དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱི་དྲྭ་ལམ་འཆད་ཁྲིད་ཟིན་བྲིས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱི་དྲྭ་ལམ་འཆད་ཁྲིད་ཟིན་བྲིས།
དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱི་དྲྭ་ལམ་འཆད་ཁྲིད་ཟིན་བྲིས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-09-04ལྟ་ཀློག (6962)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་མདོ་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སློབ་མ་དང་ཁྱིམ་བདག་རྣམས་ལ་གནང་བའི་དྲ་ལམ་འཆད་ཁྲིད་ཟིན་བྲིས།

ཟིན་འགོད་པ།  རྭ་རྒྱ་གསེར་སྨྱུག

    ཁྱིམ་བདག་རྣམ་པས་ལོ་ངོ་བཅུ་གཉིས་ཀྱི་གོ་རིམ་ཁྲོད་རང་གི་སྙིང་ནས་བརྩེ་བའི་བུ་དང་བུ་མོ་ཚོ་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཅས་ལ་དཀའ་སྤྱད་འབད་འབུངས་ཀྱིས་སློབ་གྲྭར་བསྐྱལ་ནས་ད་ལྟ་རིམ་གྱིས་སློབ་གཉེར་མཐར་ཕྱིན་པ་རེད། སྐབས་འདིར་ཡིག་ཚན་དང་རྩིས་ཚན་མ་གཏོགས་ཆེད་ལས་གཞན་དམིགས་བསལ་བ་ཞིག་མེད། རྗེས་སུ་ཡིག་རྒྱུགས་འཕྲོད་ཟིན་པས་རང་རང་གི་འདམ་ཀ་དང་སྐར་འབྲས་ཀྱི་མཐོན་དམན་ལྟར་སློབ་ཆེན་དག་ལ་འགྲོ་ཐུབ་པའི་གོ་སྐབས་ཐོབ་པ་རེད།  སློབ་མ་རང་རང་གི་འདོད་མོས་དང་དགའ་ཕྱོགས་མི་གཅིག་པས་ཆེད་ལས་རེ་བདམས་པ་རེད།  

    སྤྱིར་སློབ་གྲྭ་ཆེན་མོའི་ར་བ་ན་ཀུ་ཡངས་དང་རང་བསམ་གྱི་ཁོར་ཡུག་དང་འབྲེལ་བསམ་རྒྱ་ཆེ་ཞིང་ཁོད་ཡངས་པ་ཞིག་ཡིན་པས། རང་ཉིད་ཀྱི་བསམ་ཤེས་དང་བློ་རིག་སྒྲིམ་ནས་སློབ་གཉེར་དང་དཔལ་འབྱོར་འགྲོ་གྲོན་ཐད་ལ་གཅེས་སྐྱོང་ལེགས་པོ་ཞིག་གནང་དགོས་པ་ཡིན། འདིར་ང་ཚོས་ངེས་པར་དུ་འདང་རྒྱག་དགོས་པ་ཞིག་ནི། དཔལ་འབྱོར་གྱི་ཡོང་ཁུངས་དང་འགྲོ་གྲོན་ཡིན།སློབ་མའི་སློབ་ཡོན་དང་འགྲོ་གྲོན་འདི་ཡང་དེ་རིང་ཨ་ཕའི་སྒོར་ཆིག་སྟོང་རེ་སྦྱིན། སང་ཉིན་ཨ་མའི་སྒོར་སྟོང་ཕྲག་རེ་བྱིན།ད་དུང་གཉེན་ཉེ་སོགས་ཀྱིས་གང་འདོད་ལྟར་སྟེར་མི་རུང་ལ། །  དེ་ཡང་ཐབས་དང་སྦས་བའི་ཚུལ་གྱིས་སྦྱིན་པ་དེ་འདྲ་མ་ཡིན་པར། དངོས་སུ་གང་མཁོ་བ། ངེས་པར་དུ་སྟེར་དགོས་པ་ཞིག་ཡིན་ན།  སློབ་མ་རང་རང་གི་ཕ་མ་གཙོས་ཁྱིམ་མི་དག་གིས་ངེས་པར་དུ་ཤེས་དགོས་པའི་གལ་གནད་ཅན་གྱི་བྱ་བ་ཞིག་ཡིན།  རྒྱུ་མཚན་གང་ཞེ་ན། སློབ་མ་ལ་ལའི་ནང་དུ་དཔེ་ཆ་ཉུང་ལ་སྒེག་རྫས་མང་བས། སྐྲ་ཡི་ཁ་དོག་འགྱུར་ཞིང་མིག་མདངས་སྔོན་པོར་ཆགས་ཀྱིན་པའང་ཡོད། སྤྱིར་ན་བྱུག་རྫས་སོགས་རྒྱན་ཆའི་རིགས་དགོས་མོད་ཀྱང་།   ཚད་དང་རན་པ་ལུགས་དང་མཐུན་པ་ཞིག་བེད་སྤྱོད་གཏོང་རྒྱུ་གལ་ཆེ། འདིའི་སྐོར་ལ་རང་གི་ཕ་མའི་གཟབ་ནན་གྱིས་སློབ་གསོ་གཏོང་དགོས་པ་ཡིན། དེ་ལྟར་མ་བྱས་ན་ཀུན་སྤྱོད་འགྱུར་ནས་ལྟ་བ་འགྱུར་གྱིན་ཡོད་པ་ཡིན།

