རྒྱལ་ཁ་གཞན་ལ་སྟེར་མི་ནུས་ལ་ཕམ་ཁ་རང་གིས་ཀྱང་འཁུར་མི་འདོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་འཇིགས་མེད་རྒྱལ་མཚན། »རྒྱལ་ཁ་གཞན་ལ་སྟེར་མི་ནུས་ལ་ཕམ་ཁ་རང་གིས་ཀྱང་འཁུར་མི་འདོད།
རྒྱལ་ཁ་གཞན་ལ་སྟེར་མི་ནུས་ལ་ཕམ་ཁ་རང་གིས་ཀྱང་འཁུར་མི་འདོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-04ལྟ་ཀློག (8556)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  གཤམ་གྱི་རྩོམ་ཡིག་འདི་ནི་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༠ཚེས་༣ཉིན་དགེ་རྒན་བཀའ་དྲིན་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་གངས་ཕྲུག་གཡུ་ཆུང་ཞེས་པ་ཞིག་གི་དྲ་ལམ་བརྒྱུད་ནས་ཁོང་ལ་བསམ་ཚུལ་ཞུས་པའི་འཕྲིན་ལན་དུ་ཕུལ་བ་ཞིག་ཡིན་ལ།      ཁོང་གིས་མི་རིགས་ཀྱི་ཆོས་སྲིད་རིག་གནས་དང་སྤྱི་འབངས་ཀྱི་དོན་ལ་མཐོན་པོ་གནམ་ལྟ་བུ་དང་།  བཙན་པོ་ཐོག་ལྟ་བུ་དག་ལ་ལས་དང་རྒྱུ་འབྲས་དཔང་བོར་བཞག་ཅིང་། དྲང་བདེན་གསེར་གྱི་རྒྱལ་ཁྲིམས་གོ་ཆ་གནང་ནས་ཁེར་རྐྱང་ངང་བདེན་པའི་ཨུ་ཚུགས་ཀྱི་འཐབ་རྩོད་རྒྱུན་རིང་བསྟེན་ཅིང་།    ཕལ་བའི་མིས་ཐེགས་པར་དཀའ་ལ།  ཁོང་གཅིག་པུ་མ་གཏོགས་སུས་ཀྱང་ཤེས་ཐབས་བྲལ་བའི་བློས་མི་དཔོག་པའི་དཀའ་སྡུག་མང་བོ་རེ་རེ་བཞིན་བརྒལ་ནས།  མི་བསྲུན་སྦྱོར་བ་ངན་པའི་གླེང་ལོག་སྣ་ཚོགས་ལ། འཇིགས་པ་མེད་པའི་སྙིང་སྟོབས་དང་འགྲན་ཟླ་བྲལ་བའི་ཐུགས་རྗེ་ཡིས་དག་སེལ་ཐེངས་མང་བྱས་ལ། ད་དུང་ཡང་དཀའ་ངལ་ལ་མ་འཛེམ་པར་མཐའ་སྡོམ་ནམ་མཁའ་ལངས་པ་ལྟ་བུ་བྱེད་ཆེད།  བདེན་པའི་དོན་ལ་དཔའ་བོ་ཁེར་རྒྱུག་བཞིན་གཅིག་པུས་འོ་བརྒྱལ་ཚད་མེད་མྱོང་བཞིན་ཡོད་ནའང་།   མང་བོ་ཞིག་གིས་ད་དུང་ཧ་མ་གོ་བར་ཁོང་ལ་རང་ལ་འོས་སུ་བབས་པའི་སློབ་གྲྭ་བསྐྱངས་ནས་འདུག་པ་ལས།  ཚོད་མ་ཟིན་པར་མང་བོ་ཞིག་ལ་དོན་མེད་ཁ་ལག་བསྲིངས་ནས་གྱོད་ཟླ་བཙལ་བའི་བསམ་ཚུལ་འཛིན་མཁན་མང་བར་མ་ཟད།  ཁོང་ལ་ཤ་ཧ་ཅང་ཚ་བའི་ཁྲོད་དུའང་དེ་ལྟར་བསམ་མཁན་དང་སྨྲ་མཁན་བྱུང་ནའང་། དོན་ལ་ཁོང་གི་མཛད་པ་གང་བཞེས་པ་ཐམས་ཅད་བོད་སྤྱི་བའི་རིག་གནས་སློབ་གསོ་དང་།  བོད་འབངས་བྱིངས་ཀྱི་འཕྲལ་ཕུགས་ཀྱི་ལེགས་པའི་རྩ་ནོར་དང་མ་འབྲེལ་བ་གཅིག་ཀྱང་མ་བྱུང་བས།  ད་རེབ་ཀྱི་ཁོང་གི་འཕྲིན་ལན་འདི་ནི་ཧ་ཅང་དགོས་ངེས་ཀྱི་གསལ་བཤད་ཅིག་ཏུ་སྣང་ངོ་།། 

