ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (ལྔ་བ) རྩོམ་འབྲི་བ། ངག་དབང་རང་གསལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (ལྔ་བ) རྩོམ་འབྲི་བ། ངག་དབང་
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། (ལྔ་བ) རྩོམ་འབྲི་བ། ངག་དབང་རང་གསལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-09-23ལྟ་ཀློག (8400)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །གཙང་བ་བློ་གྲོས་རྣམ་རྒྱལ་མཆོག་གི་ལོ་རྒྱུས་མདོར་བསྡུས།

ངག་དབང་རང་གསལ། (མགོ་ལོག)

གླེང་གཞི། 

རེབ་འདིར། ངས་མཐར་ཕྱིན་ཆེད་རྩོམ་ལ་བླ་མ་གཙང་བ་བློ་གྲོས་རྣམ་རྒྱལ་ཚང་གི་ལོ་རྒྱུས་རགས་ཙམ་བྲིས། ཁོང་ནི་རང་ས་གནས་ཀྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་སྟབས། ཁོང་གི་སྐུ་ཚེའི་བརྒྱུད་རིམ་གྱིས་ད་ལྟའི་གཞོན་སྐྱེས་མང་བོ་ཞིག་ལ་བློ་བསྐྱེད་མི་དམན་པ་ཞིག་བྱིན་ཡོད་ལ། དེའི་ཕྱིར། ངས་ཀྱང་དཀའ་ལས་དང་དཀའ་ཚེགས་ལ་མ་འཛེམ་པར་ཁོང་གི་སྐུ་ཚེའི་བྱུང་རིམ་དག་རང་ནུས་ཅི་ལྕོགས་ཀྱིས་བྲིས། དེ་བཞིན་དུས་གསུམ་སངས་རྒྱས་གཅིག་ཏུ་འདུས་པའི་བདག་ཉིད་ཆེན་པོ་ཀུན་མཁྱེན་རིན་པོ་ཆེ་འདྲ་བའི་བླ་མ་གཙང་བ་བློ་གྲོས་རྣམ་རྒྱལ་ཚང་གི་རྣམ་ཐར་ཐུང་ངུ་ཞིག་བྲི་བར་བྱའོ། །

དང་བོ།  སྐུ་འཁྲུངས་ཡུལ་གྱི་གནས་བབ། 

དང་བོ་རུས་རྒྱུད་ཀྱི་ཐོག་མར་སྨུག་པོ་ལྡོང་ལས་ཆད་པས་ལྡོང་སང་དུ་གྲགས། དེ་རྗེས་ཤར་གཉན་པོ་གཡུ་རྩེའི་ཉེ་འདབས་སྔོ་མཚོ་ཞེས་པའི་འགྲམ་དུ་དུས་ཡུན་རིང་བོར་བསྡད་པའི་སྟབས་ཀྱིས་ཀུན་ལ་སྔོ་ཚང་ཞེས་གྲགས། 

དེའི་ཕྱིས་སུ། རིམ་ལ་སྔོ་དཀོན་མཆོག་དང་རྒྱ་ཚོགས་བཟའ་ལྷ་སྐྱིད་གཉིས་ལ་བུ་ཆེ་ཆུང་གཉིས་སྐྱེས། བུ་ཆེ་བ་དེ་ཉིད་བླ་མ་གཙང་བས་སྔོན་གྱི་ནུས་ལྡན་ལྷུན་གྲུབ་རྒྱ་མཚོ་ཞེས་པའི་ཡང་སྤྲུལ་ཡིན་ཚུལ་གྱི་སྒོ་ནས་བླ་མ་གཙང་བས་སྐུ་བདག་མཛད། བླ་མ་གཙང་བའི་གདན་ས་ཛམ་ཐང་དུ་སོང་ནས་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འཛིན་རྒྱ་མཚོའི་དྲུང་དུ་སྦྱོར་དྲུག་ཞུས། 

