ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། ༤ གསར་འགོད་པ། ལྷ་ཐོག་ཀུན་དགའ་ཚེ་རིང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། ༤ གསར་འགོད་པ། ལྷ་ཐོག་ཀུན་དགའ་
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། ༤ གསར་འགོད་པ། ལྷ་ཐོག་ཀུན་དགའ་ཚེ་རིང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-22ལྟ་ཀློག (7593)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །ལྷ་ཐོག་རྒྱལ་བོའི་ཡང་སྤྲུལ་ལྷ་བླ་མ་བསོད་ནམས་འགྱུར་མེད་མཆོག་གི་རྣམ་ཐར་དད་པའི་ས་བོན།


གཅིག སྤྱི་ཡི་ཁོག་དབུབ།

འདིར་གླེང་བར་བྱ་བ་ནི་སྤྲུལ་པའི་སྐྱེས་མཆོག་ལྷ་བླ་མ་བསོད་ནམས་འགྱུར་མེད་མཆོག་གི་རྣམ་ཐར་ཡིན་ལ། དེ་ཉིད་བཤད་པར་བྱ་བ་ལ་ཐོག་མར་ཁོང་གི་སྐུ་སྐྱེ་གོང་མ་ལྷ་ཐོག་རྒྱལ་རྒན་ནམ། ལྷ་ཐོག་རྒྱལ་པོ་ཀརྨ་དོན་འགྲུབ་དཔལ་ལྡན་གྱི་རྣམ་ཐར་ཟུར་ཙམ་ཤེས་པ་གལ་ཆེ་སྟེ། མི་རྗེ་དེ་ཉིད་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས། རྟེན་སྐལ་ཇོ་བོ་ཡིད་བཞིན་ནོར་བུ་གདན་འདྲེན་པའི་ཤིང་རྟའི་ཁ་ལོ་བ་གྱད་ལྷ་དགའ་དང་ཀླུ་དགའ་གཉིས་ཀྱི་ནང་གསེས། ལྷ་དགའི་གདུང་རྒྱུད་ལས་ཆད་པའི་སྲས་གུང་ཆུང་ཞེས་དཔའ་མཛངས་བློ་གྲོས་ལྡན་པ་ཞིག་བྱུང་བ་དེ་ཉིད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔའ་བ་སྟག་གི་ཡིག་ཚང་གིས་བསྟོད་དེ་མདོ་ཁམས་སྒང་དྲུག་གི་སྐྱེ་འགྲོ་སྐྱོང་ཞིང་མཐའི་སོ་ཁ་སྲུང་བར་བསྐོས་ཤིང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཕུར་སྲུང་དམ་ཅན་དུང་གི་སྐྱེས་བུ་གནམ་ལྷ་ཡེ་བརྫུ་དཀར་པོ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་འགོ་བའི་དགྲ་ལྷར་མངགས། མི་ནི་ལྷ་དང་མཚུངས་ཤིང་ལྷ་ཡི་ནུས་མཐུ་ཐོག་ལྟར་མྱུར་བའམ།  ཡང་ན་རྒྱལ་པོ་ནི་མི་ཡི་ལྷ་ཡིན་ཞིང་མདོ་ཁམས་ཡུལ་གྱི་རྗེ་བོར་བྱོན་པ་ལ་སྔ་བ་ཡིན་པས་མཚན་ཡང་ལྷ་ཐོག་རྒྱལ་བོ་ཞེས་གྲགས་པ་བྱུང་བ་དེའི་གདུང་རབས་ཟམ་མ་ཆད་པ་ལས་ཡབ་རྗེ་ལྷ་ཐོག་རྒྱལ་བོ་ཚེ་བརྟན་འགྱུར་མེད་དང་། ཡུམ་ཏྲེ་ཧོ་སྲས་མོ་སྒྲོན་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་ཕག་སྤྱི་ལོ་༡༨༨༧ལོར་ལྷ་ཐོག་ཕོ་བྲང་དུ་སྐུ་འཁྲུངས་ཤིང་། མཚན་གྱི་རྣམ་གྲངས་ལ་མི་དབང་ཐའེ་ཇི་བསོད་ནམས་འགྱུར་མེད་དང་། ཀརྨ་དོན་འགྲུབ་དཔལ་ལྡན། བསོད་ནམས་དབང་ཕྱུག་ཚེ་རིང་རྣམ་པར་རྒྱལ་བའི་ལྷ་སོགས་མང་ངོ་། 

རྗེ་དེ་ཉིད་ལྷན་སྐྱེས་སུ་ཐུགས་སྒམ་ལ་བཀའ་བཙན་པ་སོགས་མི་དབང་ལ་ཚང་དགོས་པའི་ཁྱད་ཆོས་ལྡན་ཞིང་། བྱམས་མགོན་སི་ཏུ་པདྨ་དབང་མཆོག  ཟུར་མང་དྲུང་པ་ཆོས་ཀྱི་ཉིན་བྱེད། དྲུང་རམ་རྒྱལ་སྤྲུལ་སོགས་དམ་པའི་སྐྱེ་བུ་དུ་མའི་མདུན་ནས་ནང་བསྟན་རིག་གནས་དང་བཅས་པར་ཐོས་བསམ་མཛད་ཅིང་།  ལྷ་ཐོག་དགོན་སྡེའི་ཆོས་སྲིད་གཉིས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་ཆོས་སྲིད་ཀྱི་དབུ་འཕང་དགུང་དུ་བསྟོད་པས་ཆོས་རྒྱལ་སྲོང་བཙན་སྒམ་པོ་སླར་ཡང་མདོ་ཁམས་ཕྱོགས་སུ་ཕེབས་པ་དང་གཉིས་སུ་མ་མཆིས་ཞེས་གྲགས་པའི་བ་དན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གཡོས།

