༢༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༢༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༢༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-08-20ལྟ་ཀློག (3911)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༢༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ཀཱ་པི་ཤ་ཡའི་ཡུལ་ (迦毕试国དུ་སླེབས་པ།

    སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས་བཱ་མཱི་ཡཱན་གྱི་ཡུལ་ནས་ཟླ་ཕྱེད་ཙམ་གྱི་ཡུན་ལ་ཆུ་མིག་གཙུག་ལག་ཁང་གི་སྟོན་པའི་ཚེམས་དང་རིང་བསྲེལ། བསྐལ་བ་ཆགས་པའི་དུས་ཀྱི་རང་སངས་རྒྱས་ཀྱི་ཚེམས་དཀྱུས་ལ་སོར་ལྔ་དང་ཞེང་ལ་སོར་བཞི་ལོངས་པ་གཅིག་དང་། གསེར་གྱི་འཁོར་རྒྱལ་གྱི་ཚེམས་སུ་གྲགས་པ་དཀྱུས་ལ་སོར་གསུམ་དང་ཞེང་ལ་སོར་གཉིས་ཡོད་པ་གཅིག་དང་། འཕགས་པ་ཤཱ་ནའི་གོས་ཅན་གྱི་ལྷུང་བཟེད་རྒྱུ་ལྕགས་ལས་གྲུབ་པ་བྲེ་བརྒྱད་དགུ་ཙམ་ཤོང་བ་གཅིག་དང་། སྣམ་སྦྱར་སྣམ་ཕྲན་དགུ་ཅན་ཁ་དོག་དམར་སྨུག་ཅན་རྣམས་ལེགས་པར་མཇལ་གྲུབ་ནས་ཀཱ་པི་ཤ་ཡ་ཞེས་པའི་ཡུལ་ (迦毕试国གྱི་ཕྱོགས་སུ་ལམ་ལ་ཆས། ཤར་ལྷོའི་ཕྱོགས་སུ་ཉིན་གཉིས་ཙམ་ལ་ཕེབས་པ་ན་གློ་བུར་དུ་ཁ་བ་ཆེན་པོ་བབས་པས་ལམ་ཡང་མ་རྙེད་པར་ཅི་བྱ་གཏོལ་མེད་དུ་ལུས་པ་ན། རྔོན་པ་རྒན་པོ་ཞིག་དང་འཕྲད་ཅིང་དེས་ལམ་བསྟན་པ་བཞིན་ཕེབས་པས་རི་ནག་བརྒལ་ནས་ཀཱ་པི་ཤ་ཡའི་ཡུལ་དུ་སླེབས། རི་ནག་ (黑岭ཅེས་པ་འདི་ད་ལྟ་ཨབ་གྷ་ནི་སི་ཐན་གྱི་ཤར་ཁོངས་ན་ཡོད་པའི་རི་བོ་སི་ཡ་ཀོ (锡雅柯ཞེས་པ་དོན་བསྒྱུར་བྱས་པ་ཡིན་པར་བཤད།

ཀཱ་པི་ཤ་ཡ་ཞེས་པའི་ཡུལ་ (迦毕试国ཞེས་པ་འདིའི་གནའ་ཤུལ་ནི་ད་ལྟའི་ཨབ་གྷ་ནི་སི་ཐན་རྒྱལ་ཁོངས་ཀྱི་བེ་ག་རམ་ (巴格兰ཞེས་པའི་ས་ཆ་ན་ཡོད་ཅིང་། ས་ཆ་དེ་ནི་ད་ལྟའི་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་པུལ་ (喀布尔ནས་བྱང་དུ་ཅུང་ཙམ་སོང་ན་དེར་ཐུག་པར་བཤད་དོ།། ཡུལ་འདིའི་བྱང་གངས་རི་དང་། ཕྱོགས་གཞན་གསུམ་རི་ནག་ཅེས་པ་དེས་བསྐོར་ནས་ཡོད། མི་གཤིས་རྩུབ་ལ་སྤྲོ་ཐུང་། གནམ་གཤིས་གྲང་ངར་ཆེ། ཡི་གེ་ཕལ་ཆེར་སྔར་གྱི་ཐོ་གར་དང་འདྲ་ཡང་སྐད་དང་གོམས་སྲོལ་ལ་ཁྱད་པར་ཆེ། འོན་ཀྱང་ཡུལ་དེའི་རྒྱལ་བོ་ནི་བློ་རིག་རྣོ་ཞིང་དཔའ་ལ་རྟུལ་ཕོད་པའི་རྒྱལ་རིགས་ཤིག་ཏུ་བཤད་ཅིང་། དེ་ནི་རང་གི་མངའ་འབངས་ལ་བྱམས་པ། དཀོན་མཆོག་གསུམ་ལ་དད་ཅིང་གུས་པ། ཡར་ལ་མཆོད་པ་དང་མར་ལ་སྦྱོན་གཏོང་བྱེད་མཁན་ཞིག་ཡིན་པར་བཤད་དོ།།

    འདིའི་མངའ་ཁོངས་སུ་དགོན་པ་བརྒྱ་ལྷག་ཡོད་ཅིང་དགེ་འདུན་དྲུག་སྟོང་ལྷག་ལ་ཕལ་མོ་ཆེ་ཐེག་ཆེན་གྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱེད་མཁན་དུ་བཤད། སློབ་དཔོན་ཡུལ་འདི་དང་ཉེ་བར་སླེབས་པ་ན་རྒྱལ་བོས་ཐོས་ཏེ་རང་ཉིད་དངོས་ཀྱིས་དགེ་འདུན་པ་རྣམས་ཁྲིད་དེ་བསུ་མ་རྒྱ་ཆེན་པོ་མཛད་པར་གྲགས་སོ།།  

