༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
བཱ་མཱི་ཡཱན་གྱི་ཡུལ་ (梵衍那国) དུ་སླེབས་པ།
ཧྥུ་ཧའི་ཡུལ་ནས་ཛུ་མ་ཐཱན་གྱི་ཡུལ་ (锐末陀国) དང་། ཧུའུ་ཧྲི་ཅཱན་གྱི་ཡུལ་ (胡寔健国) རྣམས་རིམ་པར་བརྒྱུད་དེ་ཅེ་ཀྲིའི་ཡུལ་དུ་སླེབས།
ཅེ་ཀྲེའི་ཡུལ་ (揭职国) ཞེས་པ་ནི།
ད་ལྟའི་ཨབ་གྷ་ནི་སི་ཐན་གྱི་པར་ཧི་ (巴尔赫) ཞེས་པའི་ལྷོ་ཕྱོགས་རྡ་ར་ཧ་སི (达拉哈斯) ཞེས་པའི་ཡུལ་འདི་ན་ཡོད་པ་ཞིག་ཡིན་པར་བཤད།
དེ་ནས་ཤར་ལྷོའི་ཕྱོགས་སུ་སོང་བས་གངས་རི་ཆེན་པོར་སླེབས།
གངས་རི་ཆེན་པོའི་མིང་ལ་ད་སྐབས་ཞིན་ཏུ་ཁུ་ཧྲི་རི་བརྒྱུད་ (兴都库什山脉) ཟེར་ཞིང་།
རི་ཧ་ཅང་མཐོ་ལ་གཟར་ཞིང་རོང་ཟབ་པ། རྟག་ཏུ་ཁ་བ་བུ་ཡུག་འཚུབ་ཅིང་དབྱར་དྲུག་པའི་ཚ་སྒང་ལའང་འཁྱག་རོམ་གྱིས་བཀླུབས་ནས་ཡོད་པས་ཤིན་ཏུ་བགྲོད་དཀའ་བ། རི་རྩེ་ན་མི་དང་མི་མིན་གྱི་འཇིགས་པ་ཆེན་པོ་ཡོད་པའི་གནས་ཤིག་གོ།
དེ་ལྟར་ལེ་དབར་དྲུག་བརྒྱ་ལྷག་ཅན་གྱི་བགྲོད་ལམ་བཅད་དེ་ཏོ་ཁ་རའི་ཡུལ་གྱི་མཐའ་གྲོལ་བའི་མཚམས་སུ་བཱ་མཱི་ཡཱན་ཞེས་པའི་ཡུལ་མིང་གྲགས་ཅན་ཞིག་ཏུ་སླེབས།
ཡུལ་འདི་གངས་རི་ཆེན་པོའི་ཁྲོད་དུ་ཆགས་ཤིང་ཡུལ་མི་རྣམས་གཙོ་བོར་ལུང་ཤུར་ན་གནས་བཅས་ཏེ་བསྡད་ཡོད་པར་བཤད་ལ།
ཡུལ་ལུང་དེའི་བྱང་མཐའ་ཤིན་ཏུ་གཟར་ཞིང་མཐོ་བ་གནམ་ལ་བསྙེགས་པའི་རི་བོས་བཅད་ཡོད་ས།
མེ་ཏོག་དང་ཤིང་འབྲས་ཉུང་ས། ཕྱུགས་རིགས་ཀྱི་འཕེལ་བཟང་ཞིང་རྟ་ལུག་མང་ས།
གནམ་གཤིས་གྲང་ངར་ཆེ་ས། མི་གཤིས་དཔའ་ལ་རྟུལ་ཕོད་ཆེ་སའི་ཡུལ་ཞིག་ཡིན་པར་ཡང་བཤད་དོ།།
ཡི་གེ་དང་གོམས་སྲོལ།
བྱད་བཞིན་དང་ཆ་ལུགས་སོགས་ཕལ་ཆེ་བ་སྔར་བཤད་པའི་ཐོ་གར་དང་འདྲ་བར་བཤད།
དཀོན་མཆོག་གསུམ་ལ་དད་ཅིང་ཡུལ་གཞན་དག་ལ་ལྟོས་ན་མི་རྣམས་ལྷག་པར་གཞུང་དྲང་བོར་འདུག་ཅེས་སློབ་དཔོན་གྱིས་ལམ་ཡིག་ཏུ་གསུངས།
