སློབ་གསོ་པུའུ་ཡི་པུའུ་ཀྲང་གསར་བས་ཁྲིད་ལྕག་ཕྱིར་དགེ་རྒན་ལ་སྤྲད་ན་འགྲིག་ཟེར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »སློབ་གསོ་པུའུ་ཡི་པུའུ་ཀྲང་གསར་བས་ཁྲིད་ལྕག་ཕྱིར་དགེ་རྒན་ལ་སྤྲ
སློབ་གསོ་པུའུ་ཡི་པུའུ་ཀྲང་གསར་བས་ཁྲིད་ལྕག་ཕྱིར་དགེ་རྒན་ལ་སྤྲད་ན་འགྲིག་ཟེར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-28ལྟ་ཀློག (5808)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གསོ་པུའུ་ཡི་པུའུ་ཀྲང་གསར་བས་གསུངས་དོན། ཁྲིད་ལྕག་ཕྱིར་དགེ་རྒན་ལ་སྤྲད་ན་འགྲིག་ཟེར།  

ཧེ་ཅིན་ཕིང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་པུའུ་ཀྲང་།   

འཇང་འབྲུག་གིས་བསྒྱུར།

སློབ་གྲྭ་འཚོགས་ལ་ཉེ་བའི་སྐབས་འདིར། 

      སློབ་རའི་ཕན་ན་དྲོད་སྐྱིད་མེད་ལ་ནར་སོན་རྗེས་ཨ་མཚར་གྱི་རྩེད་མོ་ཡོད་མི་སྲིད། ཕྱི་རོལ་འཇིག་རྟེན་གྱིས་ཁྲིམས་མེད་ལུགས་མེད་ཀྱི་བྱིས་པ་དག་ལ་ལས་སླ་བོར་བཟོད་སྒོམ་བྱེད་མི་སྲིད། 

      བྱིས་པ་སུ་ཞིག་མ་འོངས་པར་སྤྱི་ཚོགས་ཀྱིས་བཙུར་ནས་ཁ་ཆག་སྣ་རུལ་དུ་གཏོང་བ་ལས། ཆུང་དུས་ནས་བཟུང་བྱིས་པར་སློབ་གསོ་བཏང་ནས་སྐྲག་ས་འཇིགས་ས་ཡོད་པ་ཞིག་དང་། ཚེ་སྲོག་ལ་བརྩི་བཀུར་བྱེད་པ་ཞིག  ཆེ་བཀུར་ཆུང་བྱམས་ཡོད་པ་ཞིག་ཏུ་བསྒྱུར་ན་ཅིས་མི་ལེགས།

 01 

     དེ་སྔོན་དགེ་སློབ་ཕན་ཚུན་ལ་འགྲམ་ལྕག་བཞུ་རེས་བྱེད་པའི་བརྙན་ཐུང་ཞིག་དྲྭ་ལམ་ཡོངས་སུ་ཁྱབ། ད་སྐབས་དགེ་རྒན99%་ཡིས་སློབ་མ་ལ་གཅར་རྡུང་བྱེད་མི་ཐུབ། 

 དགེ་རྒན་གྱིས་སློབ་མར་ཅུང་ཙམ་གཅར་ཚེ་གནས་ལུགས་མི་ཤེས་པའི་ཁྱིམ་བདག་འགའ་དང་། ལྷག་པར་ཏུ་ཨ་ཕྱི་དང་ཨ་མྱེས་འགའ་ཤས་ཀྱིས་སློབ་གྲྭ་དང་སློབ་གསོ་ཅུའུ་ལ་གཏུག་ནས།དགེ་རྒན་ལ་ཚུར་དགོངས་དག་ཞུ་རུ་འཇུག་པ་དང་སྐྱིན་ཚབ་རྒྱག་ཏུ་འཇུག་ལ།ཡང་མོ་ཡིན་ནའང་དགེ་རྒན་གྱི་མཚན་སྙན་བརླག་ནས་ངོ་ཚར་གཏད་ཅིང་།ལྕི་ན་དགེ་རྒན་སློབ་གྲྭ་ནས་ཕུད་དེ་བྱ་བ་འཆོར་ཏུ་འཇུག  

     དེ་བས་དགེ་རྒན་རྣམས་ནི་ཤིང་ལ་ལན་གཅིག་སྦྲུལ་གནས་པས།། ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར།། བྱིས་པ་པྲ་ཆལ་དག་མཐོང་ཚེ་མ་རིག་མ་ཤེས་ཁུལ་བྱེད་པ་ལས། ཕོག་ཐུག་གཏོང་མི་ཐུབ་ན་ཡང་གཞའ་ནས་འགྲོ་མི་ཐུབ་བམ་བསམ་པར་བྱེད།

     སློབ་གྲྭའི་ནང་དུ་དགེ་རྒན་གྱིས་བྱིས་པར་དོ་དམ་བྱེད་མི་ཐུབ་ལ་ཁྱིམ་དུ་ཁྱིམ་བདག་གིས་སློབ་གསོ་ནན་མོ་གཏོང་བར་བློས་མི་ཐོངས། མི་ཞིག་གིས་ལི་ཧྲོང་ཅང་ལ་ཁྱོད་ཀྱིས་བྱིས་པར་གཅར་རམ་ཞེས་འདྲི་སྐབས། ཁོང་གིས་མི་གཅར། གཅར་རྒྱུ་བློས་མི་ཐོངས། སྐབས་ལན་རེར་དངོས་ནས་གཅར་ན་འདོད་ཀྱང་གཅར་མི་རུང་། ཁ་ལ་རེ་བྱས་ནས་འཇིགས་རེ་སྐུལ་བ་ཡིན་མོད། མ་གཅར་གོང་ནས་རང་ཉིད་ཀྱི་མིག་ཆུ་སྔོན་ལ་བཞུར་འོང་ཟེར། ཁྱིམ་བདག་མང་ཤས་ཀྱི་བསམ་ཚུལ་འདི་འདྲ་ཞིག་རེད། སྐབས་རེར་བྱིས་པས་པྲ་ཆལ་བྱས་ནས་སྙིང་བརྩངས་ཀྱང་ཅུང་ཙམ་ནས་རང་ཉིད་འགྱོད་པ་སྐྱེ་ཡོང་།