--དྲ་བའི་རྩོམ་སྒྲིག་པས། 

རྒྱལ་ཁ་གཞན་ལ་སྟེར་མི་ནུས་ལ་ཕམ་ཁ་རང་གིས་ཀྱང་འཁུར་མི་འདོད། 

       བོད་ཀྱི་སློབ་གསོའི་ཕྱོགས་ལ་བྱས་རྗེས་འབུར་དུ་ཐོན་པའི་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས།  ཁྱེད་ནི་མི་མང་བོའི་བལྟ་ས་དང་ཉན་ས་ཡིན་ལ།   སློབ་གྲྭ་གཉིས་ཀྱི་ཕ་མ་ལྟ་བུ་ཡིན་པས་མཐོ་རིམ་མི་སྣ་ལ་རྒྱལ་ཁ་མི་རྩོད་པར་རང་གི་འོས་བབས་ཀྱི་བྱ་བ་དང་ལེན་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་མཐོང་།  སྔོན་གྱི་བཀའ་གདམས་པའི་རྒྱལ་ཁ་གཞན་ལ་སྟེར་བ་དང་ཕམ་ཁ་རང་གིས་ལེན་པའི་བསླབ་བྱ་ལ་ཐུགས་འདང་ནན་མོ་གནང་དགོས་པར་སེམས།  ལྷག་བསམ་རྣམ་དག་ཡིན་མོད་བཤད་ཉེས་ཡོད་ན་དགོངས་དག་ཞུ།  ༢༠༢༢.༦.༡༨ལ་གངས་ཕྲུག་གཡུ་ཆུང་ནས། 

ལན། ངོ་མ་མཐོང་ཞིང་སྐད་ཆའང་གོ་མ་མྱོང་བའི་ལྷག་བསམ་ཅན་གྱི་གྲོགས་པོ་གངས་ཕྲུག་གཡུ་ཆུང་ལགས་ལ་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ། 