    ཡུལ་འདིའི་དགེ་འདུན་པ་ཕལ་མོ་ཆེ་ཐེག་ཆེན་ལ་སློབ་གཉེར་བྱེད་མཁན་ཡིན་མོད། འོན་ཀྱང་ཐེག་དམན་པ་ཡང་མེད་པ་མིན་ཏེ། དཔེར་ན་སློབ་དཔོན་རྨད་བྱུང་གཟི་བརྗིད་བཞུགས་སའི་ཧྲ་ལོ་ཀ་ (沙落迦ཞེས་པའི་དགོན་པ་དེ་ཐེག་དམན་གྱི་གཞུང་ལ་སྒོམ་སྒྲུབ་བྱེད་ས་ཞིག་ཡིན་པས་སོ།། འོ་ན་ཡུལ་དེར་ཐེག་ཆེན་གྱི་གཞུང་ལ་སློབ་གཉེར་བྱེད་སའི་དགོན་པ་དེ་འདྲའི་མང་བོ་ཡོད་ཅིང་སློབ་དཔོན་རང་ཉིད་ཀྱང་ཐེག་ཆེན་གྱི་གཞུང་ལ་ཐོས་བསམ་མཛད་མཁན་ཞིག་ཡིན་པ་གཞིར་བཞག་ལ་ཅིའི་ཕྱིར་ཐེག་དམན་གྱི་དགོན་སྡེ་དེར་བཞུགས་པ་ཡིན་ཞེ་ན། དེ་ཡང་འདི་ལ་གཏམ་རྒྱུད་སྙན་མོ་ཞིག་བཤད་རྒྱུ་འདུག་སྟེ། དགོན་པའི་མིང་ཧྲ་ལོ་ཀ་ཞེས་པ་ནི་ནུབ་ཕྱོགས་པ་དག་གིས་ཙི་ནའི་ཡུལ་གྱི་ལོ་དབྱང་ (洛阳ལ་འབོད་ཚུལ་ཞིག་ཡིན་པས་ཧྲ་ལོ་ཀ་དགོན་པ་ཞེས་པ་ནི་ལོ་དབྱང་དགོན་ཞེས་པའི་དོན་དུ་འགྲོའོ།། སློབ་དཔོན་ཞོན་ཙང་ངམ་རྨད་བྱུང་གཟི་བརྗིད་ནི་ཧི་ནན་ལོ་དབྱང་ནས་འཁྲུངས་ཤིང་ལོ་དབྱང་ནས་འཚར་ལོངས་བྱུང་བར་མ་ཟད། ཡུལ་དེ་ནས་ནང་ཆོས་ལ་སློབ་གཉེར་བྱེད་པའི་འགོ་བཙུགས་ཤིང་རང་གི་ཚེ་འདི་ཕྱིའི་དོན་དང་། གཞན་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་བསམ་གཏོང་ཤེས་པའི་གྲྭ་བཙུན་རྣལ་མ་ཞིག་ཏུ་འགྱུར་ས་ཡིན་པས། རི་ཆུ་འབུམ་ཕྲག་གི་ཕ་རོལ་གྱི་ཡུལ་ཆ་མེད་རྒྱུས་མེད་ཅིག་ནས་དེ་དང་འབྲེལ་བ་ཟབ་པའི་དགོན་སྡེ་ཞིག་དང་འཕྲད་ན་དེར་མི་བཞུགས་པར་གང་ནས་བཞུགས་སྙམ་མོ།།

