་གདམ
སློབ་གསོ་བ་སུ་ཧའོ་མུ་ལིན་སི་ཀིན་གྱིས་དགེ་རྒན་ཚོར་ཕུལ་བའི་གདམས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-10ལྟ་ཀློག (5084)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གསོ་བ་སུ་ཧའོ་མུ་ལིན་སི་ཀིན་གྱིས་དགེ་རྒན་ཚོར་ཕུལ་བའི་གདམས་པ།

སུ་ཧའོ་མུ་ལིན་སི་ཀིན་གྱིས་བརྩམས། 

དོན་གྲུབ་རྒྱལ་གྱིས་བསྒྱུར། 


༡ བྱིས་པས་སློབ་གྲྭའི་སྒོ་ཐེམ་བརྒལ་ཏེ་ཁྱེད་ཀྱི་སློབ་མར་གྱུར་པ་ནས་བཟུང་སྒོ་གསུམ་དང་བའི་སྒོ་ནས་ཁྱེད་ལ་ཡིད་ཆེས་བྱེད་ཅིང་། ཁྱོད་ཀྱིས་བཤད་པའི་སྐད་ཆ་རེ་རེ་ནི་ཁོ་རང་ཚོའི་སེམས་སུ་བླ་ན་མེད་པའི་བདེན་ལུགས་ཡིན་ལ། ཁྱོད་ཀྱི་ལུས་ངག་གི་འདུ་བྱེད་རེ་རེ་ནི་ཁོ་རང་ཚོའི་མིག་ལམ་དུ་ཤེས་རབ་གཟུགས་སུ་འཕོས་པ་དང་སྤྱོད་ལམ་གྱི་མིག་དཔེ་འབའ་ཞིག་ཡིན། བྱིས་པས་དགེ་རྒན་ལ་ཡིད་རྟོན་བྱེད་པ་ནི་རྒྱ་སེ་མེ་ཏོག་གི་འདབ་མར་འཁྲིལ་བའི་ཟིལ་བ་ལྟ་བུ་ཡིན་པས། ཟིལ་བ་དེ་ཕངས་མེད་དུ་ཐང་ལ་མ་འདོར་རོགས།

༢ དགེ་རྒན་གྱི་ཆེས་དཀའ་ངལ་ཆེ་ཞིང་ཞིབ་ཚགས་ཆེ་དགོས་པའི་འགན་འཁྲི་ཞིག་ནི་བྱིས་པའི་རང་བཀུར་གྱི་བསམ་བློ་ལ་གཅེས་སྐྱོང་དང་ཡར་རྒྱས་གཏོང་རྒྱུ་དེ་རེད། བྱིས་པའི་ངལ་བ་དོན་མེད་དང་འབྲས་མེད་དུ་མི་གཏོང་བ་ནི་ཕུལ་བྱུང་དགེ་རྒན་ཞིག་གི་སེམས་འཛིན་ཡིན། བྱིས་པའི་སེམས་ཤུགས་ངལ་རྩོལ་ལས་གྲུབ་འབྲས་གང་རུང་རེ་མཐོང་ཚེ་ཁོས་རང་ལ་མངའ་བའི་ལྐོག་གྱུར་གྱིི་ནུས་པ་མང་པོ་སྔོག་འདོན་བྱེད་ཐུབ་ལ། གྲུབ་འབྲས་ལྡན་ཚེ་ད་གཟོད་སློབ་སྦྱོང་གི་འདུན་པ་ངང་གིས་བསྐྱེད་ཐུབ། 

༣ སློབ་གྲྭའི་སློབ་གསོ་ནི་ཤེས་བྱ་ཙམ་ཕན་ཚུན་བརྒྱུད་སྤྲོད་བྱེད་རྒྱུ་མ་ཡིན་པར། དུས་ངེས་མེད་དུ་སེམས་དང་སེམས་ཀྱིས་འབྲེལ་འདྲིས་བྱེད་རྒྱུ་དེ་ཡིན། 

༤ འགྲོ་བ་མི་ཡོད་དོ་ཅོག་དངོས་ལུགས་རིག་པ་བ་དང་རྩིས་རིག་མཁས་པར་འགྱུར་བའི་ངེས་པ་མ་མཆིས་མོད། དེ་དག་ཁྱོ་ག་དང་ཆུང་མར་འགྱུར་དགོས་ལ་ཕ་དང་མ་རུའང་འགྱུར་དགོས། 