    སློབ་ཆེན་སློབ་མ་རེ་རེའི་སློབ་ཡོན་རབ་ཡིན་ན་ཁྱིམ་མི་གཅིག་གིས་སྤྲོད་ཐུབ་པ་ཡིན་ན་ཤིན་ཏུ་ལེགས་པ་ཡིན། ནང་མི་གཞན་གྱིས་སྦྱིན་ན་ཡང་གོང་གི་ཁྱིམ་མི་གཅིག་པོ་དེ་བརྒྱུད་ནས་བྱིན་ན་ཤིན་ཏུ་ལེགས་པ་ཡིན། སྒོར་མོ་སྦྱིན་མཁན་དེས་ཀྱང་། རྩད་ཞིབ་དང་འཆར་གཞི་ཡོད་པ། རྩིས་ཁྲ་ཡོད་པ་ཞིག་གལ་གནད་ཆེ་བ་ཡིན།  དེའི་ཕྱིར་ཟླ་བ་རེ་རེའི་འགྲོ་གྲོན་དེ་ཡང་ཚད་གཞི་དང་ཚོད་རན་པ་ཞིག་འཚོ་བ་མཐའ་མ་ལྷུང་བར་ལྟོགས་སྐོམ་མེད་པ་ཞིག་གལ་ཆེ། སྤྱིར་ན་སློབ་མ་རེ་རེས་ཀྱང་བསམ་བློ་ནན་གྱིས་བཏང་ན་དཔལ་འབྱོར་གྱི་ཡོང་ཁུངས་འདི་རང་གི་གཉེན་ཉེའི་དཀའ་སྤྱད་དང་རྔུལ་ཆུའི་ཁྲོད་ད་གཟོད་རྙེད་པ་ཞིག་ཡིན་པའི་ཕྱོགས་ལ་ཞིབ་འདང་ཟབ་མོ་ཞིག་རྒྱག་དགོས། ཁྱིམ་བདག་རྣམས་ཀྱིས་ཀྱང་གུང་གསེང་དང་ལོ་སར་སྐབས་ཡིན་ན། སློབ་མ་རེ་རེར་རང་གི་ཁྱིམ་ཚང་གི་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་སྐོར། ལོ་སར་གྱི་ཅ་དངོས་སོགས་ཉོ་རུ་མངགས་རྒྱུ་གལ་ཆེ།  རྒྱུ་མཚན་རང་གི་ཕ་མ་གཙོས་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཡོང་འབེབས་དང་འགྲོ་གྲོན་འདི་ཡང་སློབ་མ་རང་རང་གི་གསལ་བོ་ཞིག་ཤེས་ན་དགེ་མཚན་ཧ་ཅང་ལེགས་པ་ཡིན། དེ་ལྟར་བྱས་ན་སློབ་མ་ཚོ་ཡང་རང་རང་ལ་ཉམས་མྱོང་དང་ལག་ལེན། བསམ་ཤེས་ཀྱི་ཚོར་བ་བཅས་ཡོང་སྲིད། ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ཚོ་གྲོགས་བཟང་ངན་ལ་འགྲོགས་པའི་ཤུགས་རྐྱེན་ཐད་ལ་ཡང་ཐུགས་བསམ་ནན་མོ་ཞིག་གཏོང་དགོས་པ་ཡིན།  སློབ་མ་ལེགས་མིན་དེ་ཡང་སློབ་གྲྭ་དང་དགེ་རྒན་ཁོ་ན་ཙམ་མ་ཡིན་པར་ཕ་མ་དང་ཁོར་ཡུག་ལའང་འབྲེལ་བ་ཡོད་པ་ཞིག་ཡིན། སློབ་གྲོགས་བཟང་ངན་ལ་ཡང་འབྲེལ་བ་དམ་ཟབ་ཡོད།  