ཁོང་གི་གསུང་རྩོམ་ལ། ལྷ་ཐོག་ཡེ་བརྫུའི་སྒྲུབ་ཐབས་ཡེ་རྒན་མ།  དམ་ཅན་དགྱེས་རོལ།  ཁ་ཆེ་གཡུ་རྫོང་། ཟིན་ཏིག་བདུད་རྩི་ཐིགས་པའི་སྡུད་པོད་དགོས་དགུའི་བང་མཛོད་སོགས་མང་དུ་མཆིས། མཐར་དགུང་གྲངས་ང་གཉིས་ཏེ་སྤྱི་ལོ་༡༩༣༩ལོར་རྒྱལ་ས་ལྷ་ཐོག་སྒྲུབ་སྡེ་ཨ་ཏི་ཁྱབ་བརྡལ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། 

གཉིས། རྣམ་ཐར་དངོས་ལས། སྐུ་བལྟམས་ཚུལ།

ད་ནི་མི་རྗེ་དམ་པ་དེ་ཉིད་ཀྱི་སྤྲུལ་པའི་སྐྱེས་མཆོག་ལྷ་བླ་མ་བསོད་ནམས་འགྱུར་མེད་དམ། ཡོངས་གྲགས་ཀྱི་མཚན་ལ་དཀར་དགོན་སྤྲུལ་སྐུ་ཞེས་ཞུ་བ་དེ་ཉིད་ཀྱི་རྣམ་ཐར་དངོས་ལ་འཇུག་པར་བྱ་སྟེ།

དེ་ཡང་། དཔལ་རྒྱལ་དབང་ཀརྨ་པ་དེ་བཞིན་གཤེགས་པའི་ལུང་བསྟན་ལས།

མདོ་ཁམས་ཟལ་མོ་སྒང་རྒྱུད་ལ། 

ལས་ཅན་སྐྱེས་བུ་སྟོན་ཟླའི་མདོག 

ཆོས་དབྱིངས་འགྱུར་མེད་གཤིས་ལ་རྫོགས། 

འགྲེལ་ཚད་པདྨ་འོད་དུ་འདྲེན། 

ཞེས་དང་། 

རཏྣ་གླིང་པའི་གཏེར་ལུང་ལས།

ལང་འགྲོའི་སྐྱེ་བ་བསོད་ནམས་མཚན། 

དེ་ཡིས་ཆོས་འདི་བདག་པོ་བྱེད། 

དགེ་བཅུ་དར་བའི་ས་ཕྱོགས་སུ། 

བསྟན་པའི་རྒྱལ་མཚན་འཛུགས་པར་མཛད། 

ཅེས་དང་། 

ཡང་འཇམ་དཔལ་རྩ་རྒྱུད་ལས།

ཡི་གེ་ཀ་ཞེས་རྣམ་པར་བསྒྲགས། 

འཇིགས་མེད་དྲན་དང་ལྡན་པ་ཉིད། 

ལོ་ནི་ཉི་ཤུའི་བར་དག་ཏུ། 

ས་སྐྱོང་རྒྱལ་བོ་བྱེད་པར་འགྱུར། 

ཞེས་སོགས་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་ལྷ་ཐོག་ཆོས་ཀྱི་རྒྱལ་བོ་བསོད་ནམས་འགྱུར་མེད་ཚེ་རིང་དབང་ཕྱུགས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའམ། མི་རྗེ་ཀརྨ་དོན་འགྲུབ་དཔལ་ལྡན་དེ་ཉིད་ཀྱི་ཡང་སྤྲུལ་ལྷ་བླ་མ་བསོད་ནམས་འགྱུར་མེད་མཆོག་ནི་མདོ་སྨད་སྡེ་དགེའི་མངའ་ཁོངས་གཏེར་ལུང་ཞེས་དགེ་བཅུ་ཚང་བའི་ཡུལ་དུ། སྤྱི་ལོ་༡༩༧༥ལོར་ཡབ་མི་ཐོག་ཐུབ་བསྟན་བློ་གྲོས་དང་།   ཡུམ་བྱ་ཁྱུང་བརྩོན་འགྲུས་སྒྲོལ་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་ཡི་མཚན་དཔེ་གསར་དུ་བཞད། དེའང་སྐྱེས་མཆོག་གང་ཉིད་ཡུམ་གྱི་ལྷུམས་སུ་གནས་ཚེ་ཡབ་གཞིས་ཀྱི་ཉེ་འཁོར་དུ་དགུན་དུས་ཀྱང་བ་ལུའི་ཤིང་ལ་མེ་ཏོག་ཤར་ཞིང་། མ་ཡུམ་གནས་སྐོར་ལ་ཕྱིན་ཚེ་གནས་རིའི་བྲག་ངོས་ལས་སློབ་དཔོན་པད་འབྱུང་གསལ་བོར་མཇལ་བས། དེ་མ་ཐག་ཕྱག་འཚལ་ཞིང་གསོལ་བ་བཏབ་ཅིང་རོགས་པ་དག་ལའང་དེ་ཚུལ་བཤད་པས། ཚང་མས་ཐུན་མོང་དུ་མཇལ་བའི་ངོ་མཚར་བའི་སྣང་ཚུལ་བྱུང་། དེ་ལྟར་བཀྲ་ཤིས་པའི་སྔ་ལྟས་སྣ་ཚོགས་བྱུང་བའི་གཏམ་བཟང་ཡུལ་མི་དག་གིས་གཅིག་ལས་གཉིས་བརྒྱུད་དེ་ས་ཕྱོགས་གང་སར་ཁྱབ་སྟེ། ཡུམ་ཆེན་བྱ་ཁྱུང་བརྩོན་འགྲུས་སྒྲོལ་མར་སྤྲུལ་པའི་སྐྱེས་མཆོག་ཅིག་འཁྲུངས་ཡོང་བར་ཀུན་གྱིས་རེ་སྒུག་བྱས། སྐུ་འཁྲུངས་མ་ཐག་དབུ་ལ་གཙུག་གཏོར་ལྟ་བུའི་ཤ་འབུར་ཡོད་ཀྱང་ཉིན་གསུམ་བཞིའི་མཚམས་ནས་རིམ་བཞིན་ཡལ་ཏེ་ད་ལྟ་ཐུན་མོང་གི་མཐོང་སྣང་དུ་མ་གྱུར་ཏོ། 