དེའི་མངའ་ཁོངས་སུ་ནང་བའི་དགོན་སྡེ་བཅུ་ཕྲག་འགའ་ཡོད་ཅིང་དགེ་འདུན་སྟོང་ཕྲག་འགའ་བཞུགས་ལ་ཐམས་ཅད་ཀྱང་ཐེག་དམན་གྱི་འཇིག་རྟེན་འདས་པར་སྨྲ་བའི་གྲུབ་མཐའི་ལུགས་འཛིན་པ་ཤ་སྟག་ཏུ་བཤད་དོ།།
ལམ་ཡིག་ཏུ་བཤད་པའི་བཱ་མཱི་ཡཱན་ནམ་རྒྱ་ཡིག་ཧྥན་ཡཱན་ནའི་ (梵衍那国) ཡུལ་ཞེས་པ་འདིའི་མིང་ལ་དེང་སང་པཱ་མཱིས་ཡཱང་ (巴米扬) ཟེར་གྱིན་ཡོད་ལ། ད་ལྟའི་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་པུལ་ (喀布尔) གྱི་ནུབ་ཕྱོགས་སུ་ལེ་དབར་བརྒྱ་ལྷག་ཙམ་སོང་བའི་མཚམས་ན་ཡོད།
བཱ་མཱི་ཡཱན་ཞེས་པའི་ཡུལ་འདི་ནི་སྔོན་དར་གོས་འདྲེན་ལམ་གྱི་ས་ཚིགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ།
ཡོ་རབ་དང་། པར་སིག ཀྲུང་གོ་དང་རྒྱ་གར་སོགས་ཀྱི་བར་ལ་འགྲོ་བའི་ཚོང་བ་དག་ངེས་པར་བརྒྱུད་དགོས་པའི་ས་གནས་ཤིག་ཀྱང་ཡིན།
ཡུལ་དེར་ནང་བའི་སྐུ་བརྙན་བཞེངས་པའི་བྲག་ཕུག་མང་བོ་ཡོད།
སློབ་དཔོན་རྨད་བྱུང་གཟི་བརྗིད་ཕེབས་དུས་ཡུལ་འདི་ན་རྒྱུ་རྡོ་ལས་བཞེངས་པའི་སྟོན་པ་ཐུབ་པའི་དབང་བོའི་སྐུ་བརྙན་ཤིན་ཏུ་ཆེན་པོ་ཞིག་ཡོད་པར་གསུངས་པ་དེ་ནི་རྒྱ་སྐད་དུ་པཱ་མིས་ཡཱང་ཏཱ་ཧྥུ་སྟེ་བཱ་མཱི་ཡཱན་ཐུབ་སྐུ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཡིན།
ཐུབ་པའི་རྡོ་སྐུ་ཆེན་པོ་འདི་ནི་ལོ་རྒྱུས་ཧ་ཅང་རིང་བོ་ཡོད་པ་ཞིག་ཡིན་ལ།
འཛམ་གླིང་ཡོངས་སུ་ཡར་བཞེངས་པའི་རྣམ་པ་ཅན་གྱི་ཐུབ་སྐུ་ཆེས་ཆེ་བ་ཞིག་སྟེ།
སྐུའི་མཐོ་ཚད་ལ་སྨིད་༥༣ཡོད་ཅིང་།
སྤྱི་ལོའི་དུས་རབས་ལྔ་བ་ཡས་མས་སུ་བཞེངས་པར་བཤད་པས།
ད་ལྟའི་བར་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད།
གནའ་དུས་སུ་སྐུ་བརྙན་འདིའི་མཚན་ལ་ནུབ་ཀྱི་ཐུབ་སྐུ་ཆེན་པོ་ (西大佛) ཞེས་ཟེར་རོ།།
སློབ་དཔོན་གྱིས་ཀྱང་ལམ་ཡིག་ཏུ་འདི་གསུངས་འདུག་སྟེ།
གྲོང་མཁར་དེའི་བྱང་ཤར་མཚམས་ཀྱི་རི་འདབས་སུ་རྒྱུ་རྡོ་ལས་གྲུབ་པའི་སྟོན་པ་སངས་རྒྱས་བཞེངས་པའི་རྣམ་པ་ཅན་གྱི་སྐུ་ཆེན་པོ་ཁྲུ་བརྒྱ་དང་ཞེ་ལྔ་ཡོད་པ།