མཐར་གཙང་བའི་མངའ་ཐང་གཏད་དེ་གཙང་གོང་མའི་བླ་དཔོན་གཉིས་ཀ་མཛད། མཚན་ལ་ཡང་གཙང་བའི་སྐུ་ཆུང་ཞེས་སྙན་གྲགས་ཅན་ཞིག་ཏུ་གྱུར། འོན་ཀྱང་། རྗེ་དེ་ཉིད་དགུང་གྲངས་བཞི་བཅུ་ལྷག་ནས་སྐུ་མྱ་ངན་ལས་འདས། གཙང་བ་སྐུ་ཆུང་གི་སྐུ་ཐོག་མའི་ཐོག་མ་གླིང་གི་སྣང་ངུའི་སྐྱེ་བར་གྲགས། དེ་རྗེས་ཁོང་གི་སྤུན་ཆུང་བ་གཙང་བའི་དབང་ཆེན་འབུམ་དང་ཚ་བཟའ་ཚེ་རིང་སྐྱིད་གཉིས་ཀྱི་བུ་གཙང་བ་ངག་དབང་བློ་གྲོས་རྣམ་རྒྱལ་མེ་བྱི་ལོར་སྐུ་འཁྲུངས། ཁོང་ལས་ཆེ་བའི་བུ་ཞིག་འདས་སོང་བས་ཁོང་ཉིད་ཡ་མ་ཡིན། དེའི་སྐབས་ཀྱི་གཙང་བའི་བླ་ཚབ་ཨ་སྐྱོང་དུ་ཕེབས་པ་ངག་དབང་གསལ་བཟང་བཞད་པ་དེ་ཉིད་རྟོགས་པ་མཆོག་ལྡན་གྱི་སྐྱེས་བུ་དམ་པ་ཡིན་པས་ཁོང་ཉིད་དེར་སྐྱབས་ནས་སྲོག་འཚོ་བ་ཡིན། དེ་ནས་རིམ་བཞིན་ནར་སོན། དགུང་ལོ་བདུན་གྱི་ཐོག་ནས་མགར་བླ་གསུང་རབ་ཅེས་པ་དགེ་རྒན་དུ་བསྟེན་ནས་ཡི་གེ་བསླབས། དགུང་ལོ་བཅུ་ཙམ་གྱི་ཐོག་ཏུ་མགར་བ་བླ་མ་འཇམ་དབྱངས་མདུན་ནས་སྐྲ་ཕུད་ཞུས། ཆུང་དུས་ནས་ཁོང་ལ་རལ་བ་ཞིག་ཡོད་པ་འབྲེག་མ་དགོས་པར་རང་བཞིན་གྱིས་ལྷུང་སོང་བ་ཡིན། དེ་ཉིད་བླ་མ་རིན་པོ་ཆེས་རྟགས་ཧ་ཅང་བཟང་གསུངས་ནས་མིང་ལ་སྐལ་བཟང་ལྷུན་གྲུབ་གསོལ། ཁོང་ཉིད་མའི་མངལ་དུ་ཞུགས་སྐབས་མ་རྒན་གྱི་རྨི་ལམ་དུ་གཙང་བ་སྐུ་ཆུང་འོང་བ་སྣང་བས་སྐུ་ཆུང་གི་སྐྱེ་བ་ཡིན་ཞེས་བཤད། 

ཁོང་ཆུང་ངུའི་དུས་ནས་དཀོན་མཆོག་གསུམ་ལ་དད་པ་དག་སྣང་དང་སེམས་ཅན་ལ་སྙིང་རྗེ་ཆེན་པོས་གཟིགས། ཐ་ན་བྱིས་པ་རྩེད་མོ་རྩེ་བའི་སྐབས་སུའང་ལྷ་ཁང་མཆོད་རྟེན་རྩིག་པ་དང་སྐུ་གཟུགས་འབྲི་བའི་ལས་ལ་བརྩོན་པ་ཞིག་ཡིན། དེ་ནས་དགུང་ལོ་བཅུ་གཉིས་ཐོག་ཏུ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་མཚམས་པ་ངག་དབང་སྨོན་ལམ་བཟང་བོའི་མདུན་ནས་དུས་འཁོར་སྦྱོར་དྲུག་ཞུས་ཏེ་རྡོ་རྗེ་འཆང་འདི་ཉིད་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མར་བསྟེན། སེམས་བསྐྱེད་ཆོ་ག་གསུང་སྐབས་ཆོས་ཚན་དེ་ལ་གྲྭ་བ་རེ་རེ་བཞིན་མིང་བརྗེས། དེའི་སྐབས་སུ་ཁོང་རང་ཉིད་ཀྱིས་ཕྱག་བྲིས་མཛད་དེ་མཚན་ལ་ངག་དབང་བློ་གྲོས་རྣམ་རྒྱལ་ཞེས་བཏགས། 