གསུམ། ཆོས་ཞུགས་དང་ངོས་འཛིན་ཁྲིར་འདོན་མཛད་ཚུལ། 

དེ་ནས་དགུང་ལོ་བརྒྱད་ལོན་པ་དང་སྔ་འགྱུར་རྙིང་མའི་ཆོས་སྡེ་ཁང་དམར་དགོན་དུ་ཚོགས་ཞུགས་མཛད་དེ། ཆོ་ག་ཆོས་སྤྱོད། འབུད་རྡུང་དཀྲོལ་གསུམ་སོགས་ལ་སྦྱངས་པ་མཛད་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་ཅིང་མཆོད་དཔོན་ཆེན་མོའི་འགན་ཡང་བཞེས། དགུང་གྲངས་བཅུ་དྲུག་ཐོག་གྲུབ་ཆེན་ཚེ་དབང་དཔལ་ལྡན་གྱིས་ལྷ་ཐོག་རྒྱལ་བོའི་ཡང་སྤྲུལ་ལམ། དཀར་ལེགས་དགོན་པར་བསྟན་པའི་བདག་པོ་ཁྱད་དུ་འཕགས་པ་ཞིག་དགོས་ཚུལ་ཞུས་པ་བཞིན་དུ། བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་མཆོག་གིས་ལྷ་ཐོག་རྒྱལ་བོ་ཀརྨ་དོན་འགྲུབ་དཔལ་ལྡན་གྱི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་གདན་ས་དཔལ་སྤུངས་དགོན་དུ་ན་བཟའ་ཁྲུས་གསོལ་དང་མངའ་གསོལ་གཟེངས་བསྟོད་མཛད་ཅིང་། གྲུབ་ཆེན་ཚེ་དབང་དཔལ་ལྡན་སོགས་ཀྱིས་རང་དགོན་དུ་གདན་དྲངས་ཏེ་ཁྲི་འདོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ།

སྤྲུལ་པའི་སྐྱེ་མཆོག་ཁོང་ཉིད་ལྷ་ཐོག་རྒྱལ་རྒན་ནམ་ཀརྨ་དོན་འགྲུབ་དཔལ་ལྡན་གྱི་ཡང་སྤྲུལ་དུ་ངོས་འཛིན་དང་གདན་འདྲེན་བྱེད་དུ་ལྷ་ཐོག་དགོན་པའི་བླ་གྲྭ་དག་ཕེབས་ལ་ཉེ་དུས། ཡུམ་གྱི་གཟིམ་ལམ་ལས་རྒྱང་རིང་གི་ལ་ཁའི་བར་སྣང་ནས་སྤྲུལ་སྐུ་གདན་འདྲེན་ཞུ་རུ་ཡོང་བ་ཡིན་ཞེས་སྔར་མཐོང་མ་མྱོང་བའི་བྱ་ལྔ་འཕུར་ཡོང་སྟེ། བྱ་གཅིག་ཁོང་མོའི་ཕྲག་གཡས་སུ་བབས་པར་རྨིས། དེ་ནི་ལྷ་ཐོག་རྒྱལ་རབས་རིམ་བྱོན་གྱི་བཀའ་ཡི་སྲུང་མ་ཆེན་པོ་དམ་ཅན་དུང་གི་སྐྱེས་བུ་གནམ་ལྷ་ཡེ་བརྫུ་མཆེད་ལྔའི་སྤྲུལ་པ་ཡིན་ཚུལ་ཀུན་གྱིས་གླེང་།

རྗེས་ནས་རྨི་ལམ་མ་ཡིན་པར་མཐོང་མ་མྱོང་བའི་བྱ་ཞིག་དངོས་སུ་འཕུར་ཡོང་སྟེ་གྲོང་རོགས་ཁྱིམ་མཚེས་ཀྱི་བྱིས་པ་འགས་གནས་གཞན་དུ་དཀྲོག་ཀྱང་མ་འཕུར་བར་སྤྲུལ་སྐུ་འཚོགས་རར་ཕེབས་ཚེ་ཁོང་གི་གཟིམས་མལ་དུ་བབས་པ་སོགས་བྱས་ཏེ་ཟླ་ཤས་རིང་ཡབ་གཞིས་སུ་ཚང་མལ་བྱས།

དེ་ནས་ཉིན་ཞག་འགའ་འདས་རྗེས་སྤྲུལ་སྐུ་གདན་འདྲེན་ཞུ་རུ་ཡོང་བ་ཡིན་ཞེས། ཡང་མི་དཀར་རྟ་དཀར་ཅན་ཞིག་སྒོར་ཐོན་ཏེ་ཁང་ཐོག་ཏུ་ཡོང་བ་རྨིས།

ཡང་ཉིན་འགའི་རྗེས་སུ་སྤྲུལ་སྐུ་གནས་གཞན་དུ་ཕེབས་གྲབས་དགོས་པ་རེད་ཅེས་ཁོང་ཚང་གི་མཆོད་ཁང་དར་གོས་སེར་པོས་གཡོགས་པ་སོགས་ངོ་མཚར་བའི་རྨི་ལྟས་སྣ་ཚོགས་རྨིས།