   ཕ་མས་བྱིས་པ་སྐྱོང་བ་དང་དགེ་རྒན་གྱིས་སློབ་མར་སློབ་གསོ་གཏོང་བ་ནི་བསྐལ་བ་ས་ཆགས་པ་དང་། བ་སོ་ཁ་ཐོགས་པ་ནས་བཟུང་མི་འགྱུར་བའི་གནས་ལུགས་ངོ་མ་ཞིག་རེད། ཁ་གྲག་ཤེས་མི་ཤེས་ཀྱི་བྱིས་པས་ཀྱང་། གཉོར་ཞིང་སློབ་གསོ་མ་བརྒྱབ་ན།། ཕ་མ་གཉིས་ཀྱི་ནོར་འཁྲུལ་ཡིན།།  སློབ་གསོ་ནན་མོ་མ་བཏང་ན།། དགེ་རྒན་རྣམས་ཀྱི་སྒྱིད་ལུག་ཡིན།། ཞེས་ཀློག་པར་བྱེད། འོན་ཀྱང་ད་སྐབས་ཕ་མས་བྱིས་པར་ནན་མོ་བྱེད་མི་འདོད་ལ། དགེ་རྒན་གྱིས་སློབ་མར་ནན་མོ་བྱེད་མི་ཐུབ་པར། ཕ་མ་བུ་སློབ་ཀྱི་འབྲེལ་བ་རྨང་ནས་འཁྱོག་བཞིན་ཡོད།

   ཁྱིམ་ཚང་རེ་རེར་གོང་མ་ཆུང་ཆུང་དང་སྲས་མོ་ཆུང་ཆུང་མང་པོ་ཡོད་དེ། སྐྱེས་མ་ཐག་ནས་མི་རབས་འགས་གཅེས་ལངས་བྱེད་ཅིང་། ཁྱིམ་བདག་གིས་གཅར་རྡུང་བྱེད་པར་བློས་མི་ཐོངས་ལ། དགེ་རྒན་གྱིས་བྱིས་པར་སློབ་གསོ་གཏོང་བར་འདང་རྒྱག་ཆེ།

དེ་ལྟར་བྱས་པའི་མཇུག་འབྲས་ནི། བྱིས་པ་མང་པོ་ཞིག་ཁྱི་ཁ་སྐྱིད་ནས་ངོར་མཆོངས་པའི་དཔེ་ལྟར། སྤོ་ཇེ་ཐུ་ནས་ཇེ་ཐུ་ཡིན་ལ། ཅི་ལྟར་སློབ་གསོ་རྒྱབ་ཀྱང་ཕན་མི་ཐོགས།   བྱིས་པ་གནད་དོན་ཅན་དེ་དག་ང་རྒྱལ་གྱིས་གཏོས་ནས་བསམ་བསམ་འདོད་འདོད་བྱས་ཏེ་རང་ཉིད་ཀྱི་འདུན་ལམ་བརླག་པ་ཉུང་ཉུང་མིན།

    ཧྥི་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆིན་བན་ཀྲུང་ལགས་ཀྱིས་ཁ་བྱང་ལ།༼སློབ་གསོ་ལགས། བརྩེ་བའི་མིང་གཡར་ནས་བྱིས་པར་གུ་ཡངས་མ་གཏོང་རོགས༽ཞེས་པའི་འཆད་ཁྲིད་ཅིག་སྤེལ་མྱོང་། དེའི་ནང་གི་སྐད་ཆ་ཞིག་ལ་ང་རང་ཤིན་ཏུ་འཐད་དེ། 

     ངེད་ཅག་གི་སློབ་གསོའི་རིགས་ལམ་གཙོ་བོ་ནི་བྱིས་པར་མུ་མཐུད་དུ་བཟོད་སྒོམ་བྱེད་རྒྱུ་དང་། བྱིས་པར་སྤྲོ་སྣང་གང་མང་ཞིག་སྟེར་རྒྱུ།བྱིས་པར་རོལ་རྩེད་ཀྱི་དུས་ཚོད་གང་མང་ཞིག་སྟེར་རྒྱུ་བཅས་རེད། གནམ་འོག་ན་འདི་ལྟ་བུའི་སློབ་གསོ་ཞིག་གང་ན་ཡོད་དམ།

      བྱིས་པ་ནི་དར་མ་མིན་པས་སློབ་གསོ་ངེས་པར་མཁོ་ལ་སློབ་གསོ་ནན་མོ་གཏོང་རྒྱུ་དེ་བས་གལ་ཆེ། ང་ཚོས་བྱིས་པ་ཚོར་ནོར་འཁྲུལ་ཅི་ཙམ་བཟོས་ན་དེ་ཙམ་གྱི་རིན་དོད་མཇལ་དགོས་པ་ཤེས་སུ་འཇུག་དགོས།

      གལ་ཏེ་སྤྱི་ཚོགས་སུ་བྱིས་པར་མུ་ནས་མུ་རུ་བཟོད་སྒོམ་བྱེད་པའི་གནས་སྟངས་ཆགས་ཚེ། མ་འོངས་པའི་བྱིས་པ་དེ་དག་འཇིགས་སུ་རུང་བ་ཞིག་ཡིན་ལ། ང་ཚོའི་མ་འོངས་པའང་དེ་འདྲའི་འཇིགས་སུ་རུང་བ་ཞིག་ཡིན། སློབ་གསོ་དེ་འདྲ་མྱངས་པའི་བྱིས་པ་དག་གིས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་ཐེག་མི་སྲིད།

