ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཚུལ།
ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཚུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-09-02ལྟ་ཀློག (6442)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ལྷ་ཐོ་ཐོ་རིས་སྙན་ཤལ་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ། 
 ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན།

    དེ་ནས་ཡང་རྗེ་མང་བོས་བཀུར་ནས་གདུང་རྒྱུད་ཤཱཀྱཱའི་རིགས་རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་བའི་སྲས་སུ་གདུང་རྒྱུད་བྱུང་། དེའི་སྲས་དང་གདུང་རྒྱུད་ནི་ཁྲི་ཐོག་རྗེ་ཐོག་བཙན་ཡིན།  དེ་ཡང་གཉན་མོ་གུང་སྨན་དང་སྲིད་པའི་སྲས་ནི་རྒྱལ་བོ་ལྷ་ཐོ་ཐོ་རེ་གཉན་ཤེལ་ཞེས་བྱ་བ་བྱུང་ངོ་།། དེ་ཡང་དང་བོ་ལྷ་ཞེས་བྱ་བ་ནི་འོད་གསལ་ལྷའི་གདུང་རིགས་ཡིན་པས་ན་ལྷ་ཞེས་བྱའོ།། ཐོ་ཐོ་རེ་ཞེས་བྱ་བ་བོད་ཀྱི་རྗེ་རུ་ཐོ་ཐོ་བ་བོད་ཀྱི་རྒྱལ་བོ་རེ་བས་ན་ཐོ་ཐོ་རེ་ཞེས་བྱའོ།། དམ་པ་ཆོས་ཀྱི་དབུ་རྙེད་དུ་ཐོབ་པ་དང་དེ་ལ་བྱིན་རླབས་ཡོད་པས་ཀྱང་ཐོ་ཐོ་རེ་ཞེས་བྱ་བྱའོ།། གཉན་ཞེས་བྱ་བ་ནི་གཉན་མོ་གུང་སྨན་ལ་སྐྱེས་པས་ན་གཉན་ཞེས་བྱའོ།། བོད་འབངས་ཐམས་ཅད་ཀྱིས་ཁོའི་ཅི་ཟེར་ལ་གཉན་པས་ཀྱང་གཉན་ཞེས་བྱའོ།། ཤེལ་ཞེས་བྱ་བ་ནི་རྒྱལ་བོའི་བློན་པོ་ཤེལ་ཞེས་བྱ་བས་བྱས་པས་ཤེལ་ཞེས་བྱའོ།། ཤེལ་གྱི་མཆོད་རྟེན་བང་རིམ་བཞི་བ་ཅིག་ཕྱག་ཏུ་བྱུང་བས་ཀྱང་ཤེལ་ཞེས་བྱའོ།། 

  དེ་ནས་ལྷ་ཐོ་ཐོ་རེ་གཉན་ཤེལ་ཞེས་བྱ་བ་དེས་ཡུལ་ཡར་ལུང་ཤེར་དུ་ཕོ་བྲང་ཡུམ་བུ་བླ་སྒང་ཞེས་བྱ་བ་ཤེལ་དཀར་གྱི་མཁར་འདྲ་བ་ཅིག་བཙུགས་ནས།  ཕོ་བྲང་དེའི་ནང་ན་ཡབ་གཉའ་ཁྲི་རྗེ་ཐོག་བཙན་དང་། སྲས་ལྷ་ཐོ་ཐོ་རེ་གཉན་ཤེལ་གཉིས་བཞུགས་ཏེ་བཀའ་གྲོས་མཛད་པ་ལས། བོད་ཡུལ་གྱི་མི་རྣམས་རུས་རྟག་ངན་པ། འཁེང་བོ་གྱོང་བོ་སྲོལ་དུ་མི་རྒྱུག་པ། མ་རུངས་པ་རྣམས་ཚོ་བོད་མཐའ་བཞིའི་ཡུལ་ལ་བྱེད་དུ་བཅུག་གོ། ནང་གི་མིའི་རིགས་བཞི་ནི། སེ་དང་སྨུ་གཉིས། ལྡོང་དང་སྟོང་གཉིས་ལས་རུས་ཆེན་བཞི་རུས་ཕྲན་འབངས་དང་བཅས་པ་རྣམས་ལས་བོད་ཡུལ་དུ་བཞིར་ཕྱེ་ནས་ཡུལ་དང་ས་རུ་བགོས་སོ།། དེ་ནས་ཡང་རྒྱལ་བོ་ལྷ་ཐོ་ཐོ་རེ་གཉན་ཤེལ་དེས་ཡར་ལུང་ཤེལ་གྱི་ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་པའི་དུས་སུ། རྒྱ་གར་གྱི་ཡུལ་ནས་མ་ག་ཏའི་རྒྱལ་བོ་ཛ་ཞེས་བྱ་བས་ཡབ་མེས་ཀྱིས་མཛད་པའི་ཡི་གེ་ལ་གཟིགས་པས། སྔོན་གྱི་མེས་པོ་ངྷརྨ་ཨ་ཤོ་ཀའི་ལོ་རྒྱུས་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པར་བཅས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གདུང་བྱེ་བ་བཞེངས་སུ་གསོལ་ནས་འདུག གསུང་གི་རྟེན་གླེགས་བམ་དང་། ཐུགས་ཀྱི་རྟེན་མཆོད་རྟེན་བུམ་པ་བཞེངས་མ་གྲུབ་པར་འདུག་པས་ད་དེའི་ཕྱག་རྗེས་ངས་བྱེད་དགོས་ཟེར་རོ།། 