དེ་བས་ལྷ་ཐོག་དགོན་པའི་བླ་གྲྭ་དག་སྤྲུལ་སྐུ་གདན་འདྲེན་ཞུ་བར་ཡབ་གཞིས་སུ་ཐོན་ལ་ཉེ་བའི་སྔ་ཉིན། དམ་པའི་སྐྱེས་བུ་ཁོང་ཉིད་འཚོགས་གྲལ་དུ་ཕེབས་ཁར་ཡབ་ཡུམ་གཉིས་ལ་ཁང་ཁྱིམ་གཙང་སྦྲ་དང་གད་ཕྱིས་བྱོས། བཟའ་བཏུང་གྲ་སྒྲིག་གྱིས་ལ་སྒུགས་དང་འགྲུལ་པ་ཡོང་རྒྱུ་རེད་ཅེས་དང་། ཚོགས་གྲལ་དུ་ཐོན་དུས་ཆོས་གྲོགས་དག་ལ་ད་ནི་ང་རང་ཁྱེད་ཚོ་དང་ཁ་བྲལ་ཏེ་གནས་གཞན་ཞིག་ཏུ་འགྲོ་རན་སོང་བས་སེམས་པ་སྐྱོ་བཞིན་ཡོད་ཚུལ་སོགས་གསུང་གླེང་སྣ་ཚོགས་མཛད་པས། མཆེད་གྲོགས་དག་གིས་ཁྱོད་ཀྱིས་ཅི་ཞིག་བཤད་པ་ཡིན། གང་དུ་འགྲོ་རྩིས་ཡོད་ཅེས་སོགས་བཤད་པ་ལས་མ་འོངས་ལུང་བསྟན་ཡིན་པ་སུས་ཀྱང་མ་ཤེས་མོད། ཕྱི་ཉིན་ཁོང་གི་གང་གསུངས་པ་བཞིན་མངོན་དུ་གྱུར་པས་ཡུལ་དེའི་སྡེ་དགོན་དང་ནང་མི་མཐའ་དག་ངོ་མཚར་ཞིང་ཁོང་ལ་རབ་ཏུ་དད་པར་གྱུར།

ཁོང་ངོས་འཛིན་ཅིང་རང་དགོན་དུ་གདན་དྲངས་སྐབས་གྲུབ་ཆེན་ཚེ་དབང་དཔལ་ལྡན་གྱིས་དོ་ནུབ་གཟིམ་ལམ་ཅི་བྱུང་བརྟག་པར་མཛད་དགོས་ཞེས་གྲྭ་པ་དག་ལ་གསུངས་ཤིང་། ཕྱི་ཉིན་གྲྭ་པ་རེ་རེ་བཞིན་ལ་དྲིས་པས་གྲྭ་བསམ་འགྲུབ་ཀྱིས་མདང་ནུབ་བླ་མ་ཞིག་གིས་སིལ་སྙན་ཆེན་པོ་ཞིག་གནང་བྱུང་བས་ལག་ནས་ཤོར་ལ་ཁད་དུ་གྱུར་པ་རྨིས། ཞེས་ཞུས་པས།    བླ་མས། འོ་རེད། སིལ་སྙན་ཆེ་བ་ནི་སྤྲུལ་སྐུ་འདི་ཉིད་ངོ་མཚར་ཞིང་འཛམ་གླིང་ལ་གྲགས་པས་ཁྱབ་པ་ཞིག་ཡིན་པ་སྨོས་མེད་དུ་འདུག་ཀྱང་། ལག་ནས་ཤོར་ལ་ཁད་དུ་གྱུར་པ་ནི་ང་ཚོ་སྡེ་དགོན་གཉིས་པོའི་བསོད་ནམས་དང་དབང་ཐང་གིས་མི་ཐེགས་པ་འདྲ་ཞེས་གསུངས་པ་དོན་ལའང་དེ་ལྟར་དུ་གྱུར་ཏེ་ད་ལྟ་སྤྲུལ་སྐུ་རིན་པོ་ཆེ་གནས་ངེས་མེད་དུ་ཕེབས་ཚུལ་བསྟན་བཞིན་པ་འདིའི་རྨི་ལྟས་སུ་བྱུང་བ་འདྲའོ། 

བཞི། ཐོས་བསམ་མཛད་ཚུལ། 

སྐབས་དེར་ཁོང་ལ་ཐོབ་གོ་ས་མཚན་སྙན་གྲགས་སོགས་ཆེ་བར་རློམ་པའི་མཐུན་རྐྱེན་མ་ལུས་ལེགས་པར་ཚང་ཡང་། ཁེངས་པའི་དྲེགས་པ་རྨང་ནས་སྤངས་ཏེ། བྱམས་མགོན་སི་ཏུ་རིན་པོ་ཆེ་དང་།  གྲུབ་ཆེན་ཚེ་དབང་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེ།  གྲུབ་དབང་ལུང་རྟོགས་རྒྱལ་མཚན། ཆོས་རྗེ་འཇིགས་མེད་ཕུན་ཚོགས།  ཨ་འཛོམས་འབྲུག་པ། དགའ་རྗེ་ཁམས་དབང་སྤྲུལ་སྐུ། དཔལ་ཡུལ་ཐུབ་བཟང་། ཀླུ་ལྡིང་མཁན་རིན་པོ་ཆེ། ཁྲ་གླིང་པད་བློ་སོགས་རིས་མེད་ཀྱི་བཤེས་གཉེན་དུ་མར་ཚུལ་བཞིན་བསྟེན་ནས་དབང་གདམས་མན་ངག་དུ་མ་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་། དཔལ་སྤུངས་བཤད་གྲྭ་དང་། རྫོང་སར་བཤད་གྲྭ་སོགས་སུ་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་ལེགས་པར་མཛད།

 ལྔ། རྟེན་བཞེངས་མཛད་ཚུལ།

དེ་འདྲའི་ལྷ་མི་ཀུན་གྱི་རྗེ་བོར་ཕེབས་ན། རྒྱུ་འབྱོར་མངའ་ཐང་རབ་ཏུ་རྒྱས་ཤིང་། ཤ་དང་རྒྱུ་མའི་སྡེར་ཁ་བསྐངས་ཏེ་སྐུ་ཡི་གསུས་པ་ཡུལ་ལྗོངས་ཙམ་འཕྱང་བའི་དཔོན་ཆེན་དེ་འདྲ་ཞིག་མིན་ནམ་སྙམ་ན། དེའང་མ་ཡིན་ཏེ་ཁོང་ནི་འབུལ་རྫས་མཐའ་དག་སྡེ་དགོན་དང་རྟེན་བཞེངས་ཀྱི་ཆེད་དུ་སྤྱོད་ཅིང་། ཕྱག་རྫོགས་ཀྱི་ཉམས་ལེན་ལ་འབད་པ་ལྷོད་མེད་གནང་མཁན་ཞིག་ལས། ལྷོད་གཡེང་ངང་བཞེས་རྐྱང་དང་གཟིམས་རྐྱང་གིས་དུས་ཚོད་བརླག་མཁན་ཞིག་གཏན་ནས་མ་ཡིན་ནོ། 