དེ་ནས་ལོ་གཅིག་ལ་དགོན་པའི་ཁྲི་བ་བྱས། དབེན་གསུམ་སྐབས་འོད་གསལ་རྟགས་བཅུ་རིམ་བཞིན་རྫོགས་པའི་ཉམས་སྣང་ཤར། དེ་ལྟར་ཉམས་སྣང་གང་ཡོད་སོགས་བླ་མར་ཞུས་ཏེ་སྦྱོར་དྲུག་མཐར་ཕྱིན་པ་ཡིན། དུས་དང་རྣམ་པ་ཀུན་ཏུ་བླ་མ་རིན་པོ་ཆེའི་བཀའ་དང་ལེན་བྱས་པ་ལས་ཐུགས་ཅུང་ཟད་ཙམ་ཡང་དཀྲུགས་མ་མྱོང་། དགུང་ལོ་བཅོ་ལྔའི་ཐོག་རང་ཡུལ་དུ་བྱོན་པ་ནས་ཡོངས་གྲགས་སུ་གཙང་བ་སྤྲུལ་སྐུ་ཞེས་གྲགས། མདོར་ན་དུས་ཀུན་ཏུ་བླ་མ་རིན་པོ་ཆེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། ཕྱིར་མི་ལྡོག་པའི་དད་པ་དང་དག་སྣང་ཡོད་པ་ཞིག་ཡིན། ཆོས་མཐར་ཕྱིན་ནས་བླ་མ་དང་འབྲལ་སྐབས་རིན་པོ་ཆེས་ཕྱག་མགོ་ཐོག་ཏུ་བཞག་ནས་སྤྱན་ནམ་མཁར་གཟིགས་ནས་དུས་གསུམ་སངས་རྒྱས་འདུས་པའི་བདག་ཉིད་ཀུན་མཁྱེན་རིན་པོ་ཆེ་དང་འདྲ་བར་ཤོག་ཅིག་ཅེས་པའི་ཐུགས་སྨོན་རྒྱ་ཆེར་གནང་། 

ཁོང་གིས་བླ་མ་རིན་པོ་ཆེའི་ཞབས་སྤྱི་བོར་བླངས་ཏེ་མིག་ལ་མཆི་མ་འཁྱིལ་བཞིན་གང་དྲན་གྱི་སྨོན་ལམ་བྱེད་བཞིན། ཡབ་དང་སློབ་དཔོན་རྣམ་གཉིས་ཀྱི་ཕྱོགས་སུ་འཁོར་ནས་འོང་ཡང་། སེམས་བླ་མ་རིན་པོ་ཆེ་ལ་ཆགས་ནས་བཤུམ་བཞིན་འགྲོ་དགོས་བྱུང་། དེ་ནས་རེ་ཞིག་ཕ་ཁྱིམ་དུ་སྡོད་སྐབས་བླ་མ་ཞལ་བཞུགས་པའི་ལོ་གསུམ་བཞི་ཙམ་གྱི་དུས་སྐབས་ཡོད་ཀྱང་། ཡབ་དགུང་ལོ་ཆེ་བ་དང་ནད་གཞི་རེ་ཡོད་སྟབས་བླ་མ་བཀའ་དྲིན་ཅན་གྱི་མདུན་དུ་འདུག་པའི་སྐལ་བ་མ་ལྡན། 