 02 

      སྤྲོ་སྐྱིད་བསྟོད་ཅེས་པའི་ལེ་ཚན་ནང་གི་བསམ་ཤེས་བུ་མོ་ཨན་ཏི་ལ་དགའ་མཁན་གྱི་མི་རྫོགས་མེད་ཅིག་ཡོད། ཨན་ཏི་ནི་ལིག་ཐོའི་བུ་མོ་ཝང་ཙི་ཡན་གྱིས་འཁྲབ་སྟོན་བྱས་པ་ཞིག་རེད། ལོ་བདུན་ཅན་གྱི་བུ་མོ་ཆུང་ཆུང་དེས་ནུ་བོར་བདག་སྐྱོང་ལེགས་པོ་བྱེད་ཐུབ། ལིག་ཐོས་ང་རྒྱལ་དང་བཅས་བུ་བུ་མོ་གཉིས་ཤིན་ཏུ་བསམ་ཤེས་ཡིན་པར་བརྗོད། 

ཐེངས་ཤིག་ཅིན་ཞིན་སྨྲ་ལྕེའི་ལེ་ཚན་ནང་དུ། ཅིན་ཞིན་གྱིས་ལིག་ཐོར་སློབ་གསོའི་མན་ངག་གང་འདྲ་ཡོད་པ་འདྲི་སྐབས། ལིག་ཐོས་བུ་མོ་ཞིག་ཡིན་ན་ཆུང་དུས་ནས་ལུགས་སྲོལ་བརྩི་དགོས། རང་སྣང་གང་ཤར་བྱེད་མི་རུང་། བྱིས་པར་གང་འདོད་བྱེད་དུ་འཇུག་མི་རུང་བར། ཁོ་ཚོར་བདག་དོམ་བྱེད་ཐུབ་མཁན་ཞིག་ཡོད་དགོས་ཞེས་བཤད།

      ཁོས་བཤད་པ་ཤིན་ཏུ་བཟང་སྟེ། བྱིས་པ་ཚོར་ངེས་པར་ཏུ་བདག་དོམ་བྱེད་ཐུབ་མཁན་ཞིག་ཡོད་ན་འགྲིག འོན་ཏེ། ད་སྐབས་ཀྱི་བྱིས་པ་དག་ལ་ཕ་མ་དང་རྒན་པ་ཚོ་ཕར་ཞོག  གནམ་རྒན་མས་ཀྱང་བདག་བྱེད་ཐུབ་ཚོད་མ་རེད།
      འདས་པའི་དུས་སུ་བྱིས་པས་ཁ་མི་ལེན་སྐབས་ཁྱིམ་བདག་གིས་རེ་བ་ཡོད་ཚད་སློབ་གྲྭར་བཅོལ་ནས། སློབ་གྲྭར་འབྱོར་སོང་ན་དགེ་རྒན་གྱིས་བདག་དོམ་བྱེད་ངེས་ཡིན་ཞེས་བཤད་ལ། བྱིས་པ་དགེ་རྒན་གྱི་གམ་དུ་བཞག་རྗེས་ཕ་མས་ད་དུང་དགེ་རྒན་ལ་བྱིས་པས་ཁ་མི་ལེན་ན་རྡུང་རོགས་མཛོད་ཅེས་ནན་གྱིས་ཞུ་བར་བྱེད། ང་ཚོ་ཆུང་དུས་བྱིས་པ་རྣམས་དགེ་རྒན་ལ་སྐྲག་པ་རེད། ཕ་མར་མི་སྐྲག་ན་ཡང་དགེ་རྒན་ལ་སྐྲག་ངེས་ཡིན། 

      མི་ལ་སྐྲག་ས་ཞིག་ཡོད་ན་འགྲིག མི་ཞིག་ལ་སྐྲག་ས་ཡོད་ན་ད་གཟོད་རང་ཉིད་ལ་ཚོད་འཛིན་བྱེད་ཐུབ་ལ། ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་མི་སྲིད། གནའ་མིའི་ཁ་དཔེར་ཡང་། སྐྲག་ས་ཞིག་ཡོད་ན་ལུས་སེམས་དྲང་ལ། སྨྲ་བརྗོད་ཚུལ་དང་མཐུན། ནོར་བ་འཆོས་པར་བྱེད་ལ། སྐབས་རེར་ནོར་འཁྲུལ་འབྱུང་ཡང་ཚད་ལས་བརྒལ་མི་སྲིད་ཟེར། དེ་བས་མགོ་ཁྲི་གསུམ་ཡན་ན་ལྷ་གནས་པའི་གཏམ་རྒྱུད་བྱུང་བ་རེད། 

      ལོ་བཅུ་ཕྲག་ལྷག་འདས་པའི་དེ་རིང་། བྱིས་པ་ཚོ་དགེ་རྒན་ལ་ཡང་མི་སྐྲག   མི་སྐྲག་པ་ཙམ་དུ་མ་ཟད། ད་དུང་དགེ་རྒན་ལ་སྡིགས་མོ་དང་དམན་འབེབས། ཐུབ་ཚོད་སོགས་ཀྱང་བྱེད་ལ། ཐ་ན་ལག་འགུལ་ནས་དགེ་རྒན་ལ་གཅར་རྡུང་བྱེད་པ་ཡང་ཡོད། དེ་སྔོན་བརྙན་ཐུང་ཞིག་ཏུ་མཐོ་འབྲིང་སློབ་མ་གཉིས་ཀྱིས་དགེ་རྒན་ལ་སྐོར་རྡུང་བྱས་པར་མ་ཟད། བརྙན་མིག་ལ་ཁ་གཏད་ནས་ང་སློབ་མ་ཡིན། ཁྱོད་ཚོས་ང་ཚོར་ཅི་ཞིག་བྱེད་ཐུབ་ཅེས་འུར་རྒྱག་བཞིན་འདུག

      འདི་ནི་སྤྱི་ཚོགས་ཧྲིལ་བོས་གཅེས་ལངས་ལ་བཏང་པའི་ཁྲིམས་མེད་ལུགས་མེད་ཀྱི་ཀྲུང་གོའི་མ་འོངས་པ་རེད། 