དེ་བས། ལྷ་ཐོག་དཀར་ལེགས་དགོན་ཏེ་རང་དགོན་གྱི་འདུ་ཁང་དུ། རྒྱལ་བ་བྱམས་པ་དང་། སྟོན་པ་གཙོ་འཁོར་གསུམ། མར་མེ་མཛད་བཅས་ཀྱི་འདྲ་སྐུ་ཐོག་ཚད་གཉིས་ཙམ་རེ་དང་། སངས་རྒྱས་སྟོང་སྐུ། གྲུབ་ཆེན་ཚེ་དབང་དཔལ་ལྡན་གྱི་འདྲ་སྐུ། ཡེ་བརྫུའི་མགོན་ཁང་དུ་ཡེ་བརྫུ་མཆེད་བདུན་གྱི་འདམ་སྐུ་དང་། མགོན་ཆེན་ཁང་དུ་མ་མགོན་མགར་གསུམ་གྱི་འདམ་སྐུ། གྲོ་ལོད་མགོན་ཁང་དུ་གྲོ་ལོད་དཔེ་ཚན་བརྒྱད་པའི་ཞལ་ཐང་དང་། ཡེ་བརྫུའི་ཞལ་ཐང་བཅས་བཞེངས་གནང་ལ། རྒྱལ་བ་བྱམས་པའི་སྐུའི་གཟུངས་གཞུག་ཏུ་འོད་དཔག་མེད་ཀྱི་སྐུ་ལི་མ་སོར་ལྔ་ཅན་གཅིག་དང་། ཡེ་བརྫུའི་སྐུའི་གཟུངས་གཞུག་ཏུ་གནམ་ལྕགས་ཀྱི་མཆོད་རྟེན། རྨ་རྒྱལ་སྤོམ་རའི་གཏེར་སྒམ་ལས་བྱུང་བའི་གཟི་མིག་མེད་གཅིག་བཅས་བཞག་གནང་ངོ་། 

དེ་མིན་རང་དགོན་གྱི་དགུ་ཚེས་བཅུའི་ཞལ་འབག་གྲངས་བརྒྱ་དང་སུམ་ཅུར་ཉེ་བ། འཆམ་གོས་གྲངས་བརྒྱ་དང་དྲུག་ཅུ་ཙམ། ད་དུང་སྐབས་དེའི་མཆོད་ཆས་ཏེ་ཐོད་ཕོར་དང་ཁྲོ་ཕུར་སོགས་བརྒྱ་དང་དྲུག་ཅུ་ལྷག་ཙམ་གསར་བཞེངས་གནང་ཞིང་། འདུ་ཁང་གི་ལྷ་སྐུའི་མདུན་དུ་རྒྱུ་སྤུས་བཟང་བའི་བདུན་ཚར་དང་། མཆོད་ཀོང་མཚན་ཐུབ། གསེར་ལས་གྲུབ་པའི་སྒྲོལ་སྐུ་རྙིང་པ་མཁྱིད་གང་ཙམ་དང་། ཆ་ལག་ཚང་བའི་གསེར་སྒ་གཅིག་བཅས་ཀྱང་རྟེན་བཞག་མཛད་པ་མ་ཟད། འདུ་ཁང་གི་ལོགས་བྲིས་གྱང་ལྷ་སོགས་བཟོ་བཀོད་ཀྱི་མཐུན་རྐྱེན་ཡང་གནང་སྟེ། མདོར་ན་༡༩༩༡ནས་༢༠༠༧བར་དུ་འབུལ་སྡུད་ལ་ཕེབས་པ་སོགས་ལས་བྱུང་བའི་དངོས་རྫས་མཐའ་དག་རང་དགོན་གྱི་གྲྭ་ཚང་གཞུང་གི་ཚོགས་པ་དང་། རྟེན་བཞེངས་ཀྱི་ཆེད་དུ་སྤྱོད་པ་ལས་སྒེར་གྱིས་བདག་ཏུ་བཟུང་བའི་ལོ་རྒྱུས་མེད།

     སྐབས་ཤིག་ལ་འཕྲལ་རྐྱེན་སྣ་ཚོགས་ཀྱིས་རང་དགོན་དུ་མ་བཞུགས་པར་ཕྱོགས་ངེས་མེད་དུ་གནས་མཇལ་དང་། དམ་པའི་སྐྱེས་ཆེན་མང་བོར་མཇལ་འཕྲད་མཛད་དེ་དམ་ཆོས་ཐོས་བསམ་གྱི་ལས་ལ་གཞོལ་བ་མ་ཟད། ཐུགས་ཁོམ་གྱི་དུས་ཚོད་མཐའ་དག་ཕྱག་རྫོགས་ཉམས་ལེན་གྱིས་འདའ་བར་མཛད་ཅིང་། ཉ་སྟོང་སོགས་དུས་ཚེས་ཁྱད་པར་བ་དག་ལ་སྲོག་བསླུ་རྒྱུན་མ་ཆད་པར་མཛད་པ་དང་། དད་ལྡན་མཇལ་ཞུ་བ་དག་ལའང་ནམ་ཉིན་མཚན་ཀུན་དུ་མཇལ་ཁ་བསྟན་ཅིང་། ཅི་འདོད་པའི་རེ་བ་མཐའ་དག་བསྐང་བར་མཛད་བཞིན་བཞུགས་ཡོད་དོ། 

       སླར་ཡང་༢༠༠༦ལོར་རང་དགོན་དུ་ཐོག་རྩེག་གཉིས་ཅན་གྱི་གཟིམས་ཁང་བཞེངས་ཤིང་། ལྟུང་བཤགས་ལྷ་སོ་ལྔ་དང་། ཡེ་བརྫུ་མཆེད་བདུན་གཙོར་བྱས་པའི་སྒོར་ཁྲི་བཞི་བཅུར་ཉེ་བའི་ལྷ་སྐུ་བཞེངས་ཏེ་ད་ལྟའང་གཟིམས་ཁང་དུ་བཞག་ཡོད་ལ།