    འོ་ན་དགོན་པ་འདིའི་མིང་ལ་ལོ་དབྱང་དགོན་ཟེར་དོན་ཅི་ཡིན་ཞེ་ན། འདི་འདེབས་པོ་རྒྱའི་རྒྱལ་བུ་ཞིག་ཡིན་ཟེར་བ་ཡང་ཡོད་ལ། ཡང་ན་དགོན་པ་འདི་རྒྱལ་བུ་དེའི་ཆེད་དུ་བཏབ་པ་ཡིན་ཟེར་བའང་ཡོད་དོ།། དགོན་པ་འདིའི་མིང་གཞན་ལ་རྒྱ་སྐད་དུ་ཀྲི་ཙི་ཆེ་ལན་ (质子伽蓝ཞེས་བྲིས་ཡོད། དེ་ཉིད་ཐད་བསྒྱུར་བྱས་ན་གཏའ་མའི་སྲས་ཀྱི་གཙུག་ལག་ཁང་ཞེས་པའི་དོན་ཡིན། དེ་ཡང་ཨེ་ཤ་ཡ་དབུས་མའི་ཏུན་ཧོང་ (敦煌ས་ཁུལ་དུ་གནས་གཞི་བཟུང་བའི་ཡོ་ཀྲི་བ (月氏人རྣམས་ལས་ཁག་གཅིག་སྤྱི་ལོའི་སྔོན་གྱི་ལོ་༡༣༠ཡས་མས་ཤིག་ལ་ནུབ་ཕྱོགས་སུ་གནས་སྤོས་ཏེ་ཏཱ་ཞ་(大夏)ལ་དབང་བསྒྱུར་བྱས་ཤིང་དེ་ཉིད་ཚོ་ཁག་ལྔ་རུ་བགོས་པར་མ་ཟད། ཚོ་ཁག་རེ་རེ་ཚོ་དཔོན་རེ་བསྐོས། གོ་གནས་དེའི་མིང་ལ་རྒྱ་ཡིག་ཏུ་ཞིས་ཧུའུ་ (翕侯ཞེས་བྲིས་ཡོད་ལ། དོན་ནི་ཚོ་དཔོན་ནམ་ཡུལ་དཔོན་ཞེས་པ་ལྟ་བུ་ཡིན་ནམ་སྙམ་མོ།། སྤྱི་ལོའི་སྔོན་གྱི་དུས་རབས་དང་བོའི་འགོ་ཙམ་ལ་ཞིས་ཧུའུའམ་ཚོ་དཔོན་ལྔ་ལས་ཀུ་ཥཱ་ནའི་ (贵霜ཚོ་དཔོན་ཁཱུ་ཅུ་ཆེ་ (丘就却ཞེས་པ་མངའ་ཐང་རྒྱས་ཏེ་ཚོ་བ་གཞན་བཞི་བསྣུབས་ཤིང་ཐམས་ཅད་ཚུར་བསྡུས་ཏེ་ཀ་ནིཥྐའི་ (贵霜国རྒྱལ་ཁབ་གསར་དུ་བཙུགས། དེ་ནས་ཁྱིམ་མཚེར་ཡོད་པའི་ཨན་ཞིས་ (安息国ཡུལ་ཕམ་པར་བརྒྱབ་སྟེ་ལྷོ་ཕྱོགས་ལ་དཔུང་འཇུག་བྱས་ནས་ཀ་པུལ་གཙང་བོའི་བརྒྱུད་ (喀布尔河流域དང་ཁ་ཆེའི་(喀什米尔)ཡུལ་དབང་དུ་བསྡུས་ཤིང་གོ་ཧྥུ་ (高附སྟེ་དེང་སང་གི་ཀ་པུལ་ (喀布尔དུ་རྒྱལ་ས་བྱས་པས་ཀ་ནིཥྐ་བཙན་རྒྱལ་གྱི་ཐོག་མའི་རྨང་གཞི་བརྟན་པོར་བཙུགས། ཡུལ་དཔོན་ཁཱུ་ཅུ་ཆེ་འདས་པ་ན་དེའི་བུ་ཝེ་མ་ཀ་ཕུ་སེ་ས་ (阎膏珍ཞེས་པས་རྒྱལ་ས་བཟུང་ཞིང་། ལྷོའི་རྒྱ་གར་ལ་དཔུང་འཇུག་བྱས་ཏེ་ཆུ་བོ་གངྒའི་སྟོད་བརྒྱུད་ཀྱི་ཡུལ་གྲུ་ཐམས་ཅད་དབང་དུ་བསྡུས། དེ་རྗེས་ཀྱི་ཀ་ཥཱ་ནིའི་རྒྱལ་བོ་གསུམ་པ་ནི་སྙན་གྲགས་ཅན་ཞིག་སྟེ། ཀ་ནིཥྐ་ (迦腻色伽一世ཞེས་བྱ་དེ་ཉིད་ཡིན། འདིས་རྒྱ་གར་དང་ཨེ་ཤ་ཡ་དབུས་མ་དང་། ཨབ་གྷ་ནི་སི་ཐན་དང་། རྒྱ་གར་ནུབ་བྱང་དང་། རྒྱ་གར་བྱང་ཕྱོགས་ཐམས་ཅད་མངའ་འོག་ཏུ་བསྡུས་པར་མ་ཟད།  རྒྱལ་ས་ཡང་གནྡྷཱ་རའམ་དྲི་ཟའི་ཡུལ་ (犍陀罗གྱི་མངའ་ཁོངས་པུ་རུ་ཥ་པུར་ (布路沙布罗或者富楼沙ཏེ་སྐྱེས་བུའི་གྲོང་ཞེས་པ་དེང་སང་གི་པ་ཀི་སི་ཐན་གྱི་པེ་ཤ་ཝར་(今巴基斯坦的白沙瓦)ཞེས་པ་འདིར་སྤོས་པར་མཛད། ལམ་རིམ་སོགས་ན་ཀཱ་ནི་ཀའི་སྤྲིང་ཡིག་ཅེས་པ་ཞིག་ཡོད་པའི་ཡི་གེ་བསྐུར་སའི་རྒྱལ་བོ་ཀཱ་ནི་ཀ་ཞེས་བྱ་བ་དེ་འདི་ཡིན་པར་ངེས་ལ། གལ་ཏེ་དེ་ཡིན་ན་རང་རེའི་ལམ་རིམ་བརྡ་བཀྲོལ་དང་ཟིན་བྲིས་སོགས་སུ། ཀཱ་ནི་ཀའི་སྤྲིང་ཡིག་ཅེས་པ་ནི། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པའི་ཁ་ཆེའི་རྒྱལ་བོ་ཀཱ་ནི་ཀ་ཞེས་བྱ་བས། སློབ་དཔོན་དཔའ་བོ་མཆོད་གནས་སུ་སྤྱན་དྲངས་པའི་ཚེ་སྐུ་ན་བགྲེས་པས་འབྱོན་མ་ཐུབ་པ་པར། སྤྲིང་ཡིག་འདི་བརྩམས་ནས་བསྐུར་ཏེ་རྒྱལ་བོ་ཆོས་ལ་བཀོད་པ་ཡིན་ཞེས་གསུངས་ཡོད། འོན་ཀྱང་རྒྱའི་ཡིག་ཆ་མང་བོ་ཞིག་ཏུ་འདིར་བཤད་པའི་རྒྱལ་བོ་ཀཱ་ནིཥྐ་ཞེས་པ་འདི་སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་དཔའ་བོ་གཉིས་ཀ་ལ་མཇལ་བར་ཡང་བཤད་དེ།  རྒྱལ་བོ་ཀཱ་ནིཥྐས་རྒྱ་གར་དབུས་ཀྱི་མ་གྷདྷའི་ཡུལ་ནི་ས་རྒྱ་ཆེ་ཞིང་འབྱོར་ཕྱུག་ལྡན་ས་ཞིག་ཡིན་པར་མ་ཟད། ཡུལ་དེ་ན་མཁྱེན་དཔྱོད་འགྲན་ཟླ་མེད་པའི་དགེ་སློང་ཡ་མཚན་པ་ཞིག་ཀྱང་ཡོད་པར་ཐོས་ལ། ཐོས་ནས་ཀྱང་དེ་དག་བདག་ཉིད་ལ་དབང་བར་བྱ་བའི་ཆེད་དུ་མ་གྷ་དྷའི་ཡུལ་ལ་དཔུང་འཇུག་བྱེད་པའི་དམག་བཏང་ངོ་།།

