མི་ཚེ་གཅིག་ལ་སྡུག་བསྔལ་ཆེན་པོ་གཅིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »མི་ཚེ་གཅིག་ལ་སྡུག་བསྔལ་ཆེན་པོ་གཅིག
མི་ཚེ་གཅིག་ལ་སྡུག་བསྔལ་ཆེན་པོ་གཅིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-02ལྟ་ཀློག (6404)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མི་ཚེ་གཅིག་ལ་སྡུག་བསྔལ་ཆེན་པོ་གཅིག

རྩོམ་འབྲི་བ།  ཨོ་རྒྱན། 

༢༠༢༠ལོའི་སྤྱི་ཟླ་༦ཚེས་༢༠དགོང་མོར་ངའི་ཨ་ཅེ་ཡིས་ང་ལ་གློ་བུར་དུ་ཁ་པར་བཏང་ཡོང་ནས། ཨ་མ་ལགས་ལ་ནད་ལྕི་མོ་ཞིག་ཕོག་སྟེ།    ད་ལྟ་སྨན་ཁང་དུ་བསྡད་ཡོད    ཁྱོད་མགྱོགས་པོར་དེ་རིང་ཡོང་ཐུབ་ན་བཟང་སྙམ།  སང་ཉིན་ཨ་མ་ཡོད་མེད་ཀྱང་མི་ཤེས་ཞེས་བཤད་བྱུང་བས།   དེ་འཕྲལ་སེམས་པ་འཚན་འཚུབ་ངང་དུ་རླངས་འཁོར་ཞིག་ལ་གླ་རིན་མཐོན་པོ་སྤྲད་ནས་དགོང་མོ་དེར་ཕ་ཡུལ་ཕྱོགས་སུ་ལམ་ལ་ཆས་པ་ཡིན།    ལམ་ནས་ས་རུབ་པའི་རྐྱེན་གྱིས་རླངས་འཁོར་ཁ་ལོ་བས་ཀྱང་ལེ་བར་བརྒྱ་ཕྲག་ཙམ་ལ་ལམ་ནོར་ཐེབས་པས།   ད་རེ་ཨ་མ་དྲིན་མོ་ཆེ་ངོ་འཕྲད་རྒྱུ་མ་རེད་བསམ་སྟེ།  མོའི་ཞལ་རིས་ཡིད་ལ་འཁོར་བཞིན་སེམས་ནང་དུ་མིག་ཆུ་རྡོག་འགའ་ལྷུང་། ནམ་ལངས་པ་དང་གཞི་ནས་འབར་ཁམས་སྨན་ཁང་དུ་འབྱོར།  

    ང་རང་ཐེངས་འདིར་ཨ་མ་ལགས་དང་མཇལ་དུས།  ཨ་མ་ལགས་སྨན་ཁང་དུ་ནད་ཁྲིའི་སྟེང་དུ་ཉལ་འདུག་ལ།   ང་རང་མཐོང་མ་ཐག་ངའི་ལག་པ་ནས་བཟུང་སྟེ།  ཁྱོད་ཐོན་སོང་ངམ།     བདེ་མོ་ཡིན་ནམ་གསུངས་ནས་ཐུགས་དགྱེས་དགྱེས་གནང་བར་མ་ཟད།   ཁྱོད་སློབ་གྲྭ་དེར་བསྡད་ན། དགེ་རྒན་ཁོང་གི་གསུང་ལ་ཉན་རྒྱུ་དེ་གཙོ་བོ་རེད། ཁྱོད་འདུག་ས་སོགས་དཀའ་ངལ་མེད་ན་དེ་རེད།   འོ་བཟང་གི་གསུང་བྱུང་།  དེ་མིན་སྐད་ཆ་གཞན་གསུང་ཐུབ་ཀིན་མི་འདུག          དེ་ནས་ངས་ཨ་མ་ལགས་ཉལ་སའི་་ནང་ནས་སྒོཕུད་ནས་གློག་སྐས་ཁར་ཐོན་དུས། ཐེངས་འདིའི་ཨ་མ་ལགས་ཀྱི་ནད་གཞི་ལྕི་མོ་ཡིན་པས།   རང་དབང་མེད་པར་ངའི་མིག་ཆུ་འཁུར་འགོར་བརྒྱུད་ནས་བཞུར་པ་ཚ་མོས་མཐོང་སྟེ། ཨ་ཞང་ཅི་རེད།   ཨ་ནེ་མི་དྲག་ནི་ཨེ་རེད་ཅེས་དྲིས་བྱུང་བས།     ངས་ཡུད་ཙམ་ལ་ལན་འདེས་མ་ཐུབ་པར་མགྲིན་པ་མཆི་མས་བརྣང་།  མ་སྲིང་བཞི་པོ་ཡང་གཅིག་ངོ་གཅིག་གིས་ལྟ་བཞིན་ལྷག   