       ལྷ་ཐོག་དངུལ་རྫོང་དར་རྒྱས་ཆོས་གླིང་དགོན་དུ་རིན་སྒོར་ཁྲི་གཉིས་ལྷག་གིས་བྱས་པའི་སའི་སྙིང་བོའི་སྐུ་འདྲ་དང་། དུང་དམར། རྒྱ་གླིང་། རོལ་སིལ། དུང་དཀར། རྐང་གླིང་། བདུན་ཚར། ཟངས་ཀྱིས་མཆོད་ཀོང་མཚན་ཐུབ། འབོལ་གདན་བཅས་གནང་བ་མ་ཟད། ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་ལ་སྟག་རིའི་ལུང་པ་སོགས་དགོན་དེའི་ཉེ་འཁོར་ནས་ཡོང་བའི་འབུལ་རྫས་མཐའ་དག་དགོན་དེ་རང་དུ་གནང་དང་གནང་མུས་སུ་མཆིས།

      ༢༠༢༠ལོར་ཡབ་ཡུལ་ཁང་དམར་དགོན་དུ་གཙང་ས་སྐྱའི་ཐུབ་སྐུ་འཛམ་གླིང་གཡས་བཞག་ལ་དཔེ་མཛད་དེ་ཟངས་གསེར་ལས་གྲུབ་པའི་རྡོར་སེམས་སྐུ་རིང་ཚད་ལ་སྨི་དྲུག་དང་སྐར་ལྔ་ཅན་ཞིག་བཞེངས་ཏེ། དེའི་གཟུངས་གཞུག་ཏུ་ཛྷཻ་ཀྵིམ་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་དང་། ཐུབ་སྐུ་ལི་མ། གུ་རུའི་ཤངས་ཁྲག་ལས་གྲུབ་པའི་གུ་རུ་ང་འདྲ་མའི་སྐུ་བྱིན་ཅན། ཟངས་དཀར་བཀྲ་ཤིས་རྟགས་བརྒྱད་བཅས་ཀྱིས་མཚོན་པའི་ངོ་མཚར་ཞིང་བྱིན་ལྡན་གྱི་རྫས་སྣ་ཚོགས་ལེགས་པར་བཀོད་ཅིང་། དེའི་སྐུ་མདུན་དུ་མེ་ཏོག་བཤམ་ས་རིན་གོང་ཆེ་ལ་རྒྱུ་སྤུས་བཟང་བའི་དཀར་བུམ་རྙིང་པ་རིང་ཚད་ལ་སྨི་དྲུག་ཙམ་ཡོད་པ་ཆ་གཅིག་དང་། གསེར་དངུལ་ལས་གྲུབ་པའི་བདུན་ཚར། མཎྜལ།  ཡོན་ཆབ་འབུལ་སྣོད་ཆེ་ལེགས།  ཟངས་གསེར་གྱིས་གྲུབ་པའི་མཆོད་ཀོང་མཚན་ཐུབ་ཆ་གཉིས་བཅས་ཀྱང་བཀོད་གནང་ཡོད་དོ། 

ལྷ་སྐུ་དེ་ལྷ་ཁང་དུ་གདན་དྲངས་ཤིང་ཁོང་གིས་རབ་གནས་མཛད་སྐབས་ནང་ནས་བལྟས་ན་ལྷ་སྐུ་ལས་འོད་འཕྲོས་ཤིང་། ཕྱི་ནས་བལྟས་ན་ལྷ་ཁང་གི་ཡང་ཐོག་ནས་འོད་ཟེར་སྣ་ཚོགས་འཕྲོས་པ། མཁའ་ནས་འཇའ་ཚོན་སྣ་ལྔས་གུར་ཁང་ཕུབ་པ་སོགས་ངོ་མཚར་བའི་རྟགས་མཚན་སྣ་ཚོགས་ཡུལ་དེའི་སྡེ་དགོན་གཉིས་ཀའི་མི་སྣ་དག་གིས་ཐུན་མོང་དུ་མཐོང་ཞིང་། ལ་ལས་བཤད་ན་ལྷ་སྐུ་དེའི་ཞལ་མདོག་ལའང་འགྱུར་བ་སྣ་ཚོགས་བསྟན་རྒྱུ་ཡོད་སྐད་འདུག་གོ། 

ད་དུང་དགོན་དེར་དཔེ་རས་དང་བཅས་པའི་བཀའ་འགྱུར་ཚར་གཅིག་དང་། འབུམ་ཚར་གཅིག །ཐུབ་སྐུ་ལི་མ་རིང་ཚད་ལ་སྨི་གཅིག་ལྷག་ཙམ་ཡོད་པ།  གུ་རུའི་སྐུ་ལི་མ། རྡོར་སེམས་སྐུ་ལི་མ། བཀའ་གདམས་མཆོད་རྟེན་ཁྲུ་གང་ཅན།   བདེ་བཤེགས་སྨན་ལྷ་མཆེད་བརྒྱད་ཀྱི་ཐང་ཁ་རྙིང་པ་གཅིག་བཅས་གནང་བ་མ་ཟད། དགོན་དེའི་སྒྲུབ་ཁང་གི་སྒྲུབ་བླ་ཉི་ཤུར་ཉེ་བར་ཟླ་ཕོགས་མ་ཆད་པར་གནང་བཞིན་ཡོད་ལ། སྐབས་རེར་དགོན་གཞུང་ལའང་ཕྱག་འགྱེད་དང་མང་ཇའི་ཞལ་འདེབས་མཛད་བཞིན་ཡོད་དོ། 