    སྤྱིར་ཁེ་དང་རྒྱལ་ཁ་ཡོད་ན་གཞན་ལ་སྟེར་བ་དང་གྱོང་དང་ཕམ་ཁ་ཡོད་ན་རང་གིས་འཁུར་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་དད་པ་དང་རྗེས་སུ་ཡི་རང་ཡོད་ལ།  མ་འོངས་པ་ན་རང་ལའང་དེ་ལྟ་བུའི་བསམ་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་སྨོན་ལམ་ཚུན་ཆད་ཀྱང་འདེབས་ཀྱིན་ཡོད།  འོན་ཀྱང་ད་ལྟའི་སོ་སོ་སྐྱེ་བོ་ཐ་མལ་བ་བདག་གིས་རྒྱལ་ཁ་ཡོད་ཚད་གཞན་ལ་སྟེར་རྒྱུ་ཤིན་ཏུ་དཀའ།   ཁྱད་པར་དུ་ཐེངས་འདིའི་རྩོད་གླེང་གི་རྒྱལ་ཁ་གཞན་ལ་སྟེར་བ་དང་ཕམ་ཁ་རང་གིས་འཁུར་བའི་བློ་སྤོབས་གཏན་ནས་མི་སྐྱེ་བར་མ་ཟད།   ད་རེས་ནི་ངེས་པར་དུ་རྟིང་མ་ལོན་དགོས་པའི་བསམ་ཚུལ་ཡོད།   རྒྱུ་མཚན་ནི་ལས་རྒྱུ་འབྲས་ལ་བསླུ་བ་མེད་པས།   ངེད་ཅག་གིས་རྒྱུ་འབྲས་བརྩིས་པ་དང་དྲང་བདེན་བཤད་པ་ཡིན།   ང་ཚོའི་རྩོད་པ་ནི་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་དར་རྒྱས་ཡོང་ཆེད་ཡིན་པས་སྤྱི་ཕན་གྱི་རྩོད་པ་ཡིན་པ་ལས་མི་སྒེར་དང་སྒེར་གྱི་བར་དུ་རྩོད་པ་བྱས་པ་ཞིག་གཏན་ནས་མིན།   ང་ཚོའི་བར་གྱི་གླེང་བྱ་ནི་སུ་དྲང་བདེན་ཡིན་མིན་དང་སུ་ལ་རྒྱུ་འབྲས་ཡོད་མེད་ཡིན་པ་ལས།  ཐོབ་གོ་ས་དང་དབང་སུ་ཆེ་གླེང་བ་མིན།   ང་ཚོ་གཡུལ་དུ་ཞུགས་ས་ནི་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་གར་སྟེགས་ཡིན་པ་ལས།  ཁྱོད་ཤི་ང་གསོན་གྱི་འཐབ་ར་དེ་མིན།   ང་ཚོས་ངོམ་དགོས་པ་ནི་རིག་པ་དང་གཞུང་ལུགས་ཡིན་པ་ལས།  མི་སུ་དཔའ་གྲི་གང་རྣོ་ཟེར་བའི་བླུན་པོ་མང་བོ་ལྟར་སྟོབས་སུ་ཆེ་དང་རྒྱུ་སུའི་མང་ངོམ་རྒྱུ་དེ་གཏན་ནས་མིན།  ང་ཚོས་བརྩོན་ལེན་བྱེད་རྒྱུ་ནི་ཆོས་ལུགས་དང་རིག་གནས་ལ་དམའ་འབེབས་མཐོང་ཆུང་བྱེད་དུ་མི་འཇུག་པ་དེ་ཡིན་པ་ལས་མི་དང་མི་རིགས་བར་གྱི་སྣང་བ་དང་རྐུབ་སྟེགས་ལ་བརྩོན་ལེན་བྱེད་པ་དེ་མིན།  ང་ཚོར་འཐོབ་དགོས་པ་ནི་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་དང་དམངས་ལ་འབྱོར་ཕྱུག་རྒྱས་ཤིང་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་དེ་ཡིན་པ་ལས་མི་སྒེར་གྱིས་སྲིད་དབང་འཛིན་པ་དང་མི་སྒེར་གྱི་འབྱོར་བ་རྒྱས་ཆེད་དེ་མིན།  དེའི་ཕྱིར་ང་ཚོ་རྒྱལ་ཡང་སྲིད་ལ་རྒྱལ་ཡང་དགོས།  

   ལ་ལ་ཞིག་གིས་དེ་ནི་མི་སྲིད་པ་ཞིག་ཡིན་པས་བྱ་སྒོང་རྡོ་ལ་བརྒྱབས་པ་དང་འདྲ་ཟེར།  ཡང་ལ་ལས་ང་ལ།  ད་ལྟོས་དང་རང་ལ་ཡོད་པའི་གོ་གནས་ཆུང་ཆུང་དང་ཨུ་ཡོན་སོགས་མིང་བཏགས་ཙག་ཙིག་ཡོད་པ་དེ་དག་ཚང་མ་མེད་པར་བཟོས་སོང་བས་འདི་ནི་རང་ཚོད་མ་ཟིན་པའི་རྟགས་རེད་ཅེས་ཟེར།  གནས་སྐབས་དེ་དག་ཤོར་སོང་བ་དངོས་གནས་ཡིན་ཡང་ང་ཚོས་ཤེས་དགོས་པ་ཞིག་ནི།  རྒྱལ་ཁ་དང་གྲུབ་འབྲས་ཤིག་གི་སྔོན་དུ་དཀའ་ངལ་མང་བོ་མྱོང་བ་དང་ཐོབ་པ་མང་བོ་ཤོར་བ་གདོན་མི་ཟ་བ་ཡིན་པས།   རྒྱལ་ཕམ་རྩོད་མཁན་ཞིག་ལ་མཚོན་ན་གྱོང་དང་ཕམ་ཁ་ཡོང་བ་སྔོན་ནས་རྩིས་འདང་བརྒྱག་དགོས་པ་ཞིག་ཡིན།   གཙོ་བོ་དཀའ་ལས་དང་ཤོར་བ་དེ་དག་ལས་རིན་ཐང་ཆེ་བའི་རྒྱལ་ཁ་ཡོད་མེད་ལ་དཔྱད་བཟོད་པ་ནི་ཤེས་རབ་ཁྱད་པར་ཅན་དང་ལྡན་པའི་རྟགས་ཡིན་ལ།   རྟིང་མ་ལེན་དགོས་ན་ཕམ་ཁ་ལ་བཟོད་བསྲན་དང་རང་ནུས་ལ་རྣོ་དབལ་བསྐྲུན་དགོས་པས།  ངས་མུ་མཐུད་དུ་དཔའ་མི་ཞུམ་པར་དཀའ་ངལ་ལ་གདོང་ལེན་དང་རང་གི་ནུས་ཚོད་ཀྱིས་རྒྱལ་ཁ་ལ་བརྩོན་ལེན་བྱེད་རྒྱུ་ཡིན།  

   ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་བསླབ་བྱ་གནང་བར་གུས་མེད་བྱས་སོང་བས་དགོངས་དག་ཞུ།  ངས་བཤད་འདོད་པ་ནི་སྤྱི་ལ་ཕན་པའི་དོན་དུ་སྒེར་གྱིས་དཀའ་ངལ་མྱོང་བ་དང་ཐོབ་དང་གོ་ས་ཤོར་བ་ནི་གཟི་བརྗིད་ཅན་དུ་བརྩི་ལ།  མི་སྒེར་གྱི་ཐོབ་དང་གོ་སའི་ཆེད་དུ་མང་བོའམ་སྤྱི་གཞུང་ལ་དཀའ་ངལ་མྱོང་དུ་འཇུག་པ་དང་སྤྱི་ལ་གྱོང་རེག་ཏུ་བཅུག་པ་ནི་ནམ་ཡང་མི་རིགས་ཀྱི་ཞབས་འདྲེན་དང་ཁྲེལ་མེད་ཝ་རྔ་ཅན་དུ་བརྩི་བ་ནི་སོ་སྐྱེས་ཐ་མལ་བ་ངས་ནམ་རྒྱུན་བསམ་བློ་གཏོང་ཕྱོགས་ཡིན།  

    ཞེས་ར་མའི་རྭ་ཅོ་བཞིན་དུ་གྱོང་ཞིང་རྣོ་ལ།  རྒྱ་རྙིའི་དྲ་བར་ཚུད་ཀྱང་འཇིགས་པ་མེད་པར་རྒྱལ་ཁམས་ཕྱོགས་མེད་དུ་འགྲིམས་པའི་གྲྭ་བའི་མཚན་ཙམ་འཛིན་པ་བླ་རྒན་མགོ་དཀར་གྱིས་གནའ་མཁར་སྲས་གླིང་དུ་༢༠༢༢.༡༠.༣ལ་བྲིས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྒྱལ་ཁ་གཞན་ལ་སྟེར་མི་ནུས་ལ་ཕམ་ཁ་རང་གིས་ཀྱང་འཁུར་མི་འདོད།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན། སྤེལ་དུས:2022/10/4
ཁྲིམས་ཀྱི་ཐད་ནས་ཚང་མ་འདྲ་མཉམ་ཡིན་ཚུལ་གོ་བ་དེ་དང་། རང་དོན་དུ་ཕམ་ཁ་ཁུར་བ་ཉམས་ལེན་ཡིན་ཞིང་། སྤྱི་དོན་དུ་གྱོང་ཁ་ཁུར་བ་ནི། སེམས་ཅན་གྱི་དོན་བློས་སྤང་པ་ཡིན་ཚུལ་རྟོགས་པ་དེས།
  རྒྱལ་ཁ་གཞན་ལ་སྟེར་མི་ནུས་ལ་ཕམ་ཁ་རང་གིས་ཀྱང་འཁུར་མི་འདོད།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན། སྤེལ་དུས:2022/10/4
ཁྲིམས་ཀྱི་ཐད་ནས་ཚང་མ་འདྲ་མཉམ་ཡིན་ཚུལ་གོ་བ་དེ་དང་། རང་དོན་དུ་ཕམ་ཁ་ཁུར་བ་ཉམས་ལེན་ཡིན་ཞིང་། སྤྱི་དོན་དུ་གྱོང་ཁ་ཁུར་བ་ནི། སེམས་ཅན་གྱི་དོན་བློས་སྤང་པ་ཡིན་ཚུལ་རྟོགས་པ་དེས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23570988
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།