    མ་གྷ་དྷའི་རྒྱལ་བོས་དེ་ཐོས་ནས་གཡུལ་འཁྲུག་ལས་བཤོལ་བའི་ཞི་མཐུན་བྱེད་འདོད་ཀྱི་འཕྲིན་ཡིག་སྤྲིངས་པ་ན། ཀཱ་ནིཥྐས་དེ་ཡང་མི་ཆོག་པ་མེད་མོད། འོན་ཀྱང་བདག་གི་དམག་དཔུང་ཕྱིར་འཐེན་དགོས་ན་བདག་ལ་གསེར་སྲང་དུང་ཕྱུར་གསུམ་སྤྲོད་དགོས་པར་སྨྲས་པ་དང་ལེན་བྱེད་མ་ནུས་པ་ལ། ཡང་རྒྱལ་བོ་ཀཱ་ནིཥྐས། གལ་ཏེ་དེ་ལྟར་མ་ནུས་ནའང་སྐྱོན་མེད་དེ། ཁྱོད་ཀྱི་ཡུལ་དེར་དཀོན་ཞིང་མཆོག་ཏུ་གྱུར་བའི་རིན་པོ་ཆེ་གཉིས་ཏེ། རྒྱལ་བའི་ལྷུང་བཟེད་ངོ་མཚར་བ་དང་མཁྱེན་སྤོབས་ཟླ་མེད་པའི་དགེ་སློང་གཉིས་ཡོད་པར་ཐོས་སོ།། གལ་ཏེ་དེ་གཉིས་བདག་ལ་གནང་ན་ནི་གསེར་སྲང་དུང་ཕྱུར་གསུམ་མེད་ཀྱང་རུང་ངོ་ཞེས་ཟེར། 

    མ་གྷ་དྷའི་རྒྱལ་བོས། དེ་གཉིས་ནི་བདག་གི་རྒྱལ་ཁབ་ཀྱི་མཆོག་ཏུ་དཀོན་པའི་རིན་པོ་ཆེ་ཡིན་པས་སྦྱིན་དུ་མི་བཏུབ་བྱས་པས་གྲོས་མ་འོངས་པར་ལུས་ཡོད་པའི་གཏམ་དགེ་སློང་དེ་ཉིད་ཀྱིས་གསན་པས་ཕོ་བྲང་དུ་ཕེབས་ནས་རྒྱལ་བོ་ལ། རྒྱལ་བའི་བསྟན་པ་ནི་ཡུལ་གྱིས་མི་འབྱེད་ལ། འགྲོ་བའི་དོན་ཡང་གང་ནས་བྱུང་ན་དེ་བཟང་བས་ཅིའི་ཕྱིར་ཁོའི་རེ་བ་ལྟར་མི་བསྒྲུབ་ཅེས་གསུངས་པས་མ་གྷ་དྷའི་རྒྱལ་བོས་དགེ་སློང་གི་གསུང་བཀོད་ལྟར་རིན་པོ་ཆེ་དེ་གཉིས་རྒྱལ་བོ་ཀཱ་ནིཥྐ་ལ་སྤྲད་དོ།། རྒྱལ་བོ་ཀཱ་ནིཥྐ་ཡང་སྲིད་ན་དཀོན་པའི་རིན་པོ་དེ་གཉིས་ཐོབ་པར་གྱུར་བ་ལ་རབ་ཏུ་དགའ་སྟེ་དམག་ཕྱིར་བཟློག་གོ།