༥ བྱིས་པ་སློབ་གྲྭར་མ་སོང་སྔོན་གྱི་རང་བྱུང་ཁམས་ཆེན་མོའི་པང་ནས་རྩེད་འཇོར་གཡེང་ཞིང་མཛེས་སྡུག་ལ་རོལ་བ། རོལ་མོ་དང་སྟོང་བསམ་ལ་འཁྲིལ་བའི་བྱིས་པའི་སེམས་ངོགས་ཀྱི་འཇིག་རྟེན་དེ་ཉིད་སློབ་ཁང་གི་ཕྱི་རུ་འདོར་བ་མ་གནང་རོགས། སློབ་གྲྭར་ཞུགས་མ་ཐག་པའི་ཟླ་ངོ་འགའ་དང་ལོ་ངོ་རེ་ཟུང་དུ་སློབ་སྦྱོང་ནི་ལུས་ངག་གི་འདུ་བྱེད་ཆེས་གཙོ་བོར་བརྩི་མི་རིགས། དགེ་རྒན་གྱིས་བྱིས་པ་རྣམས་སློབ་གྲྭར་མ་ཞུགས་པའི་ཡར་སྔོན་ལ་ཡོད་པའི་སྤྲོ་སྣང་དེ་འདྲ་ཞིག་སྩོལ་ཐུབ་ན་བྱིས་པ་རྣམས་ད་གཟོད་ངང་གིས་སློབ་གྲྭར་དགའ་སྲིད། 

༦ སློབ་མ་རེ་རེའི་སེམས་སུ་བྱམས་བརྩེ་དང་ཟོ་བཟང་། སྙིང་རྗེ་དང་ཕན་སེམས། སེམས་ཅན་མཆིས་སོ་ཅོག་དང་མཛེས་པའི་བྱ་དངོས་ཀུན་ལ་གཅེས་སེམས་ཀྱི་ས་བོན་འདེབས་རྒྱུ་ནི་སློབ་གྲྭ་ཞིག་གི་སློབ་གསོའི་རྩ་བའི་དམིགས་འབེན་ཡིན་འོས་ལ། སློབ་གསོའི་དབུ་ཚུགས་སའང་འདི་ཉིད་ཡིན་འོས་སོ།།

༧ བྱིས་པ་ཞིག་ལ་མཚོན་ན། ཆེས་བཟང་པའི་དགེ་རྒན་ནི་བསམ་བློའི་ངོས་ནས་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་དགེ་རྒན་གྱི་རྫིག་ཉམས་མེད་པར་རང་གི་སློབ་མ་ནི་ལས་མཐུན་གྱི་གྲོགས་པོ་ལྟ་བུར་བརྩི་བའི་དགེ་རྒན་དེ་རིགས་ཡིན་ལ། ལོ་ཆུང་དུས་ཀྱི་སློབ་གསོའི་དཀའ་ངལ་མང་པོ་ཞིག་གི་གནད་ཀྱི་དམ་པ་ནི་སློབ་གསོར་ཐབས་དང་མན་ངག་གང་ཡང་མེད་པར་བཙན་ཚུགས་ཀྱིས་རྒྱུད་ལ་སྦྱོར་ཐབས་བྱེད་པ་དེ་ཡིན། ལོ་ཚོད་འདིའི་སྐབས་སུ་མ་གཞི་ནས་གཞན་གྱིས་སློབ་གསོ་སྤྲོད་པར་ཡིད་མི་མགུ་བའི་གཉུག་གཤིས་ཤིག་ཡོད་པས་རེད།

༨ སློབ་གྲྭ་ཞིག་གིས་སློབ་གསོའི་བླ་ན་མ་མཆིས་པའི་ནུས་སྟོབས་ལ་ཡིད་ཆེས་བྱེད་ཅིང་། “སློབ་མ་གང་དེར་མདུན་ལམ་ཅི་ཡང་མེད”ཅེས་པའི་གཏམ་གྱི་ཐ་མ་དེ་འདྲ་མིང་གི་ལྷག་མར་གྱུར་ཚེ། སློབ་གྲྭ་དེ་གའི་སློབ་མ་སྤྱིའི་བསམ་བློའི་འདུ་འགོད་ལ་གཞན་དང་མ་མཚུངས་པའི་དགའ་མགུ་ཡི་རང་གི་བཅུད་ཀྱིས་ཕྱུག་ཡོད། 

༩ གལ་སྲིད་སློབ་གྲྭས་གལ་ཆེ་ཆུང་གི་གོ་རིམ་བཞིན་སློབ་གསོའི་ལས་དོན་སྒྲུབ་དགོས་ཚེ། ཆེས་ཐོག་མར་མི་ཚད་ལྡན་ཞིག་སྟེ། ཁྱོ་ག་དང་ཆུང་མ། ཕ་དང་མ་བསྐྱེད་བསྲིང་བྱེད་པ་དང་། དེ་ནས་མ་འོང་བའི་བཟོ་འགོད་པ་དང་སྨན་པ་སོགས་བསྐྱེད་བསྲིང་བྱ་དགོས། 