དེ་ནས་ང་ཚོ་མིང་སྲིང་ཚོས་ཨ་མ་ལགས་ནུས་ཚོད་ཐུབ་ཚོད་ཀྱིས་འཆི་བདག་གི་ཁ་ནས་མྱུར་སྐྱོབ་བྱེད་པར་སེམས་ཐག་བཅད་ནས།  ཁྲིན་འདུའི་སྨན་ཁང་དུ་ཁྱེར་ནས་མྱུར་སྐྱོབ་ཁང་དུ་ཉིན་གསུམ་འགོར་རྗེས ད་གཟོད་རེ་བ་ཅི་ཡང་མེད་པར་ངེད་མིང་སྲིང་ཚོའི་སེམས་པ་སྟོང་སང་སང་ངང་།  ཨ་མ་ལགས་མྱུར་སྐྱོབ་སྨན་ཁང་ནས་སྒོར་བུད་དེ་ཡུལ་དུ་ལོག་དགོས་བྱུང་།     ཨ་མ་ལགས་ཀྱིས་མི་ཚེ་འདིར་ངེད་མིང་སྲིང་ལྔ་བོར་ཆེས་མཐའ་འཇུག་གི་སྐད་ཆ་དེ་བཤད་བྱུང་ལ།   ཐབས་ཟད་དང་འུ་ཐུག་ངང་སེམས་ཁོང་ལ་སྐྱོ་སྡུག་གིས་ནོན་ཏེ། ཅི་བྱ་གཏོལ་མེད་དུ་གྱུར་ནས་ཨ་མ་ལགས་ཀྱི་གམ་ལ་རུབ།  ཨ་མ་ལགས་ཀྱིས་ངེད་མིང་སྲིང་ལྔ་བོ་རེ་རེ་བཞིན་མིང་ནས་བོས་ཏེ་ཞིབ་གཟིགས་རེ་གནང་རྗེས།  ཁྱེད་ཚོ་མིང་སྲིང་ཚོས་མི་ཚེ་ཡག་པོ་ཞིག་སྐྱེལ་རོགས།    ངའི་ཁུག་མ་གང་ན་ཡོད།  དེའི་ནང་དུ་སྒོར་མོ་འགའ་ཡོད་པས  བློ་རྒྱན་ལ་སྟེར་དགོས  ཁོ་ལ་ངས་སྒོར་མོ་ཞིག་སྟེ་མ་མྱོང་གསུངས་བྱུང་།  

  ཤ་ཉེ་དང་ངེད་གཉིས་ཀྱིས་ཨ་མ་ལགས་བར་ལ་བཞག་ནས་ཕྱིར་རང་ཁྱིམ་དུ་ཐོན་པའི་རེ་བ་དང་བཅས་རླངས་འཁོར་ཕྱིར་ཕ་ཡུལ་དུ་ཤར་གཏོང་བྱས། ཡུན་རིང་མ་འགོར་བར་ཨ་མ་ལགས་ཀྱི་གནས་བབ་བཟང་རྒྱུ་མེད་པར་མ་ཟད།    ཁ་ཡང་གྲག་རྒྱུ་མེད་པར་གྱུར།  ཕ་ཡུལ་གྱི་སྣུམ་མཛོད་ཁང་གི་སྒོར་ཐོན་དུས།  ཨ་མ་ལགས་ཀྱིས་ངེད་མིང་སྲིང་ཚོ་ཤུལ་དུ་བསྐྱུར་ནས་གཏན་དུ་གཟིམས་པར་གྱུར།    ཉིན་འདི་འགར་ངེད་མིང་སྲིང་ཚོས་ནུས་ཚོད་དང་འཇོན་ཚོད་ཀྱིས་མ་དྲིན་མོ་ཆེའི་ཕྱོགས་ལ་དགེ་སྒྲུབ་བྱས།  ཨ་མ་ལགས་ཀྱི་གཟུགས་བྱད་དང་།  གོན་པ་གྱོན་སྟངས། སྐད་ཆ་བཤད་སྟངས  ཐ་ན་རང་གི་བུ་ལ་དགྱེས་འཛུམ་སྟོན་སྟངས་ཚུད་ཆད་མིག་ལམ་ལ་ཡང་ཡང་ཤར་ནས་རབ་ཏུ་དྲན་པ་བྱུང་།    ཡིན་ཡང་མ་དང་བུ་ཡི་བར་ཐག་ཚེ་འདི་ཕྱི་གཉིས་ཀྱིས་ཆོད་པའི་དུས་ཐོན་ཟིན་པས།    ད་ནི་ཨ་མའི་བཀའ་དྲིན་དྲན་ཡང་སྙིང་བོ་ཅི།       ཨ་མ་བདེ་བར་ཡོད་དུས་ཁ་ལན་ཚིག་བརྩི་དང་ཞབས་ཏོག་སྒྲུབ་རྒྱུ་ནི་ཇི་འདྲའི་གལ་ཆེ་ཨང་།      བསམ་གྱིན་བསམ་གྱིན་བུ་ངས་སླར་ཡང་མིག་ཟུང་བཙན་གྱིས་བཙུམ་ནས་ཨ་མ་ལགས་ཀྱི་ཕྱོགས་སུ་མ་ཎི་རེ་བཏོན་ནས་སྨོན་ལམ་གཙང་མ་རེ་རྒྱག་པ་ལས་བྱ་ཐབས་ཅི།   མི་རྟག་པའི་འཇིག་རྟེན་འདིར་ཇི་འདྲའི་དཀའ་བ་ལ་ཨང་།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501374
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།