    འོན་ཀྱང་ཀཱ་ནིཥྐའི་བློན་པོ་རྣམས་གསེར་སྲང་དུང་ཕྱུར་གསུམ་དང་དེ་གཉིས་བརྗེས་པ་ལ་ཡིད་མ་རངས་པར་གནས་པ་ལ། རྒྱལ་བོས་དེ་རྣམས་དགེ་སློང་དེའི་མཁྱེན་སྤོབས་ཟླ་མེད་པ་ལ་དད་པ་དང་ཡིད་ཆེས་པར་བྱ་བའི་ཕྱིར་རྒྱལ་བློན་འབངས་འཁོར་དང་བཅས་པ་ལ་ཆོས་སྟོན་པར་གསོལ་བ་བཏབ་པ་ལྟར་སློབ་དཔོན་གྱིས་ཆོས་འཆད་པ་ལ་ཉན་མཁན་གྱི་གྲས་སུ་ཡུལ་དེར་གནས་པའི་དགེ་སྦྱོང་དང་མུ་སྟེགས་པ་ཡང་ཡོད་པར་མ་ཟད། རྒྱལ་བོས་ཉིན་དྲུག་གི་རིང་ལ་རྩྭ་ཆུ་མ་བྱིན་པར་ལྟོགས་ཤིང་སྐོམ་པའི་རྟ་མཆོག་འགའ་ཡང་ཆོས་འཆད་པའི་སར་བཞག་གོ།

    མཁྱེན་སྤོབས་འགྲན་ཟླ་མེད་པའི་དགེ་སློང་དེ་ཉིད་ཆོས་འཆད་པ་ལ་ཤིན་ཏུ་མཁས་པས་དེར་གནས་ཐམས་ཅད་ཀྱི་རྒྱུད་ལ་རྣམ་གྲོལ་ཐར་བའི་ས་བོན་བསྐྲུན་པར་མ་ཟད། ཤིན་ཏུ་ལྟོགས་ཤིང་སྐོམ་པས་གདུང་བའི་རྟ་དེ་དག་ཀྱིས་ཀྱང་རྣ་བ་གཏད་དེ་ཉན་ཅིང་ཡུད་ཙམ་ལ་ལྟོགས་སྐོམ་གྱི་གདུང་བ་ཡང་བརྗེད་པ་ལྟ་བུར་གྱུར་ནས་འདུག་གོ། མིག་ནས་མཆི་མ་བཞུར་རོ།། མདུན་དུ་གཟན་ཆས་བཞག་ཀྱང་ཟ་ལོང་མེད་པར་ཉན་པ་སོགས་བསམ་ཡུལ་ལས་འདས་པ། ངོ་མཚར་བ། རྨད་དུ་བྱུང་བའི་སྣང་ཚུལ་དེ་དག་མངོན་སུམ་དུ་མཐོང་བས། ཐམས་ཅད་ཀྱང་དགེ་སློང་དེ་ལ་དང་བའི་དད་པ་སྐྱེས། ཡིད་ཆེས་ཐོབ། རབ་ཏུ་བསྔགས་ཤིང་མངོན་པར་བསྟོད་དོ།། དེ་ཡང་འདིར་བཤད་པའི་དགེ་སློང་དེ་ནི་སློབ་དཔོན་རྟ་དབྱངས་སམ་དཔའ་བོ་ཡིན་པར་བཤད་དོ།།

    འོན་ཀྱང་རྒྱ་ཡིག་ལས་སློབ་དཔོན་རྟ་དབྱངས་སློབ་དཔོན་ཀླུ་སྒྲུབ་ལས་སྔ་བར་བཤད་པ་དང་། རྒྱ་གར་དུ་མཚན་ལ་རྟ་དབྱངས་ཟེར་བའི་སློབ་དཔོན་སྔ་ཕྱིར་དུ་མ་ཞིག་བྱུང་བར་བཤད་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་འཁྲུངས་འདས་བཤད་པ་རྒྱ་གར་དང་བོད་ཀྱི་ལོ་རྒྱུས་མང་བོ་ཞིག་ལས་བཤད་པ་དང་གཏན་ནས་མི་མཐུན་པ་སོགས་མང་བས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་བྱ་ཡི། སྐབས་དོན་སྟོར་བར་འགྱུར་དུ་དོགས་ནས་བདག་གིས་འདིར་ནི་དེ་ཙམ་ལས་མ་བྲིས་སོ།།

    རྒྱ་གར་གྱི་ལོ་རྒྱུས་ལ་བལྟས་ན་འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྗེས་སུ་བྱུང་བ་རྣམས་ལས་ཆེས་མངའ་ཐང་དང་སྟོབས་འབྱོར་ཆེ་བའི་རྒྱལ་བོ་ཞིག་ཡིན། དེའི་སྐབས་སུ་རྒྱལ་ཁབ་དེའི་མངའ་ཁོངས་སུ་རྒྱ་གར་གྱི་མི་རིགས། གྷི་རིག་གི་མི་རིགས། ཤ་ཀའི་མི་རིགས། ཕར་ཐི་ཡའི་མི་རིགས་སོགས་མང་བོ་ཡོད། དེར་མ་ཟད་ཀུ་ཥཱ་ནིའི་རྒྱལ་རབས་ཀྱི་སྐབས་སུ་ཐེག་པ་ཆེན་པོའི་བསྟན་པ་ཧ་ཅང་དར་རྒྱས་བྱུང་བར་མངོན་ནོ།།