    སྤྱིར་ན་སློབ་ཆུང་ནས་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་དངོས་ཤུགས་བརྒྱུད་གསུམ་ནས་འཇམ་རྩུབ་གཉིས་ཀྱིས་བསྐྱངས་པའི་དགེ་རྒན་དང་ཕ་མ་སློབ་གྲོགས་སོགས་ཡིན་མོད།  སློབ་ཆེན་སྐབས་འདིར་ཐོན་དུས། སློབ་སྐབས་བརྗེ་སྤོར་དང་འདམ་ཀ་ནོར་མིན་འདི་ཡང་སློབ་ཆུང་ནས་གོ་རིམ་མ་ནོར་བ་ཞིག་གཅེས་སུ་འོས་པ་ཡིན།  འདི་དག་ལས་རང་གི་དམིགས་ཡུལ་གཏན་ཆགས་སུ་བྱེད་ཐུབ་པ་ཡིན། དགེ་མཚན་དང་གྲུབ་འབྲས་ཀྱང་བླ་ལྷག་ཏུ་ཐོབ་པ་ཞིག་ཡིན། སློབ་ཆེན་སྐབས་སློབ་ཐུན་འགའ་རེ་ངེས་པར་དུ་སྦྱང་དགོས་ཀྱང་རྗེས་སུ་ཕན་ཐོགས་མིན་གཉིས་དབྱེ་ཆོག འོན་ཏེ་སློབ་ཚན་ནང་གོ་སྒྲིག་མ་ཐོབ་ཀྱང་ཟུར་དུ་སློབ་ཚན་གཞན་དང་དཔེ་དེབ་གཞན་ལ་ལྟ་ཀློག་ཅི་ཙམ་ཐོབ་པར་འབད་བརྩོན་ཤུགས་དྲག་གནང་རྒྱུ་གལ་ཆེ་བ་ཡིན། ཨ་མའི་བུ་ལ་བརྩོན་པ་དང་ཤེས་རབ་ཡོད་ན་སློབ་ཆེན་ལོ་ངོ་བཞི་ཡིན་ཡང་།  ལོ་གསུམ་དང་གཉིས་ནས་མཐར་ཕྱིན་ཡང་སྲིད།འོན་ཏེ་སློབ་ཚན་ཆ་ཚང་འགྲོ་དགོས་པ་ཞིག་ཡིན།