  ང་ཡི་མེས་པོ་དེས་སྐུ་གསུང་ཐུགས་ཀྱི་རྟེན་ཅི་ཙམ་བཞེངས་ཞེས་དྲིས་པས་གནས་བརྟན་རྒན་པོ་ན་རེ། སྔོན་སངས་རྒྱས་རྒྱལ་བོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པ་ལ། ཐ་གེ་མའི་བུས་བྱེ་བ་སྤར་གང་གཏོར་བས་བྱེ་མའི་གྲངས་དང་མཉམ་པའི་མ་འོངས་པ་ན་སྐུ་གདུང་རྒྱས་པར་འགྱུར་རོ་གསུང་ངོ་།།  བྱེ་མའི་གྲངས་ནི་བྱེ་བ་བྱུང་ངོ་།། རྒྱལ་བོའི་སྐྱེ་བ་སྔོན་མ་ནི་ཐ་གེ་མའི་བུ་ཡིན་ཏེ། དེའི་སྐྱེ་བ་ཕྱི་མ་ལ་གྲོང་ཁྱེར་ཤིང་ཐག་ཅན་ན་རྒྱལ་བོའི་ཤིང་རྟ་བཅུ་བ་དང་། བཙུན་མོ་འབྲོག་མཁན་མོའི་སྲས་རྒྱལ་བོ་མྱ་ངན་མེད་ཅེས་བྱ་བར་སྐྱེས་ནས། དེའི་རིང་ལ་ནུབ་ཕྱོགས་རྔ་སྒྲ་ཅན་གྱི་མུ་སྟེགས་དང་། མཐའི་དམག་དཔོན་དུ་བསྐོས་པས་རྔ་སྒྲ་ཅན་གྱི་མི་ཐམས་ཅད་བསད། ཕོ་བོ་གསུམ་འབངས་དང་བཅས་པ་ཡང་བསད། གྲོང་ཁྱེར་ཤིང་ཐག་ཅན་ཚོ་ཡང་གཤེད་དམར་བསྐོས་ནས། གསོད་པའི་ལུགས་མི་འདྲ་བ་རེ་རེ་བྱས་ནས་བསད། བཙུན་མོ་འབྲོག་མཁན་མོའི་བུས་ཁྱིམ་ནོར་ནས་གཤེད་མའི་ཁྱིམ་དུ་བྱུང་བས་གཤེད་མའི་འབྲོག་མཁན་གྱི་བུ་དེ་ཟངས་འབྲུ་མར་གྱིས་བཀང་བའི་ནང་དུ་བཙོས་པས། ཁོ་མ་ཤི་བར་ཟངས་ཀྱི་ནང་ནས་མེ་ཏོག་པདྨའི་སྡོང་བོ་གཅིག་སྐྱེས་ཏེ། དེའི་སྟེང་ན་ཟིལ་བ་ཕྲུམ་མེ་ལ་སྔར་བས་ལེགས་པ་ཅིག་བྱས་འདུག་ནས། ཟངས་ནང་གི་མེ་ཏོག་པདྨའི་སྟེང་གི་རྒྱལ་བོ་དེས་ངོ་ཆེན་བྱས་ནས། བྱ་གག་གི་ཀུན་དགའ་ར་བ་ན་གནས་བརྟན་གྲགས་པ་བྱ་བ་ལ་རྒྱལ་བོས་སྡུག་པ་སྦྱོང་བའི་ཐབས་ཞུས་པས། གནས་བརྟན་ན་རེ། དགེ་བའི་རྩ་བ་བྱས་པའི་མིས། སྡིག་པ་བྱས་པ་འདག་གྱུར་ཏེ། ཟླ་བ་སྤྲིན་ལས་གྲོལ་བ་ལྟར། དེ་ནི་སྡིག་ལས་གྲོལ་བར་འགྱུར། ཞེས་གསུངས་སོ། 