འོན་ཀྱང་། ལོ་རེ་རེ་བཞིན་ཆགས་མེད་ཀྱིས་བླ་མ་རིན་པོ་ཆེའི་མདུན་དུ་འཚམས་འདྲིར་སོང་། ཁོང་གིས་ཀྱང་ཐུགས་དགྱེས་དགྱེས་མཛད། དེ་ནས་ཉིན་འཕྲིན་བཏང་སྟེ་ཁྱོད་མྱུར་བར་སྐུ་མདུན་དུ་ཐོན་དགོས་ཞེས་བརྡ་འབྱོར་བས། ཁོང་གི་དགེ་རྒན་དང་བླ་མ་ཚུལ་ཁྲིམས་དཔལ་ལྡན་ཁོང་རྣམ་པ་གསུམ་འཕྲལ་དུ་ལམ་ལ་ཆས་ཏེ་སོང་ནས་སྐུ་མདུན་དུ་ཐོན་སྐབས། འོ་བཟང་། ད་ནི་ཆོས་སྐྱོང་གཟའ་མཆོག་རིན་པོ་ཆེའི་དབང་སྐུར་རན་ཡིན། ཡང་ཡང་བསྐུར་བའི་དུས་སྐབས་ཨེ་ལྡན་མི་ཤེས་ཞེས་གསུངས། 

མཁན་རྒན་གསང་སྔགས་རིན་པོ་ཆེ་བྱོན་ནས་དབང་གི་ལག་ལེན་མཛད། ཁོང་གི་ཚ་བོ་རིན་བཟང་དང་སློབ་བུ་སྦུ་ཚ་བླ་མ་ཡེ་ཤེས་བཟང་། སྦྲ་ཆེའི་བླ་མ་ཚུལ་ཁྲིམས་དཔལ་ལྡན། ཀྱ་པུ་བླ་མ་རིན་ཆེན་བཟང་རྒྱ་ནག་རི་བོ་རྩེ་ལྔ་ནས་ཕྱིར་བྱོན་ནས་བླ་མ་རིན་པོ་ཆེ་ལ་འཚམས་འདྲིར་ཡོང་བ་སོགས་དུས་གཅིག་ཏུ་ཁེལ། ཁོང་རྣམ་པ་ཚོས་མཉམ་དུ་ཆོས་སྐྱོང་གི་སྲོག་དབང་ཞུས་པ་ཡིན། དེའི་ནུབ་མོར་ས་དེར་ཐོག་འབྲུག་སེར་གསུམ་བྱས་ཏེ་ས་སྙིལ་རི་འགུལ་བ་ལྟ་བུའི་ཆོ་འཕྲུལ་བྱུང་། དེའི་ཕྱི་ཉིན་སྔ་མོར་བླ་མ་རིན་པོ་ཆེའི་ཁམས་འདྲིར་ཁོང་བྱོན་སྐབས། ཁོང་གི་ཁམས་ཧ་ཅང་དྭངས་འདུག མདང་གི་གནས་ཚུལ་དེ་དག་ནི་ཐོག་སེར་སྐྱིན་ཐང་འབེབས་པའི་མཐུ་རྩལ་ཅན་ཞེས་པ་ལྟར། ཁྱབ་འཇུག་ཆེན་པོ་གྲུབ་པའི་རྟགས་ཡིན་ཞེས་གསུངས། ཉིན་འགའ་རེར་བླ་སློབ་ལྷན་དུ་དགའ་སྤྲོའི་ངང་སྐྱིད་པོ་བྱས། 

དེ་ནས་ལོ་ཞིག་ལ། གཙང་བ་བློ་གྲོས་རྣམ་རྒྱལ་ལ་ནད་གཞི་ལྕི་མོ་ཞིག་བྱུང་ནས་ཉིན་གཅིག་ཕྱི་སྣང་བའི་རྟོག་པ་རགས་པ་ཐམས་ཅད་འགག་སྟེ་ནང་གི་ཤེས་པ་ཕྲ་མོའང་འཇིག་ལ་ཉེ་བའི་སྐབས་སུ། བཀའ་དྲིན་ཅན་གྱི་བླ་མ་ཁྱབ་བདག་སྨོན་ལམ་བཟང་བོ་དེ་ཉིད་འཇའ་འོད་སྣ་ལྔ་འཁྲིགས་པའི་དབུས་སུ་བཞུགས་ནས་དབུ་ལ་རྩེ་ཞྭ་གསོལ་ཞིང་། ཕྱག་གཉིས་སྐྱབས་སྦྱིན་མཛད་དེ་ཁོང་གི་མདུན་གྱི་ནམ་མཁར་བྱོན་ཏེ། ཞལ་འཛུམ་བག་གི་ངང་ནས་འདི་ལྟར་གསུངས། མི་ཟད་ལས་ཀྱི་མཐུ་སྟོབས་ཀྱིས། །མི་ཁོམ་གནས་སུ་སྐྱེས་གྱུར་ན། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཆོས་ཀྱི་བདུད་རྩི་སྦྱིན་པར་ཤོག ། ཅེས་གསུངས་ཏེ་དབྱིངས་སུ་ཐིམ་པའི་སྣང་བ་ཤར། 