    སྤྱིར་དྲ་ལམ་རིག་གནས་ཤེས་བྱ་གང་སྦྱང་ན་ཆོག་མོད། གཙོ་ཕལ་གྱི་དབྱེ་བ་མ་ནོར་བའི་ངང་ནས་སློབ་དགོས།  དེའི་ཕྱིར་དགོན་པ་དང་སློབ་གྲྭ་ཚོགས་སྤྱི་བྱས་ནས་སློབ་གཉེར་གནང་སྲོལ་འདི་ཡག་པོ་ཡིན། དེ་མ་གཏོགས་ང་ཚོ་མི་རེ་རེར་ལེ་ལོ་དང་རྣམ་གཡེང་སོགས་ཀྱི་རྐྱེན་པས་སློབ་གཉེར་མཐར་སོན་པ་ཞིག་དཀའ་མོ་རེད། སློབ་གྲོགས་ནང་ཕན་ཚུན་ལ་ཡང་སློབ་མ་རེ་རེའི་སློབ་གཉེར་གནང་ཚུལ།  དུས་ཚོད་དམ་འཛིན་བྱེད་ཕྱོགས། འགྲོ་འདུག་སྤྱོད་ལམ་ལ་ངེས་པར་དུ་ང་ཚོས་སློབ་སྦྱོང་དང་མིག་ལྟོས་བྱེད་དགོས་ས་མང་པོ་ཡོད། འདི་ཡང་ང་ཚོས་སློབ་སྦྱོང་ཞིག་ཡིན། ཉམས་མྱོང་ཞིག་ཡིན།  སློབ་ཆེན་སྐབས་སུ་གཞུང་གི་གོ་སྒྲིག་དང་འཆར་གཞིའི་འོག་འཚོ་བ་རོལ་དགོས་པ་ཞིག་ཡིན་མོད། ང་ཚོས་མི་རེ་རེའི་ཟས་སྤྱོད་ལེགས་པོ་ཞིག་བསྟེན་དགོས་པ་ཡིན།  ཚོད་རན་པ། ལུས་ཕུང་ལ་འཕྲོད་པ། ལྟོ་འགྲངས་པ་བཅས་བྱེད་དགོས། ཡིན་ན་ཡང་ཤ་དང་སྐོམ་ཆུ་སོགས་བསྟེན་པ་མང་དྲག་ན་རང་གི་ལུས་བོ་བདེ་ཐང་ཐད་གནོད་པ་འབྱུང་སླ་བས་ང་ཚོས་ངེས་པར་དུ་གཟབ་ནན་གྱིས་སྤྱོད་ཤེས།  བསྟེན་ཤེས་བྱེད་རྒྱུ་གལ་ཆེ།  ཟས་སྤྱོད་རན་པ། ལུས་ཕུང་ལ་འཕྲོད་པ།   དཔལ་འབྱོར་ལ་མི་གནོད་པ་བཅས་བྱེད་དགོས།

སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། 
     སློབ་མ་སུ་ཞིག་ཡིན་ནའང་སློབ་གྲྭ་དེའི་དཔེ་མཛོད་ཁང་ཤེས་དགོས་པ་མ་ཟད་རང་གི་ཆེད་ལས་དང་འབྲེལ་བའི་ཤེས་བྱ་འཚོལ་དགོས།  སྤྱིར་དཔེ་ཆ་གང་ལ་ལྟ། ཚུལ་ཇི་ལྟར་དུ་ལྟ། ལྟ་བའི་དམིགས་ཡུལ། དགོས་པ། གྲུབ་དོན་སོགས་ཤེས་རྒྱུ་གལ་ཆེ།  མ་མཐའ་ཡང་གཟའ་འཁོར་རེ་དང་ཡང་ན་ཟླ་གཅིག་ལ་དཔེ་དེབ་ཚད་ལྡན་རེ་ངེས་པར་དུ་ལྟ་ཀློག་བྱེད་དགོས་པ་མ་ཟད། དཔེ་ཆའི་གདམ་ཀ་མ་ནོར་བ་ཞིག་ལྟ་དགོས། ཆེད་ལས་གཅིག་བདམས་ནས་དཔེར་ན་བོད་ཡིག་ལྟ་བུ་གཅིག་བདམས་ན་ཡང་ཡིག་རིགས་གཞན་དང་མཁས་པ་གཞན་གྱི་དགོངས་ཚུལ་དང་འགྲེལ་ཕྱོགས་ལས་རང་ཉིད་ཀྱིས་ཤེས་བྱ་འཚོལ་རྒྱུ་གལ་གནད་ཆེན་པོ་ཞིག་ཡིན། 