 03 

      ཆུ་ངོགས་གཏམ་རྒྱུད་ནང་དུ་སུང་ཅང་གིས་ཡན་ཕོ་ཞི་བསད་རྗེས་བྲོས་བྱོལ་བྱེད་སྐབས། ལམ་བར་གྱི་ཚ་བ་མ་བཟོད་པར་སྡོང་རྒན་ཞིག་གི་རྩ་ནས་བསིལ་ཉལ་བྱས་ཏེ་གཉིད་དུ་ཡུར། བྱིས་པ་པྲ་ཆལ་འགས་ཁོའི་ཐོག་ཏུ་གཅིན་པ་བཏང་ནས་གཉིད་ལས་དཀྲོག སུང་ཅང་གིས་བྱིས་པ་དེ་ཚོར་ཅི་ཡང་མ་བཤད་པར་དོང་ཙེ་འགའ་བྱིན་ནས་བུད་སོང་། ཡང་ཉིན་ཞིག་ལི་ཁེ་སུང་ཅང་བཙལ་དུ་ཡོང་ནས་སྔར་གྱི་སྡོང་རྒན་དེའི་འགྲམ་དུ་གཉིད། སྔར་བཞིན་བྱིས་པ་པྲ་ཆལ་དེ་ཚོས་ཁོའི་ཐོག་ཏུ་གཅིན་བཏང་ནས་གཉིད་ལས་དཀྲོག ལི་ཁེས་ཅི་ཡིན་མ་ཤེས་པར་ཡར་དགྱེ་བའི་སྐབས་སུ། བྱིས་པ་སྣབས་ལུག་འགས་རྐང་སྣམ་ཕུད་ནས་སྐྱག་འཛུམ་ལངས་བཞིན་དོང་ཙེ་སློང་གི་ཡོད་པ་མཐོང་། ཁོ་རབ་ཏུ་ཁྲོས་ནས་སྐྱག་ཕྲུག་ཁྱེད་ཚོས་ང་རླུང་འཁོར་ནག་པོ་ཡང་རྩེད་སྤྱད་བྱེད་ཕོད་དམ་ཞེས་སྟ་རེ་བཏོན་ནས་བྱིས་པ་ཚང་མ་ལྔ་ལམ་དུ་བརྫངས།
      གཏམ་རྒྱུད་འདི་ཐོས་མ་ཐག་མི་རྣམས་ཀྱིས་སུང་ཅང་ཁོག་རྒྱ་ཆེ་བར་བསྟོད་བསྔགས་དང་། ལི་ཁེ་སེམས་རྒྱ་དོག་ལ་རྩུབ་སྤྱོད་ཆེ་བར་སྨད་པ་བྱེད་སྲིད། འོན་ཀྱང་ཞིབ་ཏུ་བསམ་དུས་སྐྱོན་ཆ་སུང་ཅང་ལ་ཡོད་དེ། ངོ་ཐོག་ཏུ་གཞན་གྱིས་གཅིན་པ་བཏང་ཡང་སྐྱོན་བརྗོད་མི་བྱེད་པར་མ་ཟད་ལྡོག་སྟེ་དགའ་རྟགས་བྱིན་པས། བྱིས་པ་དེ་ཚོ་ལི་ཁེའི་ལག་ནས་འཆི་དགོས་བྱུང་བ་རེད། 

     བྱ་སྤྱོད་ནོར་འཁྲུལ་ཅན་ལ་བྱ་དགའ་བྱིན་ན།  ཡིན་མིན་བདེན་རྫུན་འབྱེད་མི་ཤེས་པའི་བྱིས་པ་དག་སྔར་བས་ལངས་ཤོར་ཏུ་གྱུར་ནས། ནོར་འཁྲུལ་ཆེན་པོ་བཟོ་སྲིད། གོང་གི་བྱིས་པ་དེ་དག་ཐེངས་དེར་རླུང་རྟ་མ་བརྒྱུགས་པས་རླུང་འཁོར་ནག་པོར་ཐུག་ཏེ། དོང་ཙེ་མ་ལོན་པར་མ་ཟད་གཅེས་སྲོག་ཤོར་བ་རེད།  

      མ་གཞི་ནས་དགོས་པ་མེད་པའི་སྐྱོ་གར་དེ་སུང་ཅང་གིས་ངན་ལངས་ལ་བཏང་བས་བྱུང་བ་རེད། 

 04 

    འོན་ཀྱང་། སློབ་རའི་ཕན་ན་དྲོད་སྐྱིད་མེད་ལ། ནར་སོན་ཚེ་ན་རྩེད་མོ་ཡོད་མི་སྲིད། ཕྱི་རོལ་འཇིག་རྟེན་གྱིས་ཁྲིམས་མེད་ལུགས་མེད་ཀྱི་བྱིས་པ་དེ་ཚོར་གུ་ཡངས་གཏོང་མི་སྲིད། ང་ཚོས་ནམ་ཡང་བྱིས་པས་ཆེས་བཟང་བའི་རིག་གནས་སློབ་ཐུབ་ན་བསམ་མོད། འབོར་བཞིན་པ་ནི་ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོ། མྱི་བཅའ་བའི་མ་མཐའི་རྒྱུན་ཤེས་དང་ཚད་ཐིག་རེད། 

   ཐེངས་ཤིག་འདུ་འཛོམས་ཤིག་ཏུ་གྲོགས་པོས་བྱིས་པ་ཁྲིད་ཡོང་འདུག བྱིས་པ་དེ་ཅོག་ཙེའི་སྟེང་དུ་བུད་ནས་ཚལ་སྟེགས་བསྐོར་ཏེ། ཟས་གང་ཞིམ་དག་འཕྲོག་ནས་རང་གི་ཁ་ནང་དུ་བརྫངས་བས། མི་གཞན་དག་གིས་ཟ་མ་ཟ་ཐབས་མ་བྱུང་།  ངས་གྲོགས་པོར་བྱིས་པ་ལ་བདག་བྱས་ན་མི་བཟང་ངམ་ཞེས་བཤད། 