ད་དུང་། གཏེར་རོང་དགོན་གྱི་འདུ་ཁང་དུ་གདུགས་རྒྱལ་མཚན་དང་། རོལ་ཆས་སོགས་དགོན་པའི་མཁོ་ཆས་སྣ་ཚོགས་ལེགས་པར་བཀོད་ཅིང་ཐུགས་ཁུར་དང་གཟིགས་སྐྱོང་གནང་དང་གནང་བཞིན་མཆིས་ལ།

མདོར་ན། རང་དགོན་དུ་མ་བཞུགས་པའི་ལོ་ཟླ་དེ་དག་གི་རིང་ལའང་གཞན་གྱིས་འབུལ་བའི་དངོས་རྫས་མཐའ་དག་འཁོས་ཆུང་བའི་དགོན་སྡེ་དང་ཉམས་ཐག་པའི་ནད་པ་སོགས་སྐྱེ་འགྲོ་མང་བོར་འཚོ་བའི་མཐུན་རྐྱེན་སྐྲུན་བྱེད་དུ་བཀོལ་བ་ལས་ཁོང་སྒེར་གྱི་འཚོ་རྟེན་དུ་སྤྱོད་མ་མྱོང་བ་ནི་ཁོང་ལ་ཆ་རྒྱུས་ཆེ་བའི་མི་སྣ་དག་གིས་མཁྱེན་གསལ་ལྟར་རོ། 

དྲུག འབྱུང་འགྱུར་གསལ་གཟིགས་སོགས་ཀྱི་སྐོར།

ཁོང་གི་གཟིམས་ལམ་སོགས་ལས་འབྱུང་འགྱུར་གསལ་གཟིགས་མཐའ་དག་གནད་དུ་ཁེལ་ཞིང་དོན་ལ་གནས་པ་མང་དུ་མཆིས་ཤིང་། ད་དུང་ཡང་མ་འོངས་ལུང་བསྟན་སྣ་ཚོགས་ཡོད་ཚུལ་ཐོས་ཀྱང་། ཁོང་ནི་ཁེངས་སྐྱུངས་ངང་བཞུགས་པ་ལས་འཇིག་རྟེན་གྲགས་པའི་ཕྱོགས་སུ་མི་བརྩོན་མཁན་ཞིག་ཡིན་སྟབས། རེ་རེ་བཞིན་ཡིག་ཐོག་ཏུ་སྤེལ་བར་ཐུགས་མོས་མེད་སྟབས་རེ་ཞིག་མ་བཀོད་ལ། སྔར་ཡིག་ཚོགས་སུ་སྤེལ་ཟིན་པའམ་ཕྱོགས་སུ་ཁྱབ་པའི་དངོས་ཡོད་གནས་ཚུལ་འགའ་ཞིག་བསྐྱར་དུ་གླེང་ན།

༢༠༠༦ལོར་ལྷ་ཐོག་ཁམས་མདོ་ཡུལ་ཚོའི་དུད་ཚང་ཞིག་གི་དངོས་རྫས་བོར་ཏེ་ཁོང་ལ་ཞུས་པས་སྦས་རྐུང་བྱས་གནས་སོགས་ཅི་གསུང་པ་བཞིན་གནད་དུ་ཁེལ་ཞིང་མངོན་དུ་གྱུར་པ་ནི་ཡུལ་མི་ཀུན་གྱིས་ངག་ལས་གླེང་བ་དང་། མི་གཞན་ཞིག་གིས་ཉམས་ཚོད་ལེན་ཕྱིར། སྔ་ལོར་བཤས་ཏེ་ཟོས་ཟིན་ཡང་ཐབས་གང་ལེགས་ངང་མ་ཡིན་ཁུལ་གྱིས་ངེད་ཚང་གི་མཛོ་མོ་གྭ་པ་ཞིག་བོར་སོང་བས་གང་དུ་འཚོལ་ན་ལེགས་ཚུལ་སོགས་ཞུས་པས། སྤྲུལ་སྐུས་ཚུལ་ལྟར་མཁྱེན་ཅིང་ཐད་ཀར་གསུངས་པས་ཞུ་བ་པོས་འགྱོད་བཤགས་དང་གུས་ཕྱག་མང་དུ་བྱས་ཤིང་ཕྱིན་ཆད་ཁོང་ལ་རབ་ཏུ་དད་པར་གྱུར་ཏོ། 

དེ་མིན་ཁོང་གི་དབུ་ཐོད་ལས་ཨ་ཡིག་དང་། ལ་ལས་སྒྲོལ་སྐུ། ལ་ལས་དུང་དཀར་སོགས་མཇལ་བ་བོའི་བསོད་ནམས་དང་འཚམས་པའི་མཇལ་ཁ་སྣ་ཚོགས་བསྟན་རྒྱུ་ཡོད་པ་ནི་དད་ལྡན་ཡུལ་མི་ཀུན་གྱིས་ནམ་རྒྱུན་གླེང་ཞིང་། དབང་དང་སྒྲུབ་ཆེན་གནས་མཇལ་སོགས་ཀྱི་སྐབས་སུ་ཁོང་གི་ཞལ་ངོ་ལས་ལྷ་སྐུ་འཕྲོས་པ་དང་། ཕྱག་གི་རྡོ་རྗེ་ལས་མེ་ལྕེ་མཆེད་པ། གཏོར་མ་ལས་བདུད་རྩི་འབབ་པ། ནམ་མཁའ་ནས་མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་རྣམ་ཐར་དག་ནི་ཕྲན་ཆུང་བདག་ལྟས་བཤད་བྱར་འོས་པ་དང་བློ་ཡིས་དཔོག་པ་ཞིག་མ་ཡིན་པས་ཤེས་འདོད་རྣམས་ཀྱིས་འབི་ནེ་རྡོ་རྗེ་རྣམ་རྒྱལ་གྱིས་བརྩམས་པའི་ལྷ་ཐོག་གདུང་རབ་རིམ་བྱོན་སོགས་སུ་གཟིགས་པར་འཚལ།