༡༠ བྱིས་པའི་སྐྱོན་རྣམས་གཞན་ལ་སྒྲོག་པར་མ་བྱ་སྟེ། ཚོགས་དང་སྤྱི་ནས་བྱིས་པའི་ཉེས་སྐྱོན་རྣམས་ཤེས་རྟོགས་མ་བྱུང་བས་ལེགས་ཏེ། ང་ཚོས་བྱིས་པའི་ཉམ་ཆུང་བའི་སེམས་རྒྱུད་རྟོགས་དགོས་ཤིང་འདི་ནི་ཆེས་གསང་བ་ལྐོག་གྱུར་གྱི་གནས་ཡིན་པས་དེ་ཉིད་སེམས་ཆུང་དང་གཟབ་ནན། བྱམས་དང་བརྩེ་བ་བཅས་ཀྱིས་སྐྱོང་དགོས། 

༡༡ གྲངས་རིག་གི་བརྩི་ཐབས་དང་རྩིས་གཞུང་མི་ཤེས་ནའང་འཚོ་བ་རོལ་ཐུབ་པ་མ་ཟད་བདེ་སྐྱིད་ལྡན་པར་རོལ་ཆོག ཡིན་ནའང་དཔེ་ཀློག་བྱེད་མ་ཤེས་ཚེ་འཚོ་བར་དོན་སྙིང་མེད་ལ་ཡང་སྙིང་བདེ་སྐྱིད་ཀྱང་ཐོབ་དཀའ། དཔེ་ཀློག་བྱེད་མི་ཤེས་པ་ནི་སློབ་གསོ་མ་མྱོང་བའི་མི་རུ་བགྲང་ཆོག་ལ་ཀུན་སྤྱོད་ཀྱི་རྩ་ལག་མི་ཤེས་པའི་མིའང་ཡིན།

༡༢ བྱིས་པའི་སེམས་ཁམས་ལ་ཕོག་ཐུག་བཟོ་སླ་བས་སློབ་ཁྲིད་དང་སློབ་གྲྭའི་འཚོ་བའི་ཁྲོད་དུ་གཟབ་ནན་མ་བྱས་པ་དང་ཤ་མ་ཚ་བའི་རྣམ་འགྱུར་ཅི་རིགས་ཀྱིས་ཁོ་ཚོའི་སེམས་སུ་རྣོ་དབལ་ཅན་གྱི་འགལ་འདུ་མང་པོ་བཟོ་སྲིད་པ་མ་ཟད། བྱིས་པའི་སེམས་ཀྱིས་ཐེག་པར་དཀའ་བའི་བསམ་བློའི་བརྡབ་གསིག་བྱེད་སྲིད་ལ་འདི་དག་ནི་ང་ཚོས་དྲན་ཤེས་བསྟེན་དགོས་པའི་གནས་ཡིན། 

༡༣ བྱིས་པ་ཚོར་མིའི་འཚོ་བའི་ཁྲོད་ཀྱི་མུན་ནག་གི་ངོ་གདོང་རེ་རེར་བྱོལ་ཐབས་བྱེད་དགོས་པའི་བསླབ་སྟོན་གནང་མི་རུང་སྟེ། ང་ཚོའི་འཚོ་བའི་ཁྲོད་དུ་དགའ་སྐྱོ་རེས་སུ་འཁོར་བཞིན་པའི་གནས་ལུགས་ཤེས་སུ་འཇུག་དགོས་ལ། ཁོ་ཚོའི་སེམས་སུ་གཞན་གྱི་བདེ་སྡུག་ཀྱང་ཡོད་པར་བྱ་དགོས།

༡༤ བྱིས་པར་ཁ་ཡག་གཅམ་གསག་གི་ཚིག་སྦྱོར་སྤེལ་བའི་སློབ་གསོ་གཏོང་མིི་དགོས་ལ། སེམས་ཤུགས་འདོན་མི་དགོས་ཤིང་སེམས་ཁྲལ་བྱེད་མི་དགོས་པའི་སར་བརྩེ་སེམས་ཕྱིར་མངོན་པའི་དགོས་པའང་མ་མཆིས། བྱིས་པ་རྣམས་ལ་ང་ཚོའི་བསམ་བློ་ཇི་བཞིན་རང་གི་བརྩེ་བ་ཕྱིར་ངོམ་དུ་བཅུག་ཚེ། འུད་བསྟོད་ལ་དགའ་ཞིང་དོན་རྩ་མེད་པ། ཁ་སྟོང་ལས་ཚིག་སྟོང་བཤད་པར་སྤྲོ་བའི་མི་འབའ་ཞིག་ཏུ་འགྱུར་ཉེན་ཆེ་སྟེ། མདོར་ན་ཁོག་ན་སྙིང་དང་སྙིང་ལ་དྲོད་མེད་པའི་མི་ཞིག་ཏུ་འགྱུར་སྲིད་དོ།། 