    རྒྱལ་བོ་ཀཱ་ནིཥྐའི་དུས་ནི་ཀུ་ཥཱ་ནའི་རྒྱལ་རབས་ཆེས་མངའ་ཐང་འཕེལ་བའི་དུས་ཡིན་པས། མངའ་ཁོངས་ཀྱང་ནུབ་དབྱི་རག་ (伊朗ནས་བཟུང་སྟེ་ཤར་ཆུ་བོ་གངྒའི་དབུས་བརྒྱུད་བར་དང་། བྱང་སེ་རིར་ཆུ་བོ་དང་ཙོང་ལ་གངས་དཀར་ (锡尔河、葱岭ནས་ལྷོ་ན་པ་ཏཱ་ཆུ་བོའི་ (纳巴达河བར་ཐམས་ཅད་ཡིན། དེའི་ཕྱིར་སྐབས་དེ་ཤེད་ཙམ་ན་ཀུ་ཥཱ་ནའི་རྒྱལ་ཁབ་ནི་ཡོ་རབ་དང་ཨེ་ཤ་ཡའི་གླིང་གི་ཆེས་སྟོབས་འབྱོར་མངའ་ཐང་ཆེ་བའི་རྒྱལ་ཁབ་བཞིའི་ནང་གི་གཅིག་ཏུ་བགྲང་ངོ་།། སྐབས་དེར་ཙི་ནའི་ཧན་ཤར་མ་ཡང་མངའ་ཐང་ཅུང་རྒྱས་ཡོད་པས་ཐཱ་ཁི་ལ་མ་ཀཱན་གྱི་ཉེ་འཁོར་གྱི་རྒྱལ་ཕྲན་མང་བོ་ཞིག་ཧན་ཤར་མ་ལ་དབང་བ་ལྟ་བུར་ཡོད། དེ་ལྟ་ན་ཡང་ཀུ་ཥཱ་ནི་དང་འགྲན་མི་བཟོད་པའི་ཚོད་ཡིན་པས་ཚུར་བཙན་འཛུལ་མི་བྱེད་པའི་ཆེད་དང་རང་ཉིད་ལ་ཕར་རྒོལ་བྱེད་པའི་བསམ་བློ་མེད་པ་མཚོན་བྱེད་དུ་རྒྱའི་རྒྱལ་བོ་ཞིག་གི་བུ་རྒྱལ་བོ་ཀཱ་ནིཥྐ་ལ་གཏའ་མར་བཞག་གོ།

    རང་ཅག་ཕལ་མོ་ཆེའི་སེམས་ལ་གཏའ་མར་བཞག་པའི་རྒྱལ་བུ་ཞིག་ཡིན་ན་ནི་འགྲོ་འདུག་སོགས་རང་དབང་ཅི་ཡང་མེད་ཅིང་གཞན་གྱི་ངོ་ལ་བལྟ་དགོས་པས་སྡུག་བསྔལ་གྱི་ཀློང་དུ་བྱང་བ་ཞིག་ཡིན་པར་ངེས་སོ་སྙམ་པ་འཆར་མོད། འོན་ཀྱང་རྒྱལ་བོ་ཀཱ་ནིཥྐས་རྒྱལ་བུ་དེ་ལ་བརྙས་བཅོས་དང་ཐུབ་ཚོད་གཏན་ནས་མ་བྱས་པར་མ་ཟད། ལྷག་པར་གཅེས་སྐྱོང་གནང་ཞིང་དགུན་རྒྱ་གར་དང་དབྱར་ཀ་པི་ཤ་ཡ། སྟོན་གནྡྷཱ་ར་སྟེ་དྲི་ཟའི་ཡུལ་བཅས་གང་ནས་འདུག་བསམ་ནའང་འདུག་ཏུ་བཅུག་པ་སོགས་ཁོ་རང་གང་དགའ་གང་སྐྱིད་བྱེད་དུ་བཅུག ཡུལ་དེ་གསུམ་གར་ཁོ་སྡོད་སའི་གཙུག་ལག་ཁང་རེ་བཞེངས་པར་གྲགས་ཤིང་། ཀྲི་ཙི་ཆེ་ལན་ (质子伽蓝ནམ་གཏའ་མའི་སྲས་ཀྱི་གཙུག་ལག་ཁང་ཞེས་པ་འདི་ནི་རྒྱལ་བུ་དེའི་དབྱར་སྒར་གྱི་ཆེད་དུ་བཏབ་པ་ཡིན་པས་དེ་ལྟར་བཏགས་ཤིང་རྒྱལ་བུའི་གཙུག་ལག་ཁང་ཡང་ཟེར་རོ།།

    གཏའ་མར་བཞག་པའི་རྒྱའི་རྒྱལ་བུ་དེ་ཡང་ནང་ཆོས་ལ་མཆོག་ཏུ་དད་པ་ཞིག་ཡིན་པས་ཁོས་མ་འོངས་པར་གཙུག་ལག་ཁང་ཉམས་གསོའི་ཐེབས་སུ་དམིགས་ནས་དེའི་ཉེ་འཁོར་གྱི་ས་འོག་ཅིག་ཏུ་རྒྱུ་ནོར་རིན་པོ་ཆེ་མང་བོ་གཏེར་དུ་སྦས་པར་མ་ཟད། གཏེར་སྲུང་གནོད་སྦྱིན་ཞིག་ལ་གཏད་ཡོད་པས། རྒྱལ་བོ་ངན་པ་དང་མུ་སྟེགས་བྱེད་མང་བོས་ཡང་ཡང་འཕེན་པ་བཏང་མྱོང་མོད། འོན་ཀྱང་ས་གཡོ་བ་སོགས་འཇིགས་སུ་རུང་བའི་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་བཟློག་པར་གྲགས། སློབ་དཔོན་བཞུགས་སའི་དགོན་པ་དེའི་དགེ་འདུན་པ་རྣམས་ཀྱིས་སྔོན་བྱུང་གི་ལོ་རྒྱུས་སམ་གཏམ་རྒྱུད་དེ་སློབ་དཔོན་ལ་ཞིབ་ཏུ་ཞུས་ནས་ད་ནི་དགོན་པ་འདི་ཉམས་གསོ་ཞིག་བྱེད་དགོས་མོད། འོན་ཀྱང་གཏེར་དེ་རྣམས་རང་དགར་མི་ལོན་པས་སློབ་དཔོན་ཁྱེད་ནི་རྒྱལ་བུ་ཁོང་དང་ཕ་ཡུལ་གཅིག་ཡིན་ན་ལོན་ཡང་སྲིད་ཅེས་ཞུས་པ་དང་། སློབ་དཔོན་འདི་ནི་རྣམ་པ་ཀུན་ཏུ་བསྟན་འགྲོའི་དོན་ཐུགས་ལ་བསྣམས་པ་ཞིག་ཡིན་པས་དོན་བཟང་སྒྲུབ་པ་ནམ་ཡང་ཕྱིར་ནུད་མི་མཛད་པ་ཞིག་གོ།