དེ་ནས་འཕྲལ་དུ་ཁོང་ཉིད་གཉིད་སད་པ་ལྟར་སྣང་བ་སླར་རྙེད་སྐབས་མུན་རུབ་ནས་དུས་ཅུང་ཟད་འདས་འདུག དེ་ལྟར་བླ་མ་རྡོ་རྗེ་འཆང་གི་ཐུགས་རྗེས་ཁོང་བར་ཆད་ཀྱི་རྐྱེན་ལས་རྣམ་པར་རྒྱལ་བའི་བཀའ་དྲིན་དེ་ཇི་སྲིད་བར་དུ་བརྗེད་རྒྱུ་མེད་པར་གྱུར། དེ་ནས་བླ་མ་རིན་པོ་ཆེའི་མདུན་དུ་ཁོང་སོང་ནས་ལོ་རྒྱུས་དེ་ལྟར་ཞུས་པ་ལ་ཅུང་ཟད་བཞད་པའི་ཉམས་ཀྱིས་འོ་བཟང་གི་གསུངས། 

དེ་ལས་གཞན་གང་ཡང་མ་གསུངས། ཡར་སྔོན་ཁོང་སྦྱོར་དྲུག་སྐབས་ཀྱི་ཉིན་ཞིག་ལ་ཁོང་དང་ཚུལ་མཆོག་གཉིས་ཕྱག་སྐྱོར་ཡིན་པས་གྲོས་ཐུན་གྲོལ་བའི་ཕྱག་སྐྱོར་དུ་སོང་སྐབས། ཁོང་ཉིད་ཕྱག་ཁྲིའི་སྟེང་དུ་བཞུགས་འདུག་ཡོད་པ་ཁོང་གཉིས་ཀྱིས་ཕྱག་གཡས་གཡོན་ནས་འདེགས་སྐབས་ཁོང་ནི་ཅི་དྲན་མེད་པར་སྣང་བ་འགག་ཙམ་གྱིས་སར་ལོག་སོང་ཡང་ཤེས་པ་ཕྲ་མོ་ཞིག་གིས་བླ་མའི་སྐུ་ལུས་ལ་གནོད་པ་ཞིག་བསྐྱལ་ཨེ་བཏང་ངམ་བསམ་པ་སྐྱེས། 

མཐར་གཉིད་སད་པ་ལྟར་གྱེན་ལ་ལངས་སྐབས། ཁོང་གིས་སྤྱན་གྱིས་གཟིགས་ཤིང་བཞད། ཁྱོད་ལ་ཇི་འདྲ་ཞེས་གསུངས། ཁོང་གིས་དེ་ལྟར་ཞུས་པ་ན། འོ་ཅི་ཡང་དོགས་པ་མི་དགོས་ཐིག་ལེ་བརྒྱལ་བ་རེད་ཅེས་གསུངས། མདོར་ན་དུས་དང་རྣམ་པ་ཀུན་ཏུ་རྐྱེན་དབང་དུ་མ་བཏང་བ་འདི། མཚན་བརྗོད་པར་དཀའ་བ་ཁྱབ་བདག་བླ་མ་མཚམས་པ་ངག་དབང་སྨོན་ལམ་བཟང་པོའི་བཀའ་དྲིན་ཐུགས་རྗེ་ཡིན་པ་སྨོས་ཅི་དགོས། དེ་ནས་ལོ་རེ་གཉིས་ཀྱི་མཚམས་སུ། བླ་མ་རིན་པོ་ཆེ་ཁམས་ཅུང་ཟད་མི་བདེ་བའི་བརྡ་ཐོན་ནས་ཁོང་ཅག་བླ་གྲྭ་བརྒྱ་ཙམ་སོང་ནས་རིན་པོ་ཆེའི་ཞབས་བརྟན་དུ། དུས་འཁོར་དབང་སྟོང་། སྨན་བླ་སྟོང་མཆོད་སོགས་ཕུལ་བས་སྐུ་ཁམས་དྭངས་ཚུལ་མཛད་དེ་ཁོང་ཅག་བླ་སློབ་ཀུན་གྱིས་དགའ་སྤྲོའི་ངང་ནས་ཚོགས་འཁོར་རྒྱ་ཆེན་བསྐོར། 

