བོད་ཀྱི་པཎྜི་ཏའི་དཀར་ཆག (གསུམ་པ) ​མ་ཧཱ་པཎྜི་ཏ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྜི་ཏའི་དཀར་ཆག (གསུམ་པ) ​མ་ཧཱ་པཎྜི་ཏ་ཚུལ་ཆེན་ཚུལ་ཁ
བོད་ཀྱི་པཎྜི་ཏའི་དཀར་ཆག (གསུམ་པ) ​མ་ཧཱ་པཎྜི་ཏ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-21ལྟ་ཀློག (5243)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མ་ཧཱ་པཎྜི་ཏ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

གྲུབ་མཐའ། གཡུང་དྲུང་བོན།

འཁྲུངས་འདས། ༡༨༨༨-༡༩༣༢

མ་ཧྰ་པཎྜི་ཏ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་མཆོག་ནི། རབ་བྱུང་༡༥བའི་སྤྱི་ལོ་(༡༨༨༨)ལོར་དབལ་ཤུལ་གཤའ་ཡི་དཔོན་ཚང་གི་ཡབ་སྟོབས་དབང་དང་ཡུམ་བསོད་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཆུང་དུས་ནས་བཟུང་དཀོན་མཆོག་ལ་དད་པ་བརྟན་ཞིང་འབྲེལ་ཐོག་ལ་སྙིང་རྗེ་ཆེ་བ། བྱིས་པ་དག་རྩེད་མོ་གནང་སྐབས་ཀྱང་། ཡི་གེ་ཀློག་པ། འཆད་ཉན་དབང་བསྐུར་བྱེད་ཚུལ། རྡོ་སོགས་བསྒྲིགས་ནས་ཚོགས་འཚོགས་ཚུལ། ཕུག་པར་སླེབ་ཚེ་སྒོམ་བྱེད་ཚུལ་སོགས་མཛད་ནས་ཀུན་ཀྱིས་དད་ཕྱག་བྱས།  དགུང་ལོ་བཞི་ཙམ་ནས་ཀྱང་། ང་ནི་བོན་པོ་ཡིན། གནས་ནི་རྟོགས་ལྡན་ཡིན་སོགས་གསུངས།  མ་ཟད་ཁོ་ཚོས་བསང་མཆོད་འབུལ་སྐབས། འོ་མ་མཆོག་སྲིད་གསུམ་བདག་མོ།  གནས་བདག་ཆོ་མཆོག་དྲང་སྲོང་གཉེན་པོ་སོགས་གསུང་སྐད། ཕུ་བོ་བྱམས་ཤེས་ཀྱིས་པང་དུ་ཁྱེར་ནས་ཀིརྟི་སྐྱབས་མགོན་གྱི་མདུན་ལ་གྲྭ་བ་བྱེད་དུ་ཁྱེར་ཚེ་ཞལ་ནས་ང་ནི་བོན་པོ་ཡིན། རྟོགས་ལྡན་དགོན་དུ་འགྲོ་དགོས་གསུངས་སྐབས།  སྐྱབས་མགོན་ནས་འདི་ནི་བོན་པོའི་སྤྲུལ་སྐུ་འཁྲུལ་མེད་ཅིག་རེད། ང་ལ་མི་དབང་གསུངས།  གཉེར་བ་ཀླུ་སྒྲུབ་ཡོང་དུས་སྐུ་གོང་མའི་བཅིབས་ལྕག་ལ་འདི་ངའི་ཡིན་གསུངས་ནས་དངོས་འཛིན་བྱས། གསེར་ཞྭ་ཕྱག་ཕྲེང་སོགས་སོ་སོར་མ་ནོར་བར་དངོས་འཛིན་མཛད།  

   དགུང་ལོ་ལྔ་ནས་དུས་ཚེས་བཟང་པོར་རང་དགོན་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་འདུ་ཁང་ཆེན་མོའི་ནང་དུ་གསེར་ཁྲིར་མངའ་གསོལ་མཛད།  དེ་ནས་ཡོངས་འཛིན་ཡོན་ཏན་རྒྱ་མཚོའི་མདུན་ནས་ཡི་གེ་ཀློག་སྦྱོར་ཡོངས་རྫོགས་ཚེགས་མེད་དུ་མཁྱེན།  དེ་ནས་ལམ་གྱི་གཞི་རྟེན་སྐྱབས་འགྲོ་ལ་བརྟེན་ནས་བསྙེན་གནས་དགེ་བསྙེན་སོགས་ཀྱི་སྡོམ་པ་རིམ་པར་བླངས། ཡིག་རིགས་སྣ་ཚོགས།  ཡི་གེའི་དག་སྦྱོར་སོགས་སྦྱང་བ་དང་རྩོམ་གནང་མཛད་པ་ད་ལྟ་གསུང་འབུམ་དུ་བཞུགས་པ་ལྟར་ལགས་ལ།  དེ་ནས་གནས་བརྟན་འདུལ་བ་འཛིན་པ་པཎ་ཙ་ཁྲིམས་ཆེན་གཡུང་དྲུང་བསྟན་པ་དར་རྒྱས་ཀྱི་མདུན་ནས་གཙང་མ་ཕུད་ཀྱི་སྡོམ་པ་ཞུས། དེ་ནས་བཟུང་གཟན་ཤམ་འབྲལ་མེད་དང་དགོང་བཅད་རྒྱུན་གནང་མཛད་དེ་རིག་གནས་མཐའ་དག་ལ་གསན་སྦྱང་མཛད། སྒྲ། སྙན་ངག རྩིས་དཀར་ནག་ལེགས་པར་སྦྱངས་ནས་སྙན་གཞུང་སོགས་གསར་རྩོམ་གནང་།  རྗེ་ཉིད་དགུང་ལོ་བཅུ་དྲུག་སྐབས། ཡང་སྤྲུལ་མྱུར་འབྱོན་རབ་ཏུ་མཛེས་པའི་པ་ཏྲ་འཁྱིལ་བ་སོགས་ཀྱི་གསུང་གི་བརྗོད་པ་ཙམ་ལ་དཔག་ན་ཤེས་རབ་ཀྱི་རྩལ་མཆོག་ཏུ་རྒྱས་ཚུལ་གསལ་བོ་རྟོགས་ཐུབ། 