    རྒྱལ་བུ་དེའི་འདྲ་བརྙན་ཞིག་ཡོད་པ་དེའི་མདུན་ཕེབས་ཏེ་སྤོས་ཤིག་ཕུལ་ནས་གསོལ་བ་འདི་ལྟར་བཏབ་པོ།། སྔོན་རྒྱལ་སྲས་ཁྱེད་ཀྱིས་རྒྱུ་ནོར་རིན་ཆེན་དེ་དག་གཏེར་དུ་སྦས་དོན་ནི་ཕྱིས་སུ་མཆོད་རྟེན་དང་དགོན་པ་ཉམས་གསོ་བྱེད་པའི་ཆེད་དུ་ཡིན་ན་ད་ནི་དུས་ལ་བབས་ཡོད་པས། ཁྱེད་ཀྱི་གནང་བ་ཐོབ་ན་དེ་རིང་ཞོན་ཙང་བདག་དཔང་བོར་བསྡད་དེ་གཏེར་རྣམས་འདོན་པར་བྱ་ཞིང་། བདག་དངོས་ཀྱིས་གང་ཡོད་པ་རྣམས་ཚད་ཞིབ་པར་བླངས་ཏེ་འབྲེལ་ཡོད་དེ་དག་ལ་རྩིས་སྤྲོད་པར་བགྱིའོ།། ཏིལ་འབྲུ་ཙམ་ཡང་ཆུད་ཟོས་སུ་འགྲོར་མི་སྟེར་བར་ཐམས་ཅད་ཀྱང་ངེས་པར་འོས་པའི་གནས་ལ་བེད་སྤྱོད་བྱེད་དུ་འཇུག་གོ། གལ་ཏེ་ཆོས་སྐྱོང་བའི་ལྷ་ཆེན་པོ་ཁྱེད་ཀྱིས་དུས་སུ་བབས་ཡོད་པར་དགོངས་ན་བྱ་བ་འདི་ཡིད་བཞིན་དུ་ལེགས་པར་འགྲུབ་པར་མཛད་དུ་གསོལ་ལོ།། ཞེས་གསུངས་ཤིང་ས་རྟགས་ཤིག་བརྒྱབ་སྟེ་དེ་ནས་མར་བརྐོར་བཅུག་པ་དང། ས་ཡང་མ་གཡོས། རི་ཡང་མ་འགུལ། སྒྲ་ངན་པ་ཡང་མ་གྲགས་པར་ས་འོག་ནས་ཟངས་མའི་སྣོད་ཆེན་པོ་ཞིག་བུད་བྱུང་། དེའི་ནང་དུ་གསེར་སྲང་བརྒྱ་ཕྲག་དུ་མ་དང་། མུ་ཏིག་བཅུ་ཕྲག་འགའ་སོགས་བཅུག་ཡོད་པ་མཐོང་བས་ཐམས་ཅད་ཀྱང་རབ་ཏུ་དགའ་ཞིང་སློབ་དཔོན་ལ་བསྟོད་བསྔགས་བྱེད་དོ།།