  རྒྱལ་བོས་དགེ་ཇི་ལྟ་བུ་བྱ་ཞུས་པས། གནས་བརྟན་ན་རེ། ཉི་མ་གཅིག་ལ་དགེ་སྦྱོང་འབུམ་ཚོ་བཅུ་ལ་ཆོས་སྟོན་དྲངས་ན་རྒྱལ་བོའི་སྡིག་པ་འདག ཡང་ན་ནི་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བཞེངས་ཤིག་དེས་རྒྱལ་བོའི་སྡིག་པ་འདག་པར་འགྱུར་རོ་གསུངས་པས། རྒྱལ་བོ་ན་རེ། ཉིན་གཅིག་ལ་དགེ་སློང་འབུམ་ཚོ་བཅུ་ལ་ཆོས་སྟོན་འདྲེན་པ་སླ་སྟེ། ངའི་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བས་གཅིག་ཀྱང་མི་འགྲུབ་པས། རྒྱལ་བོ་ངའི་སྡིག་པ་མི་འདག་བྱ་བ་ཡིན་ཟེར་བས། གནས་བརྟན་ན་རེ། ཁྱོད་སངས་རྒྱས་ཀྱིས་བཀས་གནང་བའི་རྒྱལ་བོ་ཡིན་པས། མ་ག་ཏའི་ཤིང་དྲུང་ནས་སངས་རྒྱས་ཀྱི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་ཕུལ། དགེ་སློང་འབུམ་ཚོ་བཅུ་ལ་ཆོས་སྟོན་དྲོངས་ལ། ང་སངས་རྒྱས་ཀྱི་བཀས་གནང་བའི་རྒྱལ་བོ་ཡིན་ན། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེ་བ་བཞེངས་ཤིག དེ་མ་བཞེངས་ན་ང་སངས་རྒྱས་ཀྱིས་གནང་བའི་རྒྱལ་བོ་མ་ཡིན་ནོ་གྱིས་ལ་སྨོན་ལམ་ཐོབ་དང་འགྲུབ་པར་འགྱུར་རོ་གསུངས་པས། དེ་ན་རྒྱལ་བོའི་གནས་བརྟན་ཅི་གསུང་ལྟར་བྱས་མ་ཐག་ཏུ། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་སོ།། 

   ཤེལ་གྱི་མཆོད་རྟེན་བང་རིམ་བཞི་བ་གཅིག་པ་ཡང་བཞེངས་ནས་རྒྱལ་བོ་ལ་ཕུལ་ལོ།། དེའི་ཐོ་རེངས་རྒྱལ་བོས་རྒྱུན་དུ་ཞུགས་པ་ཐོབ་བོ།། དེ་ནས་གནས་བརྟན་གྲགས་པས་རྒྱལ་བོ་བྱེ་བར་སྤྲུལ་ནས་མཆོད་རྟེན་ལ་རབ་གནས་བྱེད་པར་གྱུར་ཏོ།། དེ་མ་ཐག་ཏུ་རྒྱལ་བོས་དགྲ་བཅོམ་པ་ཐོབ་བོ།། རྒྱལ་བོ་ཛ་ན་རེ། ངའི་མེས་པོས་དེ་བཞིན་གཤེགས་པའི་སྐུའི་རྟེན་བཞེངས་ཏེ། གསུང་རྟེན་མ་བཞེངས་པས། རྒྱལ་བོ་ངས་ཐུགས་རྟེན་འགྲུབ་ཀྱང་གསུང་རྟེན་མ་འགྲུབ་པས། ད་གསུང་རྟེན་ཡང་བཞེངས་དགོས་པས་དེ་ཅི་ལྟར་བྱས་ན་འགྲུབ་གསུངས་པས། གནས་བརྟན་དེས་རྒྱལ་བོ་ལ་གསུངས་པ། རྒྱལ་བོ་ཁྱེད་རང་མཛད་པ་གོང་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆོད་པ་ཕུལ་ལ་ཆོས་སྟོན་དྲོངས་མཛོད་དང་། གསུང་རྟེན་ཀྱང་འགྲུབ་པར་འགྱུར་རོ།། གསུང་རྟེན་གྱི་དམ་ཆོས་བཞེངས་པར་འཐད་དོ་གསུངས་པས་རྒྱལ་བོས་ཀྱང་དེ་བཞིན་དུ་མཛད་པས། ནམ་མཁའ་ལ་རྡོ་རྗེ་སེམས་དཔའི་སྐུ་ཅིག་བྱོན་ནས་གླེགས་བམ་གྱི་པོ་ཏིའི་ཆར་ཕབ་བྱུང་བས། གླེགས་བམ་གྱི་པོ་ཏི་དང་ཤེལ་གྱི་མཆོད་རྟེན་བང་རིམ་བཞི་བ་དང་བཅས་པ་དེ་རྣམས། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས། མཆོད་པ་རྒྱས་པར་ཕུལ་ནས་རབ་གནས་མཛད་པའི་དུས་སུ། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱིས་ཡེ་ཤེས་འབྱུང་བའི་རླུང་འཚུབ་བསླང་ནས་གླེགས་བམ་དང་མཆོད་རྟེན་ནམ་མཁའ་ལ་ཁྱེར་ནས་མི་སྣང་བར་གྱུར་ཏོ།། 