     ཁོས་ད་སྐབས་ཀྱི་སློབ་གསོས་བྱིས་པའི་གདོན་གཤིས་བཅིངས་འགྲོལ་གཏོང་དགོས་པ་རེད། སྔར་གྱི་བསམ་བློ་རྙིང་བས་བྱིས་པར་འཆིང་རྒྱ་བཟོ་མི་རུང་ཟེར། ཁོས་བྱིས་པ་དག་མཐར་སྤྱི་དམངས་སུ་འགྱུར་དགོས་པ་དང་། སྤྱི་ཚོགས་སུ་ཞུགས་དགོས་པ་བརྗེད་འདུག གལ་ཏེ་མི་གཞན་སྣང་མེད་དུ་འཇོག་པའི་ངན་གཤིས་ལོབས་ཚེ། གཞན་གྱི་ཁེ་ཕན་ལ་གནོད་པ་བཏང་ན་བྱིས་པའི་གདོན་གཤིས་ཀྱིས་ཁོ་ལ་བདེ་སྐྱིད་སྟེར་ཐུབ་བམ།
   གལ་ཏེ་བྱིས་པར་རང་གི་ཕ་མས་སློབ་གསོ་མ་བཏང་ཚེ།སྤྱི་ཚོགས་ཀྱིས་བཙིར་སྐབས་རིན་དོན་ག་འདྲ་ཞིག་གཞལ་དགོས་སམ།

     དེ་བས་ཁྱིམ་སྲོལ་བཟང་བོས་ང་ཚོར་མྱི་བཅའ་ཚུལ་བསླབ་ཐུབ། ཁྱིམ་སྲོལ་བཟང་བོ་མི་རབས་ནས་མི་རབས་ལ་རྒྱུད་འཛིན་དར་སྤེལ་བྱས་ན། ད་གཟོད་འགྱུར་བ་གློག་ལས་རྒོད་པའི་སྤྱི་ཚོགས་འདི་རུ་ནང་སེམས་ཀྱི་འགྱུར་མེད་དྲོད་ཁོལ་རྙེད་ཐུབ་ལ། རང་ཉིད་ལ་དབང་བའི་མི་ཚེའི་རིན་ཐང་དང་སྒྲིག་གཞི་ངོ་མ་དེ་རྙེད་ཐུབ། 

      ཁྱེད་ཀྱིས་བྱིས་པར་སློབ་གསོ་གཏོང་རྒྱུ་བློས་མི་ཐོངས་ན། སྤྱི་ཚོགས་ཀྱིས་ཚ་ཐག་ཆོད་པའི་སློབ་གསོ་གཏོང་ངེས་ཡིན།

   ཧྲིན་ཀྲིན་ན་བྱིས་པ་ཞིག་ཡོད། ཨོ་རྩིས་ལ་ཞིབ་འཇུག་བྱེད་པར་དགའ་མོད། འགྲོ་འདུག་དལ་ཞིང་རྗེས་ལུས་བྱེད་པར་དགའ་བས། སློགས་གྲོགས་ཚོས་ཁོ་ལ་ཨོ་དལ་མོ་ཞེས་པའི་མཚང་མིང་ཞིག་བཏགས་ཡོད། རྗེས་ནས་ཁོ་ཕ་མས་དབྱིན་ཇིར་སློབ་གྲྭ་འདོན་དུ་མངགས་པ་རེད། ཐེངས་ཤིག་ཁོ་ཕྱིར་རང་རྒྱལ་དུ་ལོག་སྐབས་ང་ཚོར་བརྒྱུད་མྱོངས་པའི་ལོ་རྒྱུས་ཤིག་བཤད་བྱུང་། གནང་སྐབས་སུ་ཁོ་རང་རང་རྒྱལ་གྱི་མིས་ཕྱེས་པའི་ཀྲུང་ལུགས་ཟ་ཁང་ཞིག་ཏུ་ལས་ཀ་ལས་རུ་སོང་། ཉིན་དང་པོར་ལས་འཚོགས་ལ་སྐར་མ་ལྔའི་རྗེས་སུ་ལུས་པས། ཁོའི་ལས་ཀ་ལག་ནས་ཤོར་སོང་། ཁོས་ཐེངས་གཅིག་རྗེས་སུ་ལུས་པ་ཙམ་གྱིས་ལས་ཀ་ཤོར་འགྲོ་བ་ཡིད་ལ་ཡང་དྲན་ཐུབ་མེད། ཁོ་ལ་ཆེས་བློ་བསྐྱེད་ཐེབས་པ་ནི། སྦྱིན་བདག་གིས། གསར་བུ། གལ་ཏེ་ངས་ཁྱོད་ལས་ཀ་ལས་ཕྱིར་མ་ཕུད་ཚེ་ཁྱོད་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་ཅི་འདྲའི་སྡིག་རྩུབ་ཆེ་བ་ནམ་ཡང་ཤེས་མི་སྲིད་ཅེས་པའི་མཇུག་མཐའི་བསླབ་བྱ་དེ་རེད།
    ཀྲུང་གོའི་ལུགས་ཀྱི་སློབ་གསོའི་གཅེས་ལངས་འོག་ཏུ་སློབ་མར་ལངས་ཆད་བཅད་ན་གནམ་རྡིབ་པ་དང་འདྲ་ཞིང་། རྗེས་ལུས་ཐེབས་ཀྱང་ཁ་ཡ་བྱེད་མཁན་མེད། འོན་ཀྱང་ལོ་མང་པོའི་རྗེས་སུ་ངན་གཤིས་དེ་དག་ལས་བསྐྱེད་པའི་མཇུག་འབྲས་ནི་ཅི་འདྲའི་ཡ་ང་བ་ཞིག་ཡིན་པ་སུ་ཡིས་ཤེས།