    སྐབས་དེར་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་པའི་དུས་ལ་བབ་འདུག་པས་སློབ་དཔོན་ཞོན་ཙང་ཡང་དགོན་པ་དེར་དབྱར་ལ་བཞུགས། ཀ་པི་ཤ་ཡའི་རྒྱལ་བོ་དེ་ཉིད་ཐེག་ཆེན་ལ་མཆོག་ཏུ་དད་པ་ཞིག་ཡིན་ཞིང་མདོ་དང་བསྟན་བཅོས་སོགས་ཆོས་ཉན་པ་ལའང་ཤིན་ཏུ་དགའ་བས། སློབ་དཔོན་རྨད་བྱུང་གཟི་བརྗིད་དང་རྒྱ་གར་ནས་ཕེབས་པའི་པཎྚི་ཏ་བློ་གྲོས་རང་བཞིན་གཉིས་ཐེག་ཆེན་གྱི་དགོན་པ་ཞིག་ཏུ་སྤྱན་དྲངས་ནས་ཆོས་སྟོན་པར་ཞུས། ཁོང་རྣམ་གཉིས་ཀྱིས་ཀྱང་རྒྱལ་བོའི་རེ་བ་བཞིན་ཆོས་གསུངས་པ་ན་ཉན་པའི་གྲལ་དུ་ཞུགས་པའི་གྲས་ལ་ཐེག་པ་ཆེན་པོའི་གཞུང་ལ་མཁས་ཤིང་གྲགས་སྙན་ཆེ་བའི་སློབ་དཔོན་དང་ཐེག་དམན་གྱི་གཞུང་ལ་མཁས་ཤིང་གྲགས་སྙན་ཅན་གྱི་སློབ་དཔོན་ཡང་འགའ་རེ་ཡོད་མོད། ལ་ལ་ཐེག་ཆེན་གྱི་གཞུང་ལ་མཁས་ཀྱང་ཐེག་དམན་གྱི་གཞུང་ལ་དེ་ཙམ་མཁྱེན་རྒྱ་མི་ཆེ་བ་དང་། འགའ་ཞིག་ཐེག་དམན་ལ་མཁས་ཀྱང་ཐེག་ཆེན་ལ་མི་མཁས་པས་ཡོན་ཏན་ཕྱོགས་རེ་བ་ལྟ་བུ་ཡིན། འོན་ཀྱང་སློབ་དཔོན་འདི་ཉིད་ཐེག་པ་ཆེ་ཆུང་གི་གཞུང་མང་བོ་ལ་མཁྱེན་རྒྱ་ཧ་ཅང་ཡངས་པས། དེར་གནས་སུ་ཞིག་གིས་དྲི་བ་ཅི་ཞིག་དྲིས་ཀྱང་དྲིས་ལན་ཐོགས་མེད་དུ་མཛད་པས་བསྟོད་བསྔགས་མི་མཁན་སུ་ཡང་མེད་དོ།། དེ་ལྟར་ཉིན་ལྔའི་རིང་ལ་འཆད་ཉན་ལེགས་པར་མཛད་པས་རྒྱལ་བོ་ཡང་རབ་ཏུ་དགྱེས་ནས་འབུལ་བ་ཡང་གྱ་ནོམ་པ་མང་བོ་ཕུལ།

    དབྱར་གྲོལ་བ་ན་ཁོང་དང་མཉམ་དུ་ཀ་པི་ཤ་ཡར་ཕེབས་པའི་པཎྚི་ཏ་བློ་གྲོས་རང་བཞིན་ཐོ་གར་གྱི་རྒྱལ་བོས་སྤྱན་དྲངས་པས་དེར་ཕེབས། སློབ་དཔོན་ཡང་ཀ་པི་ཤ་ཡར་གྱེས་ཤིང་ཤར་གྱི་ཕྱོགས་སུ་ལེ་དབར་དྲུག་བརྒྱ་ལྷག་སོང་བ་ན་རི་ནག་པོ་བརྒལ་ནས་རྒྱ་གར་བྱང་མའི་མངའ་ཁོངས་སུ་སླེབས་སོ།།

    སྨྲས་པ།

མཁྱེན་རྒྱ་མཁའ་ལྟར་ཡངས་པའི་མཁས་པ་ཡི། །

ལེགས་བཤད་བཀླག་ན་རང་བློའི་རྒྱ་ཡང་བསྐྱེད། །

དམ་པ་རྣམས་ཀྱི་རྣམ་ཐར་གཟུ་བོའི་བློས། །

ལེགས་པར་མཇལ་ན་རང་ཡང་དམ་པར་འཁྲིད། །

 

དེ་ཕྱིར་དཔེ་ཀློག་གལ་ཆེ་དེ་ལས་ཀྱང་། །

དོན་བཟང་བ་དང་ཚིག་འབྲུ་བཟང་བོ་གཅེས། །

མཆོག་གྱུར་ལེགས་བཤད་ལྟ་བའི་རྣམ་དཔྱོད་ནི། །

ཤིན་ཏུ་གཅེས་པས་འཕྲོད་ན་ཕུན་ཚོགས་འཐོབ། །

 

ཅོལ་ཆུང་རྣམས་ནི་སྦྱངས་པ་ཕོར་གང་ཙམ། །

ཡོན་ཏན་རྒྱ་མཚོར་རློམ་ནས་ང་རྒྱལ་བྱེད། །

དམ་པ་རྣམས་ནི་ཇི་ཙམ་མཁྱེན་པ་དང་། །

དེ་ཙམ་སྦྱངས་ལ་བརྩོན་པ་ལྷོད་མི་མཛད། །

 

མཁྱེན་པའི་གཏིང་བྲལ་རྣམ་དཔྱོད་རལ་བའི་ཀློང་། །

ཡོན་ཏན་དལ་འགྲོའི་གཏེར་དུ་རྫོགས་ན་ཡང་། །

ད་དུང་མ་ངོམ་པཎ་གྲུབ་མང་བོའི་གཞུང་། །

མཚོ་ཆེན་གཞིབ་ལ་བརྩོན་པ་མི་ལྷོད་མཚར། །

 

དེ་ཕྱིར་འདི་ལྟའི་དོན་གྱི་སྙིང་བོའི་བཅུད། །

ཡོངས་སུ་རྫོགས་པའི་ལེགས་བཤད་བདུད་རྩིའི་རོ། །

རང་གིས་མྱོང་ཞིང་ཆོས་མཐུན་གྲོགས་ལ་ཡང་། །

སྐྱེས་སུ་འབུལ་རྒྱུ་བྱུང་བའང་སྐྱིད་དུ་འཁུམས། །


                                ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96yc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23550650
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།