ད་དུང་གྲུབ་ཆེན་ཚེ་དབང་དཔལ་ལྡན་ཞལ་བཞུགས་སྐབས། མཚམས་རེར་སྐུ་ལུས་མ་བདེ་བ་རེ་བྱུང་ཚེ་ཁོང་ལ་འཕུར་མཉེད་མཛད་དུ་བཅུག་སྟེ་ཅུང་ཟད་བདེ་སྣང་ཤར་དུས། ཁྱེད་ཀྱི་ཐུགས་རྒྱུད་ལ་གཞན་ལས་འཕགས་པའི་ལྷན་སྐྱེས་ཀྱི་བྱམས་པ་དང་སྙིང་རྗེ་མངའ་བས་ཕན་སྐྱེད་ཆེ་བར་འདུག་ཅེས་ཡང་ཡང་བསྟོད་བསྔགས་མཛད་སྐད་བཤད་སྲོལ་འདུག་ལ། ཉེ་བའི་ལོ་ཟླའི་ཁྲོད་ནས་ཀྱང་སྨན་ཁང་ཆེ་ཁག་ལས་བཅོས་ཐབས་ཟད་པའི་ཉམས་ཐག་ནད་པ་མང་པོར་ཁོང་གིས་དབང་བསྐུར་བྱིན་རླབས་དང་། བཀའ་བསྒོ་བགེགས་བསྐྲད་སོགས་ཀྱིས་ངོ་མཚར་བའི་དྲག་སྐྱེད་བྱུང་བ་གྲངས་ལས་འདས་ཤིང་། ད་ལྟའང་དེ་འདྲའི་ནད་པ་མང་བོ་ཞིག་གིས་འཚང་ག་དང་བཅས་ཁོང་ལ་སྐྱབས་འཇུག་ཞུ་བཞིན་ཡོད་དོ། 

 བདུན། ཞལ་སློབ་བསྐྱངས་ཚུལ།

ནམ་རྒྱུན་སྡེ་འབངས་སྤྱི་དང་སྒེར་གྱིས་གདན་ཞུ་པ་དང་མོ་ཕྱྭ་ཞུ་མཁན་སོགས་སྐུ་མདུན་དུ་བཅར་མཁན་གྲངས་ལས་འདས་པས་ཐུགས་ཁོམ་གྱི་དུས་ཚོད་ཧ་ཅང་དབེན་ཡང་། ཁམས་སྡེ་དགེ་དང་། ལྷ་ཐོག །བེ་རི། རི་བོ་ཆེ། ལྷོ་རོང་སོགས་ཀྱིས་མཚོན་པའི་ཉེ་འཁོར་ས་གནས་ཁག་གི་དད་ལྡན་ལོ་ལོན་མང་པོར་སྔོན་འགྲོ་འབུམ་ལྔ་ནས་མགོ་བརྩམས་ཏེ་ཉམས་ལེན་གྱི་ཆོས་སྐོར་གོ་རིམ་བཞིན་འཆད་ཅིང་། ཞུ་བ་བོ་གཅིག་ལས་མ་བྱུང་ནའང་ཐུགས་ངལ་དང་སུན་སྣང་རིང་ནས་དོར་ཏེ་ཉིན་མཚན་ཀུན་ཏུ་དམ་པའི་ཆོས་ཀྱིས་དབུགས་དབྱུང་བསྩལ་བཞིན་པ་ནི་སོ་སྐྱེ་ཕལ་བའི་བློ་ལས་འདས་པ་ཞིག་གོ། 

 བརྒྱད། མཇུག་གི་གཏམ།

ཐེངས་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པའི་ཚོགས་མི་རེ་རེས་རང་ཡུལ་གྱི་མི་སྣ་ཁྱད་པར་བ་རེ་ངོ་སྤྲོད་དགོས་ཚུལ་ལྟར། ངས་ཀྱང་ཁོང་གི་རྣམ་ཐར་ལས་ཆ་ཤས་ཙམ་ཞིག་བརྗོད་པ་ལགས་ན། རེ་ཞིག་ཞིབ་རྒྱས་འགོད་པའི་དགོས་དབང་དང་ཁོམ་སྐབས་མ་མཆིས་མོད། སྔར་ཡིག་ཐོག་ཏུ་འཁོད་པའི་ཁོང་གི་རྣམ་ཐར་དག་ལ་གཞི་བཅོལ་ཞིང་། ལྷ་ཐོག་དཀར་ལེགས་དགོན་པའི་མི་སྣ་དག་དང་མ་ཡུམ་གཙོར་བྱས། ཁོང་ལ་ཆ་རྒྱུས་ཆེ་བའི་མི་སྣ་མང་བོར་བཅར་འདྲི་བྱས་ཏེ་ཇི་བཞིན་བརྗོད་པ་ལས། མ་ཡིན་ཡིན་ཁུལ་གྱིས་ཆེ་བསྟོད་དང་རྫུན་བཟོ་གཏན་ནས་བྱས་མེད་པས་ཀློག་པ་བོ་དག་གིས་ཀྱང་ཡིད་ཆེས་གནང་ཆོག་པ་ཞིག་གོ། 

དེ་མིན་ཞིབ་ཕྲ་ཤེས་འདོད་པ་དག་གིས་འབི་ནེ་རྡོ་རྗེ་རྣམ་རྒྱལ་གྱིས་བརྩམས་པའི་ལྷ་ཐོག་གདུང་རབས་རིམ་བྱོན་དང་། ཀརྨ་འཇམ་དབྱངས་ཤེས་རབ་ཉི་མས་བརྩམས་པའི་ལྷ་ཐོག་དགོན་པའི་གདན་རབས་ལོ་རྒྱུས་ལུགས་གཉིས་གསལ་བའི་སྒྲོན་མེ་སོགས་སུ་གཟིགས་ཤིང་། ཁོང་ལ་རྒྱུས་མངའ་ཆེ་བའི་ཡུལ་མི་དང་སློབ་འབངས་དག་ལ་འདྲི་བར་འབོད་བསྐུལ་ཞུ་བ་ལགས་སོ། 

ཞེས་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༨པར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ་ལྷ་ཐོག་ཀུན་དགའ་ཚེ་རིང་གིས་བྲིས་པ་དགེའོ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530815
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།