 05 

    བྱིས་པ་ཚོར་མ་འོངས་པར་སྤྱི་ཚོགས་ཀྱིས་ཁ་ཆག་སྣ་རུལ་དུ་གཏོང་བར་བྱེད་པ་ལས། ཆུང་དུས་ནས་བཟུང་བྱིས་པར་སློབ་གསོ་བཏང་ནས་སྐྲག་ས་འཇིགས་ས་ཡོད་པ་ཞིག་དང་། ཚེ་སྲོག་ལ་གུས་པ་ཞིག ཆེ་བཀུར་ཆུང་བྱམས་ཡོད་པ་ཞིག སྒྲིག་སྲོལ་ལ་གནས་པ་ཞིག་ཏུ་བསྒྱུར་ན་ཅིས་མི་ལེགས། 

     སྤྱི་ཚོགས་རྙིང་པར་ཁྱིམ་སྲོལ་ཡོད་ལ། ཁྱིམ་སྲོལ་ཁྲིད་ལྕག་སྟེང་དུ་བརྐོས་ཡོད། སློབ་མ་བསླབ་ཁྲིམས་དང་འགལ་ན་ཁྲིད་ལྕག་གི་ཆད་པ་ཉོ་དགོས། གནའ་མི་ཚོས་སྒྲིག་སྲོལ་མེད་ན་ཀུན་ཀྱང་ཉོག་འགྲོ་ལ། སྒྲིག་སྲོལ་འཛིན་ན་བྱེད་ཐབས་ནན་དགོས་པའི་གནས་ལུགས་རྟོགས་ཡོད། ཆད་གཅོད་མེད་ན་སྒྲིག་སྲོལ་ཐ་དག་ཕྱི་ཚུལ་ཙམ་ཡིན། 

       ད་སྐབས་ཁྱིམ་བདག་དང་ཁ་མི་ཉན་པའི་བྱིས་པ་མང་ཤས་ཀྱི་བར་ཏུ་སྒྲིག་སྲོལ་འགའ་ཤས་བཞག་ཀྱང་། རྒྱུན་སྐྱོང་ཐུབ་ཀྱིན་མེད། རྒྱུ་རྐྱེན་གཙོ་བོ་ནི་ཆད་པ་ནན་མོ་མེད་པས་རེད། ལུགས་མཐུན་གྱི་ཆད་གཅོད་ཀྱིས་བྱིས་པར་སྐྲག་ས་འཇིགས་ས་ཞིག་ཡོད་པར་བྱེད་ཐུབ་ལ། དེ་ལྟ་ན་ད་གཟོད་ཁྱིམ་སྲོལ་དང་རྒྱལ་ཁྲིམས་སྣང་མེད་དུ་འཇོག་མི་སྲིད་པར། སྤྱི་བའི་ལུགས་བཟང་ལ་གནས་པར་བྱེད། 

    མིང་དུ་གྲགས་པའི་སློབ་གསོ་བ་ཆེན་མོ་མཱ་ཁ་ལེན་ཁིས་ཀྱང་ཆད་གཅོད་མེད་པའི་སློབ་གསོ་ནི་འཐུས་ཚང་མིན་པའི་སློབ་གསོའོ་ཞེས་གསུངས་ཡོད། 

     ཉེ་བའི་ལོ་འགའ་ཤེས་ནང་། རྒྱལ་དམངས་ཀྱིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ནུབ་ཕྱོགས་ཀྱི་སྔོན་ཐོན་དཀྱེལ་ཡངས་ཀྱི་དམངས་གཙོའི་སློབ་གསོའི་ལྟ་བར་སློབ་སྦྱོང་བྱས་ཏེ། བྱིས་པའི་ལུས་སེམས་ལ་སྲུང་སྐྱོབ་བྱེད་པ་གཙིགས་ཆེན་དུ་བཟུང་ནས། ཀྲུང་གོའི་སྲོལ་རྒྱུན་གྱི་སྒེར་ཚུགས་སློབ་གསོའི་ཁྲིད་ལྕག་གཡུག་སོང་མོད། ནུབ་ཕྱོགས་ཀྱིས་བྱིས་པ་གནད་དོན་ཅན་དག་ལ་ཆད་གཅོད་བྱེད་ཚུལ་དང་ཁྲིམས་སྲོལ་སློབ་མ་ཐུབ་པས་། སློབ་གསོ་རྐང་ཆག་ལག་ཆག་ཏུ་གྱུར་བ་རེད་ལ། ཡ་མ་བརླ་རུ་ཡང་བཏང་བ་རེད།
     བསྟོད་བསྔགས་དང་གཅེས་ལངས་ཀྱིས་བྱིས་པར་སློབ་གསོ་གཏོང་བ་དང་། བརྩེ་བས་དྲོད་ཀྱིས་གནད་དོན་ཅན་གྱི་བྱིས་པར་སློབ་གསོ་ཐེབས་སྲིད་སྙམ་པ་ནི། ཁ་བཤད་མཁན་པོ་རྣམས་ཀྱི་སྟོང་བསམ་ཙམ་ལས་ཅི་ཡང་མིན།
   སློབ་གསོ་ལ་ངེས་པར་ཏུ་དེ་མཐུན་གྱི་ཆད་གཅོད་ལམ་ལུགས་ཡོད་དགོས། འདི་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་སྤྱི་ལུགས་ཤིག་ཡིན། 