     ཁྱད་པར་དུ་དེང་གི་སྐབས་འདིར་ང་ཚོས་གློག་ཀླད་དྲ་རྒྱ་ཁ་པར་སོགས་ཀྱི་འགྲོ་གྲོན་དང་ཕན་གནོད་བཅས་ཀྱི་སྐོར་ལ་ཡང་ཞིབ་བརྩིས་ནན་མོ་རྒྱག་དགོས།སློབ་ཆུང་ནས་མཐོ་འབྲིང་བར་ཁ་པར་དང་དཔལ་འབྱོར་སོགས་དེ་ཙམ་གྱིས་འགྲོ་གྲོན་ཆེན་པོ་མེད་ཀྱང་སྲིད།  སློབ་ཆེན་སྐབས་ནས་དེ་དག་སྤྱོད་སྒོ་ཆེ་ཞིང་ཡུན་རིང་བ་ཞིག་ཡིན། ཁ་པར་འདི་ལས་ང་ཚོས་འདྲེ་དང་གདོན་ལ་འབྲེལ་འདྲིས་བྱས་ཡོད་ལ།ལྷ་དང་ཀླུ་ལ་ཡང་ཡོད།  སློབ་ཁྲིད་སོགས་ལེགས་པའི་ཕྱོགས་དེར་བཀོལ་སྤྱོད་བྱས་ན་ང་ཚོར་མཁོ་གལ་ཆེ་བའི་རིགས་ལམ་དང་བཟང་སྤྱོད་མདུན་དུ་སྐྱེལ་གྱིན་ཡོད་ལ། དེ་ལས་ལྡོག་ཏེ་མི་ལེགས་པ་དང་ཉེས་བའི་སྐོར་ལ་བེད་སྤྱོད་བཏང་ན་ཡང་། ང་ཚོའི་མིག་མདུན་གྱི་དུས་ཚོད་དང་། དཔལ་འབྱོར། སློབ་གཉེར་གྱི་གོ་སྐབས། མི་ཚེའི་རིན་ཐང་སོགས་རྩ་ཆེ་བའི་བྱ་བཞག་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་བཞིན་ཡོད་པས་ཧ་ཅང་གཟབ་དགོས་སའི་གནས་ཤིག་ཡིན། ཁྲིམས་ལུགས་དང་འབྲེལ་བའི་ཤེས་བྱ་གལ་ཆེ་བ།  སྒྲིག་བརྩི་ཁྲིམས་སྲུང་ནན་མོ་བྱེད་དགོས། 

     ཁྱད་པར་དུ་དེང་སྐབས་དྲ་རྒྱའི་གཡོ་འོག་ཏུ་ཚུད་ནས་རྒྱུ་ནོར་ལ་གྱོད་གུད་ཐེབས་ནས་ཅི་བྱ་གཏོལ་མེད་དུ་གྱུར་བཞིན་པའང་མང་པོ་ཡོད་པས་ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ཡིན།  རྒྱལ་ཁབ་ཀྱི་ཁྲིམས་དང་སློབ་གྲྭའི་ཁྲིམས་སྲོལ་ཤེས་བྱ་དག་ནན་ཏན་གྱིས་སློབ་དགོས། ས་གནས་མི་གཅིག་རུང་འཛིན་གྲྭ་གཅིག་པས་སློབ་མ་རྣམས་ནང་ཕན་ཚུན་ལ་བརྩི་སྲུང་དང་གུས་བཀུར་ལེགས་པོ་བྱ་རྒྱུ་གལ་གནད་ཆེ།  ལྷག་པར་དུ་དེང་གི་སྐབས་འདིར་ནད་ཡམས་དང་འབྲེལ་བའི་འགོག་སྲུང་ཤེས་བྱ་དང་རང་ཉིད་སྲུང་བ། སྒྲིག་ཁྲིམས་སྲུང་བ།  ཁོར་ཡུག་ལ་གཅེས་སུ་འོས་པའི་མྱི་ཡ་རབས་ཚུལ་མཐུན་ཞིག་བྱ་རྒྱུ་གལ་ཆེ་བ་ཡིན།  སློབ་མ་རྣམས་ཀྱིས་རྒྱ་ཡིག་རྒྱ་སྐད་སློབ་དགོས་ལ། རང་གི་སྐད་ཡིག་སྦྱངས་པ་ནན་ཏན་བྱེད་དགོས། རིག་གནས་གང་ཞིག་གི་རིན་ཐང་མངོན་འགྱུར་བྱེད་དགོས་ན། རང་སྐད་རང་ཡིག་ལ་སློབ་དགོས་པ་ཡིན། རིན་ཐང་གི་ལྟ་བ།རིག་གཞུང་གི་སྙིང་ནོར་དག་ཤེས་དགོས་ན།་སྐད་ཡིག་ལས་མངོན་འགྱུར་བྱེད་ཐུབ་དགོས།  འཛམ་གླིང་སྤྱི་བའི་སྐད་ཡིག་དང་འབྲེལ་བའི་ཤེས་བྱ་ལ་ངེས་པར་དུ་ང་ཚོས་སློབ་སྦྱོང་བྱེད་དགོས།  དེང་སྐབས་ཕྱི་ཡིག་དང་ཕྱི་སྐད་མ་ཤེས་པར་རྒྱལ་སྤྱིའི་སློབ་གླིང་དུ་འགྲོ་མི་ཐུབ་པས།  རང་ཉིད་ལ་གོ་སྐབས་ཡོད་ལ་དུས་ཚོད་རག་ན་ལྷག་ཏུ་བསླབ་དགོས་པ་ཡིན། དཔེར་ན་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་མ་ཤེས་ན་ཕན་ཚུན་ལ་བརྡ་མི་འཕྲོད་པ་བཞིན་ཡིན། 