   དེའི་དུས་སུ་ཡར་ལུང་གི་ཕོ་བྲང་ཡུམ་བུ་བླ་སྒང་གི་ནང་ན་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་བ་ལྷ་ཐོ་ཐོ་རེ་གཉན་ཤེལ་བཞུགས་ཏེ་ཡབ་ཡུམ་གཉིས་ལ་བཀུར་སྟི་མཛད་ཀྱིན་ཡོད་པའི་དུས་ན།  ནམ་མཁའ་ལ་རོལ་མོའི་སྒྲ་སྣ་ཚོགས་པ་སྒྲོག་པ་ཅིག་བྱུང་ཙ་ན། འཇའ་ཚོན་ཁ་དོག་སྣ་ཚོགས་སུ་སྣང་བ་ཅིག་འཁྱིལ་བྱུང་བས། དེའི་སྣ་ལ་རིན་པོ་ཆེའི་སྣ་ལྔ་ལས་གྲུབ་པའི་ཟ་མ་ཏོག་ཅིག་བྱུང་ནས་དེ་རྒྱལ་བོས་ཁ་ཕྱེ་བའི་ནང་ནས། ཤེལ་གྱི་མཆོད་རྟེན་བང་རིམ་བཞི་བ་ཅིག་དང་། གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་པས་གླེགས་བམ་ཅིག་བྱུང་བས། དེ་རྒྱལ་བོས་ཁ་ཕྱེ་ནས་གཟིགས་པས་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་། དེ་ངོ་མཚར་ཆེ་བ་ཅིག་འདུག་ནས། དེའི་མིང་ནི་གཉན་པོ་གསང་བ་བྱ་བར་བཏགས་སོ།། དེ་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་ཀྱིན་གསོལ་བ་བཏབ། སྐོར་བ་དྲག་ཏུ་བསྐོར་བས་རྒྱལ་བོས་སྐུ་ལུས་བགྲེས་པ་སོ་ཐོན་པ་སྐྲ་དཀར་བ་ཅིག་ཡོད་པ།རྟེན་དེ་གཉིས་ཀྱི་བྱིན་རླབས་ཀྱིས། རྒྱལ་བོ་ལ་དུང་སོ་འཁོར་མ་སྐྱེས་སྐྲ་ཡང་ནག་པོ་མཐོན་མཐིང་དུ་སོང་། མདོར་བསྡུས་ན་སྐུ་ལུས་བགྲེས་པ་ཡང་གཞོན་ཤ་ཅན་དུ་གྱུར་ཏོ།། ལོ་བརྒྱ་ཉི་ཤུ་ཐུབ་བོ།། སྐུ་ལུས་གཅིག་གིས་མི་ཚེ་གཉིས་ཐུབ་ཟེར་རོ།། ལྷ་ཐོ་ཐོ་རེ་གཉན་ཤེལ་ཡབ་སྲས་ཀྱི་བང་སོ་དེ། ཤམ་པོའི་འདས་པའི་དུས་སུ་ཞལ་ཐོམས(ཆེམས)ནི། བོད་ཁ་བ་ཅན་དུ་ཉེས་སྐྱོན་ཅི་བྱུང་ཡང་ང་ཡི་ཡི་དམ་གཉན་པོ་གསང་བ་དང་། ཤེལ་གྱི་མཆོད་རྟེན་ལ་གསོལ་བ་ཐོབ་ཅིག་དེས་བཟློག་པར་འགྱུར་རོ།། གསུང་སྐད། གཉན་པོ་གསང་བ་དེའི་ནང་ནས་མདོ་སྡེ་བཞིའི་གསུང་རབ་བཞུགས་ཡོད་པར་གདའ་སྟེ། རྒྱལ་བོ་སྲོང་བཙན་སྒམ་པོའི་ལེའུའི་སྐབས་སུ་འོག་ནས་གསལ་ལོ།། ལྷ་ཐོ་ཐོ་རེའི་གཉན་ཤེལ་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་ལེའུ་སྟེ་དྲུག་པའོ།།  །།  

བཀའ་ཆེམས་ཀ་ཁོལ་མ་ལས་བཤུས།

ཕབ་བཤུ་བ།  དྲ་བའི་གསར་འགོད་པ་ནག་ཙན་དན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། trjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23524811
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།