 ཨ་རུའི་སློབ་གྲྭ་ཚང་མར་བཀག་ཉར་ཁང་ཡོད་ལ། སློབ་གྲྭར་སྒྲིལ་འགལ་བྱུང་བའི་སློབ་མར་སློབ་མཚམས་བཞག་ནས་བཀག་ ཉར་བྱེད་པ་དང་། གཟའ་མཇུག་ཕྱིར་སློབ་གྲྭར་ལོག་ནས་བཀག་ཉར་བྱེད་པ། ཐད་ཀར་ན་ཆུང་ཆད་གཅོད་སློབ་གྲྭར་སྐྱེལ་བ་སོགས་ཡོད། 
ཁོ་རེ་ཡར༼ཁོ་རྒྱལ་ཆེན་མོའི་རྒྱལ་དམངས་སློབ་གསོའི་ཆད་གཅོད་བཅའ་ཁྲིམས་ཡོད༽དེར་རིང་ཚད་ལི་རྨི100ལས་མི་  བརྒལ་ཞིང་། མཐུག་ཚད་ལི་རྨི1ལས་མི་བརྒལ་བའི་ཁྲིད་ལྕག་གིས་སློབ་མའི་རྒྱུད་ངར་ཐོག་བརྒྱབ་ན་ཆོག་པ་སོགས་ཡོད། 
དབྱིན་ཇིའི༼2006ལོའི་སློབ་གསོ་དང་སློབ་སྐུལ་བཅའ་ཁྲིམས༽སུ་དགེ་རྒན་ལ་ཚད་ལྡན་མིན་པའི་སློབ་མར་ཆད་གཅོད་བྱེད་པའི་ཁྲིམས་བཀོད་དབང་ཆ་ཡོད་ལ། དེར་ལས་བྱ་འབྲི་རུ་འཇུག་པ་དང་། གཟའ་མཇུག་བཀག་ཉར་བྱེད་པ། སློབ་གཙོའི་ཆད་གཅོད། སློབ་མཚམས་འཇོག་པ་སོགས་འདུ།ལུས་ཐོག་གི་ཆད་གཅོད་ལ་ལག་མཐིལ་དུ་རྒྱག་པ་དང་། ལག་པ་གཉིས་ལ་ཐེངས་གསུམ་ལས་བརྒྱབ་མི་ཆོག་པ།སློབ་མ་ཕོ་ཡིན་ན་ལྕག་གིས་རྐུབ་མགོར་ཐེངས་དྲུག་ལས་མང་བ་བརྒྱབ་མི་ཆོག་པ་སོགས་ཀྱི་གཏན་འབེབས་ཡོད།  

 06 

     ང་ཚོས་ལུས་ཀྱི་ཆད་གཅོད་སླར་གསོ་བྱེད་པར་བསྐུལ་བ་ཡིན་མོད། གལ་ཏེ་བྱིས་པའི་ཁེ་དབང་བསྲུང་བ་ལས་ཁོ་ཚོར་འགན་འཁྲི་ཅི་ཡོད་ཤེས་སུ་མ་བཅུག་ན། གལ་ཏེ་བྱིས་པའི་སྤྱི་ཚོགས་ཀྱི་སྒྲིལ་གཞི་ཡོངས་རྫོགས་ལ་གང་འདོད་ཀྱིས་འགྲན་བཙུགས་ན། ཁྱིམ་བདག་དང་དགེ་རྒན་གྱི་ཁ་ཏ་ཙམ་བྱེད་པ་དང་། བསམ་བློའི་སློབ་གསོ་རེ་མ་གཏོགས་གཏོང་མི་ཐུབ་ན། དེ་ལྟ་བུའི་སློབ་གསོའི་ལམ་ལུགས་ལ་བྱེད་ནུས་ཅི་ཙམ་ཡོད་དམ། 

    ཆད་གཅོད་མེད་པའི་སློབ་གསོ་ནི་སློབ་གསོ་གཉོམ་ཆུང་ཞིག་ཡིན་ལ། སློབ་གསོ་ཟོལ་མ་ཞིག་ཀྱང་ཡིན། ལྷམ་ཕྱི་ནས་ཟ་འཕྲུག་གསོད་པ་ལྟ་བུའི་སློབ་གསོ་དང་། འགན་མི་འཁུར་བའི་སློབ་གསོ་ཡིན། 

   བྱིས་པ་གཅེས་ལངས་བཏང་ན་བསད་དང་མཚུངས་སྟེ། བྱིས་པ་སྦྲང་རྩི་དང་བསྟོད་བསྔགས་ཁྲོད་ནས་འཚར་ལོངས་བྱུང་མི་རུང་། འོས་མཐུན་གྱི་སྐྱོན་བརྗོད་ལ་ཕན་པ་བརྒྱ་ལས་གནོད་པ་གཅིག་ཀྱང་མེད། བྱིས་པ་ནི་སྡོང་སོན་དང་འདྲ་སྟེ། དུས་ལྟར་ཡན་ག་མ་བཅད་ན་མཁོ་མེད་ཀྱི་འབྲོག་སྡོང་ལྟ་བུར་འགྱུར་སྲིད། 

     ཁྱིམ་བདག་རང་ཉིད་ཀྱིས་བྱིས་པར་བདག་དོམ་ནན་མོ་བྱེད་དགོས་པར་མ་ཟད། དགེ་རྒན་དང་ལངས་ཕྱོགས་གཅིག་གྱུར་བྱས་ནས། བློ་གཅིག་སེམས་གཅིག་གིས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། དགེ་རྒན་མང་ཤས་ཀྱིས་སྐྱོན་བརྗོད་བྱེད་དོན་བྱིས་པའི་ཆེད་ཁོ་ན་ཡིན། སྐྱོན་བརྗོད་དེའི་རིགས་ནི་ཤ་ཚའི་དྲན་སྐུལ་དང་འགན་འཁྲི་མངོན་ཚུལ་ཡིན། སྐྱོན་བརྗོད་བྱས་པ་འགྲིག་ཚེ་ཁྱིམ་བདག་གིས་དགེ་རྒན་ཚོར་རྒྱབ་སྐྱོར་བྱས་ན་འོས།