ཕྱིས་སུ་དགུང་ལོ་ཞེ་དགུའི་ཐོག་ལ་རང་ཡུལ་གཙང་སྐོར་དུ་བྱོན་ནས་སྔོན་གྱི་དམ་པ་གོང་མ་རྣམས་ཀྱི་སྐུ་རིང་ནས་ཆོས་གཞི་ཡོད་པ་དེ་ཉིད་བསྐལ་བ་དང་དུས་སྐབས་ཀྱི་འཕོ་འགྱུར་དབང་གིས་ཉམས་པ་དེ་སླར་གསོ་བའི་རེ་ལྟོས་བྱས་ཏེ། ས་གནས་ཀྱི་ཏང་སྲིད་ཁག་ལ་ཡར་ཞུ་དང་རེ་བ་ཞུས་ནས་སྲིད་ཇུས་ནང་ལྟར་ལག་ལེན་བརྒྱུད་དེ་ད་ལྟའི་བར་རང་རེ་ཇོ་ནང་བའི་ཆོས་གཞི། ངེས་དོན་བསམ་འགྲུབ་གླིང་ཞེས་པ་ཡོངས་གྲགས་ལ་ཁྲ་ཡུལ་ལུང་ལེབ་དགོན་ཞེས་པར་གྲགས་སོ། །

མཇུག་གཏམ། 

ཐེངས་འདིར་རང་ལ་འོས་བབ་ཀྱིས་དབང་གི་བླ་མ་གཙང་བ་ཚང་གི་ལོ་རྒྱུས་ཤིག་བྲིས་པ་ཡིན། དེ་ནི་ཁོང་གི་ལོ་རྒྱུས་ཁ་ཤས་དང་ཁོང་དང་འབྲེལ་ཟབ་ཀྱི་མི་རྣམས་ལ་བཅར་འདྲི་བྱས་མཐར་བྲིས་ཤིང་། ཁོང་ནི་དུས་རབས་རྙིང་བའི་བླ་མ་ཡིན་པས་ཁོང་གི་རྩ་བའི་བླ་མར་བསྟེན་ཚུལ་དང་བླ་མར་དད་གུས་བྱེད་ཚུལ་སོགས་ང་ཚོ་གཞོན་སྐྱེས་ཡོངས་ཀྱི་རེ་ལྟོས་དང་སློབ་སྦྱོང་བྱས་ཆོག་ཆོག་ཡིན། 

མདོར་ན། ངས་ཐེངས་འདིར་མགོ་མཇུག་མི་ཚང་བའི་ཁོང་གི་ལོ་རྒྱུས་ཐན་ཐུན་ཞིག་བྲིས་པ་དེ་གཅིག་པུ་མི་བལྟ་བར་ཁོང་གི་མཛད་རྣམ་ཆ་ཚང་ཞིག་གཟིགས་རོགས་ཞུ། མཐར་བདག་གིས་རང་ནུས་ཅི་ལྕོག་གིས་བྲིས་པའི་རྗེ་བླ་མའི་རྣམ་ཐར་ཕྲན་བུ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་བཀྲ་ཤིས་སྨོན་ལམ་འདེབས། 




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573589
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།