     སྐད་ཆ་གཅིག་དང་ཡིག་རིགས་གཅིག་གིས་ས་ཁུངས་མི་ཆོད།  རྗེས་སུ་མཐར་ཕྱིན་འཛིན་ཡིག་དང་བསླབ་གནས་དཔང་ཡིག་ཐོབ་མིན་སོགས་མང་པོ་ཞིག་འདུག མཐར་ཕྱིན་དཔང་ཡིག་ཐོབ་ཀྱང་ལས་རིགས་གཞན་དག་ལ་བསླབ་གནས་སོ་སོར་ཐོབ་དགོས་པ་ཡིན། དཔེར་ན་རྩིས་འཁོར་དཔང་ཡིག ། ཁྲིམས་འཛིན་དཔང་ཡིག དགེ་རྒན་དཔང་ཡིག སྨན་པའི་དཔང་ཡིག དབྱིན་ཡིག་དཔང་ཡིག   བོད་ཀྱི་སྐད་ཡིག་དཔང་ཡིག་སོགས་ཐོབ་པའི་་གོ་སྐབས་གལ་ཆེན་ཞིག་ཡོད་པའང་ཤེས་དགོས། མཚམས་རེ་གོ་སྐབས་འདི་དག་ང་ཚོར་གསལ་ཁ་མ་ཐོན་པའི་སྐབས་ཀྱང་ཡོད་སྲིད་པས་སྔ་མོ་ནས་དུས་ཚོད་དམ་འཛིན་བྱེད་དགོས་པ་ཡིན།  

     སྤྱིར་ན་རྒྱུགས་འཕྲོད་མིན་ཡང་སྔ་མོ་ནས་རང་ཉིད་ལ་དུས་ཚོད་ཀྱི་འཆར་འགོད་དང་གོ་སྒྲིག་ཡོད་པ། དཔེར་ན་དངོས་གཞི་ལོ་བཞི།  ལོ་གཅིག་ལ་ཟླ་བ་བཅུ་རེ་ཡོད།  གཟའ་འཁོར་རེ་རེ་ཕུད་ནས་ཉིན་གྲངས་ཆིག་སྟོང་བརྒྱ་ཡས་མས་མ་གཏོགས་མེད་པས་དུས་ཚོད་ཧ་ཅང་ཐུང་བ་ཡིན། 