    མི་མང་པོ་ཞིག་གིས་ནར་སོན་སྐབས་དགེ་རྒན་ལ་བཀའ་དྲིན་ཞུ་དོན། དགེ་རྒན་གྱིས་དུས་ཐོག་སྐྱོན་བརྗོད་བྱས་པས་སྐྱོན་གྱི་རྟ་ཁ་འཐེན་ ཐུབ་ནས། གནད་དོན་ཆེན་པོ་འབྱུང་མ་དགོས་པས་ཡིན། དགེ་རྒན་མང་ཤས་ཀྱིས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་བཀའ་དྲིན་ཚོར་མཁན་ནི་སྔར་སྐྱོན་བརྗོད་མང་དུ་བྱས་མྱོངས་པའི་སློབ་མ་དེ་དག་རེད་ཟེར། 

     ཕ་བཙན་པོའི་བུ་རྒྱུད་བརྙེན་བཀུར་ཆེ། མ་བཟང་བོའི་བུ་ཚ་ངན་པ་སྐྱོང་ཟེར་བ་ལྟར། བྱིས་པ་ཚོ་ཐུག་མི་རུང་ལ། རེག་མི་རུང་བའི་སྲོག་ཆགས་དཀོན་པོ་ཞིག་ཏུ་བརྩི་མི་རུང་། ཅི་ལྟར་སྲོག་ཆགས་དཀོན་པོ་ཡིན་ན་ཚེ་སྲོག་གི་རྒྱུ་བ་དེ་ལྟར་ཞན།

   ན་གཞོན་དར་ན་རྒྱལ་ཁབ་དར་ལ། ན་གཞོན་མཛངས་ན་རྒྱལ་ཁབ་མཛངས་པ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ljbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་གསོ་པུའུ་ཡི་པུའུ་ཀྲང་གསར་བས་ཁྲིད་ལྕག་ཕྱིར་དགེ་རྒན་ལ་སྤྲད་ན་འགྲིག་ཟེར།   སྤེལ་མཁན།: བསྟན་འཛིན། སྤེལ་དུས:2022/8/28
དང་པོར་ཞུ་འདོད་པའི་རེ་བ་ཉག་གཅིག་ནི། ཉེས་རྩོམ་ཉོག་རིང་འདི་ལྟ་བུ་བསྒྱུར་བའི་ངལ་བ་བྱེད་པ་ལས། ལེགས་རྩོམ་གཅེས་བཏུས་ཤིག་ལ་འབོད་རོགས་ཞུ། ཞེས་པ་དེ་ཡིན་ལ།གཉིས་པ་བཤད་འདོད་པའི་སྐད་ཆ་ནི། བྱིས་པར་སློབ་གསོ་གཏོང་དགོས་པ་བདེན་དུ་ཆུགས་ཀྱང་། གདོན་མའི་སྔོན་སྲོལ་ལྟར་གཅར་རྡུང་དང་། དྲག་སྤྱོད་ཀྱིས་སློབ་གསོ་གཏོང་བའི་ཆེས་ཐབས་མི་ལེགས་པའི་སློབ་གསོ་གཏོང་དགོས་པ་གང་ཡང་ཡོད་མ་རེད། དེང་སྐབས་དཔལ་ཡོན་དང་། ཀུན་སྤྱོད་ཀྱིས་ཆེས་ཕྱུག་པའི་རྒྱལ་ཁབ་དང་མི་རིགས་དག་གི་བྱིས་པར་ཡང་། དྲག་པོས་སློབ་གསོ་གཏོང་བ་གང་དུ་ཡོད། རྡུང་བས་བསླབ་བྱ་རྒྱག་པ་གང་དུ་གདའ། བདེ་སྐྱིད་དང་ཀུན་སྤྱོད་ཀྱིས་འཛམ་གླིང་ལ་མིག་རྒྱ་བསྐྱེད་མྱོང་བའི་ཉི་ཧོང་བ་དག་གིས་བྱིས་པར་སློབ་གསོ་རྒྱག་སྟངས་གོ་ཨེ་མྱོང་ལགས། ཡང་ན་བདེ་སྐྱིད་ཆེས་འཛོམས་པའི་ ཧྥིན་ལན་རྒྱལ་ཁབ་ཀྱི་བྱིས་པར་སློ་གསོ་ག་རེ་རྒྱག་པ་མ་ཤེས་སམ། རྩོམ་པ་པོ་འདི་དང་། རྩོམ་འདི་ལྟ་བུ་ནི་ཅུང་ཁག་མ་མཆིས་ཏེ། རྒྱའི་རིགས་ཀྱི་སློབ་མ་ནི་དང་པོ་ཉིད་ནས་ཕ་མའི་ཀུན་སྤྱོད་ཀྱིས་བཞག་པའི་ཤན་ཤུགས་ངན་པ་རང་ཆེས་སུ་ཡོད་པས། ཡང་ན་གཡོ་རྒྱུ་དང་སྒོར་མོ་མ་གཏོགས་ཆེས་རིན་ཐང་ཅན་གྱི་ལོངས་སྤྱོད་དེ། ཀུན་སྤྱོད་དང་ལྷག་བསམ་ནི་ཟ་རྒྱུ་ཟིག་ཡིན་ནམ་གོན་རྒྱུ་ཞིག་ཡིན་པར་དོགས་པ་ཟ་བའི་རྒྱའི་རིགས་ཀྱིས་དེ་ལྟར་རྒོལ་རྡུང་དྲག་གསུམ་གྱིས་སློ་གསོ་གཏོང་བར་སྐུལ་ནའང་ཐང་མོད་ཀྱི་ ང་ཚོ་ནི་དེ་ལྟ་མ་ལེགས་སོ།། དེ་བས་ཀླགས་རིན་དང་ལྟ་རིན་ཡོད་པ་རེ་བརྒྱུར་རྒྱུ་ནི་རེ་བ་ཉག་གཅིག་སྟེ་ཉོག་རྩོམ་འདི་ལྟ་བུ་བསྒྱུར་ན་རང་གཞན་སུ་ལའང་ཤན་ཤུགས་ངན་པ་ཐེབས་སྲིད་པས་གཟབ་པར་འཚལ་ལགས་ཞུ།།།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23548542
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།