    དགུང་ལོ་ཉི་ཤུར་ཡང་སྔར་གྱི་པཎ་ཙ་ཁྲིམས་ཆེན་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡོངས་རྫོགས་བཞེས་ཏེ། དགེ་འདུན་འདུས་པའི་སྡེ་ཆེན་པོ་ཚུལ་ཁྲིམས་ཀྱི་པད་མ་དཀར་པོ་ཆེད་དུ་གསར་སྐྲུན་མཛད། དེ་ནས་བཟུང་བསླབ་བྱ་ཉམས་བཞེས་ཡང་དག་གནང་ནས་ཉེས་ལྟུང་གི་དྲི་མས་ཆ་ཙམ་མ་གོས་པར།  བསྟན་པ་དར་རྒྱས།  གཡུང་དྲུང་ཚུལ་ཁྲིམས་དབང་རྒྱལ།  འབུམ་སྨད་ཡེ་ཤེས་བསྟན་འཛིན། སྡོམ་འབུ་ནམ་མཁའ་ལྷུན་གྲུབ་བཅས་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟན་ནས་མང་དུ་ཐོས་པའི་མཐར་སོན། གདམས་པའི་བདུད་རྩི་ཆེར་བཞེས་མཛད་ནས་མཚན་ཉིད་སྡེ་ལྔ།  ཚད་མ།  དབུ་མ།  འདུལ་བ།   སྲིད་པའི་མཛོད་ཕུགས་ལ་སོགས་དང་།  ཡར་མེར་བའི་བཀའ་རྟེན་སྡེ་ལྔ།  མཉམ་མེད་བླ་མའི་འཕྲུལ་སྒྲོན་རྣམ་ལྔ།  སེམས་སྡེའི་སྐོར་སོགས་སྦྱང་བ་ནན་ཏན་མཛད་པ་མ་ཟད།  ཕྱི་རྒྱུད། ནང་རྒྱུད།  གསང་རྒྱུད།  རྫོགས་ཆེན་སྐོར་བཅས་ཚུལ་བཞིན་གསན།  ཁྱད་པར་བསྐལ་བ་རྟའི་ལོར་སྙིགས་དུས་ཀྱི་བསྟན་བདག  མཁས་ཤིང་གྲུབ་པའི་དབང་བོ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཤར་རྫ་བ་ཞེས་ཡོངས་སུ་གྲགས་པ་ཉིད་ཀྱིས་བོན་སྒོ་སྐྱེལ་གྱི་ཚུལ་དུ་ཕེབས་པར་མཛད།   

   རྗེ་འདི་ནས་སངས་རྒྱས་དངོས་ཀྱི་མོས་གུས་ཀྱིས་ངེས་གསང་སྔ་འགྱུར་གྱི་བོན་སྡེ་མཐའ་དག་གི་བཀའ་གཏད་རྗེས་གནང་བཅས་མཛད་གནང་ཞུས།  ཤར་རྫ་བས་ཀྱང་བདག་གི་སློབ་བུ་ཐུགས་སྲས་རྒྱུད་འཛིན་ལྔ་ཡི་ཡ་གྱལ་ཞིག་ཡོད་པ་ནི་ཁྱེད་ཡིན་གསུངས།  གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་དམིགས་ཁྲིད་གཤེན་བསྟན་གསལ་སྒྲོན་སོགས་པོད་གསུམ་ཙམ་བཞུགས།  དགུང་ལོ་༤༥བཞེས་པ་རབ་བྱུང་༡༦པའི་ཏུན་ཤིན་ཞེས་པ་ཆུ་སྦྲེལ་སྤྱི་ལོ་(༡༩༣༢)ལོའི་ཟླ་བ་གསུམ་པའི་ཚེས་སུམ་ཅུའི་ཉིན་སྐུ་གཤེགས།  

གསལ་བཤད། 

བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530035
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།