༡༥ མི་ལོ་༣༦གི་སློབ་གསོའི་ལས་དོན་ཁྲོད་བདག་ལ་ཡིད་ཆེས་ཀྱི་གདེང་ཚོད་རྙེད་པ་ནི། སློབ་ཆུང་སློབ་མར་སློབ་ཁྲིད་བྱེད་པར་ཐོག་མར་ཁོང་ཅག་ལ་འཇིག་རྟེན་འདིར་ལྟ་བའི་མིག་དགོས་ལ། ཤེས་བྱ་ཕྲ་རགས་ཐམས་ཅད་གཞལ་ཐུབ་པའི་མིག་དབང་ཞིག་སྤྲོད་དགོས་པ་དེའོ།། 

༡༦ ཤེས་བྱ་གང་རུང་ཞིག་བློ་རུ་ངེས་པའི་གོ་རིམ་ཁྲོད་ཐོབ་པའི་འབྲས་བུ་གང་ཞིག་བདག་རྐྱེན་དུ་བྱས་ནས་སེམས་སུ་དགའ་མགུ་སྐྱེས་སྐབས་ད་གཟོད་སློབ་སྦྱོང་ལ་འདུན་མ་བསྐྱེད་ཐུབ། སེམས་སུ་དགའ་མགུ་མེད་ཚེ་སློབ་སྦྱོང་ནི་བྱིས་པའི་ཁུར་བོ་ལྕི་མོ་རུ་གྱུར་པ་རེེད། 

༡༧ མི་ལོ་བཅུ་ཕྲག་ལྷག་གི་སློབ་གསོའི་ལས་དོན་ཁྲོད་ང་ལ་ཡིད་ཆེས་ཀྱི་གདེང་ཞིག་རྙེད་པ་ནི། ངལ་རྩོལ་གྱིས་མིའི་ཤེས་རབ་ཡར་རྒྱས་འགྲོ་བར་ཐུན་མིན་གྱི་ཕན་བསྐྱེད་ཡོད་པ་དང་། བྱིས་པའི་ཤེས་རབ་ནི་ཁོང་ཅག་གི་སོར་རྩེ་ནས་ཐོན་པ་དེའོ།། 

༡༨ བྱིས་པས་ཆེས་ཐོག་མར་འཇིག་རྟེན་འདི་ཉིད་ངོ་ཤེས་པར་ཨ་མའི་འཛུམ་མདངས་དང་བྱིས་གླུ། བརྩེ་བས་ཁེངས་པའི་མིག་ཟུང་དང་དྲོད་ཀྱིས་ཁྱབ་པའི་པང་ཁུག་ལས་མགོ་བརྩམས་པ་ཡིན་ལ། གལ་སྲིད་འཇིག་རྟེན་འདིར་ནམ་ཡང་བྱམས་བརྩེས་ཕྱུག་པའི་ཨ་མའི་འཛུམ་ཞལ་དང་མིག་ཟུང་གིས་རང་གི་བུ་ཆུང་འཚོས་པ་ལྟ་བུ་དང་། བྱིས་པའི་འཚོ་བའི་ཁྲོད་འཕྲད་སྲིད་པའི་མི་ཐམས་ཅད་ཨ་མ་ཇི་བཞིན་བྱམས་དང་བརྩེ་བས་སྐྱོང་མཁན་ཤ་སྟག་ཡིན་ཚེ། འཇིག་རྟེན་འདིའི་སྡུག་བསྔལ་དང་མི་གསོད་ཁྲག་སྦྱོར་གྱི་སྐྱོ་གར་མཐའ་དག་གཏན་ནས་ཡོད་མི་སྲིད་དོ།།


རྩོམ་ཡིག་འདི་ནི་༢༠༡༦ལོར་པར་དུ་བསྐྲུན་པའི་<<སུ་ཧའོ་མུ་ལིན་སི་ཀིན་གྱི་སློབ་གསོའི་གདམས་པ>>ལས་བཤུས་པའོ།།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xun2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23544536
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།