    མདོར་ན་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕ་མ་དང་དགེ་རྒན། སློབ་གྲོགས་རྣམས་ཀྱི་རྒྱབ་རྟེན་ལས་འོངས་པ་ཡིན།   སློབ་ཆེན་སྐབས་སུ་ན་གཞོན་རྣམས་རིག་པ་གསལ་ལ། ཤེས་རབ་འབར་བས། བརྩོན་པ་བསྐྱེད་ན།རང་ཉིད་རང་གི་མགོན་དང་སྐྱབས་དངོས་ཡིན་པས་།  གྲུབ་འབྲས་ཅི་ཞིག་ཐོབ་མིན་སོགས་རང་ཉིད་ཁོ་ནར་རག་ལས་པ་ཞིག་ཡིན།  སློབ་ཆེན་སློབ་མ་མཐར་ཕྱིན་པའི་གོ་སྐབས་ཀྱང་ལོ་བཞི་དང་ལྔ་ཡིན་པས་ལྷོད་གཡེང་དུ་མ་སོང་བར་དང་པོ་ནས་དུས་ཚོད་དམ་འཛིན་བྱས་ནས་གཟབ་དགོས།  རྩིས་ཚན། རིག་ཚན་གང་ཞིག་སྦྱངས་ན་དང་པོ་ནས་དམིགས་འབེན་གསལ་བོ་ཡོད་དགོས། མཚམས་རེར་སྟབས་ལེགས་ན།  ཞིང་ཆེན་སོ་སོའི་སློབ་མ་རང་གི་སྐར་འབྲས་ལྟར་དུ་པེ་ཅིན་སོགས་སློབ་ཆེན་གཞན་དག་ལ་ཡང་སློབ་གཉེར་བྱེད་དུ་འགྲོ་ཐུབ་པའི་སྐབས་ཀྱང་ཡོད་སྲིད་པས། གོ་སྐབས་དམ་འཛིན་བྱས་ན་རྗེས་སུ་སློབ་མཐར་ཕྱིན་རྗེས་མཐར་ཕྱིན་དཔང་ཡིག་གཉིས་སུ་ཐོབ་པ་ཡིན།  འདི་ཡང་གཞུང་གི་གོ་སྒྲིག་འོག་ལས་སླ་མོའི་ངང་རྒྱུགས་སྤྲོད་རེ་འགའི་ནང་འགྲོ་ཐུབ་པ་ཞིག་ཡིན།རྗེས་སུ་སློབ་གྲྭ་གཞུང་གི་གོ་སྒྲིག་དང་དགེ་རྒན་སློབ་མ་ཐུན་མོང་གི་ཧུར་བརྩོན་གྱིས་བླངས་བའི་གྲུབ་འབྲས་ཆེན་པོ་ཞིག་མངོན་འགྱུར་བྱ་ཐུབ་པའི་ཉིན་མོ་ཞིག་ཡོད་པ་ཡིན།   རྒྱལ་ཁབ་སྤྱིའི་སྒྲིག་ཁྲིམས་དང་སློབ་གྲྭ་སོ་སོའི་སྤྱི་བའི་ལམ་ལུགས་ཀྱི་སྒྲིག་ལམ་ལེགས་པོ་སྲུང་དགོས།ཁྲིམས་ལུགས་ཤེས་བྱ་ང་ཚོས་གསལ་བོ་ཞིག་ཤེས་དགོས་པ་ཡིན། དེ་དག་མ་ཤེས་ཚེ་ང་ཚོས་སྟབས་མ་ལེགས་པར་ཁྲིམས་འགལ་གྱི་བྱ་སྤྱོད་ཕྲན་ཚེགས་ཀྱིས་རྒྱུ་ནོར་དང་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་ཉེན་ཡོད་པའི་གནས་སུ་ཡང་འགྲོ་སྲིད་པ་ཞིག་ཡིན། 


གསལ་བཤད།
    ཐེངས་འདིར་ཨ་མདོ་བརྙན་འཕྲིན་ཁང་གིས་གདན་ཞུས་ལྟར་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སློབ་མགོ་ཚུགས་པའི་སློབ་ཐུན་དང་པོ་ཞེས་པའི་དྲ་ལམ་འཆད་ཁྲིད་ལ་ཉན་རྗེས་སུ་རང་དང་བློ་ཁ་མཉམ་པ་དག་ལ་བརྗེད་བྱང་ཙམ་དུ་ཟིན་བྲིས་སུ་བཏབ་པ་ཡིན།  ཚིག་དོན་གཉིས་ཀའི་ཆར་ནོངས་པ་གང་མཆིས་དགེ་རྒན་དམ་པ་ཁོང་གཙོས་མཁས་པ་རྣམས་ལ་བཟོད་པར་གསོལ། 


ཞེས་ཆོས་གྲྭ་ཆེན་པོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་རང་ཤག་དཔེ་མང་སྤུངས་བའི་དགའ་ཚལ་དུ་རྭ་རྒྱ་གསེར་སྨྱུག་གིས་གུས་ཕུལ། 
༢༠༢༢-༩-༡ཉིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548244
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།