གསེར་འོད་ལྷམ་མེར་འཕྲོ་ཞིང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་ལ་ཤིན་ཏུ་བརྗིད་ཆགས་ཤིང་ལྟ་བས་མི་ངོམ་པ་ཞིག་བཞུགས་ཞེས་གསུངས་ཡོད་པ་དེ་འདི་ཡིན་པའི་ཕྱིར།
དེའི་ཤར་ཕྱོགས་སུ་ཡུལ་དེའི་རྒྱལ་བོ་སྔོན་མས་བཏབ་པའི་གཙུག་ལག་ཁང་ཞིག་ཡོད་ལ།
དེའི་ཤར་ལོགས་ན་རྒྱུ་ར་གན་ཡིན་པ་ཁྲུ་བརྒྱ་ལྷག་ཅན་གྱི་སྟོན་པ་བཞེངས་ནས་ཡོད་པའི་རྣམ་པ་ཅན་གྱི་སྐུ་ཞིག་ཡོད་པར་གསུངས་ལ།
འདི་ནི་སྤྱི་ལོའི་དུས་རབས་དང་བོའི་སྐབས་སུ་བཞེངས་པར་གྲགས་པས་ནུབ་ཀྱི་ཐུབ་སྐུ་ཆེན་པོ་ཞེས་པ་དེ་ལས་ལོ་ངོ་བཞི་བརྒྱ་ལྷག་གིས་སྔ་བར་བཤད་ཅིང་།
བཱ་མཱི་ཡཱན་བྲག་ཕུག་གི་ཚོམས་ལས་མཚོན་བྱེད་རང་བཞིན་ཅན་གྱི་སྐུ་བརྙན་གཉིས་སུ་གྲགས།
ད་སྐབས་དབྱི་སི་ལམ་ཆོས་ལུགས་ཀྱིས་ཡོངས་སུ་བཟུང་བའི་ཨབ་གྷ་ནི་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་ནང་བའི་སྐུ་བརྙན་ལོ་རྒྱུས་རིང་བོ་ཅན་འདི་དག་ནི་ཉེ་རབས་བར་དུ་མཇལ་རྒྱུ་མཐོང་རྒྱུ་ཡོད་པར་མ་ཟད།
འདི་ནི་གནའ་བོའི་དར་གོས་འདྲེན་ལམ་གྱི་དཔང་རྟགས་ཤིག་ཀྱང་ཡིན་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ (联合国教科文组织) ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུའང་བཞག་ཡོད།
ཡིན་ནའང་ཧ་ཅང་ཡིད་ཕངས་པ་ཞིག་ལ།
སྤྱི་ལོ་༢༠༠༡ལོའི་ཟླ་༣ཚེས་༡༢ཉིན་ཨབ་གྷ་ནི་སི་ཐན་གྱི་ཁ་ཆེ་ཐ་ལི་པན་དཔུང་ཚོགས་ཀྱིས་འབོམ་མདེལ་བརྒྱབ་ནས་རྨེག་མེད་དུ་བཏང་བ་ཕལ་ཆེར་ཚང་མས་ཤེས་རྒྱུ་རེད་སྙམ།
ཐ་ལི་པན་ཞེས་པའི་ཁ་ཆེའི་ཆོས་ལུགས་ཀྱི་དཔུང་ཚོགས་འདིས་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་འདི་རྨེག་མེད་དུ་གཏོང་དགོས་པའི་རྒྱུ་མཚན་ཁོ་ཚོས་གང་འདོད་རེ་བཤད་ཡོད་མོད་དམིགས་ཡུལ་གང་ཡིན་པ་ཆེད་དུ་སྒྲིམས་ནས་མ་བཤད་ཀྱང་བློ་ལྡན་རྣམས་ཀྱིས་མི་ཤེས་པ་ག་ལ་སྲིད།
དེ་ཡང་ནང་བསྟན་རིག་གནས་ནི་འཛམ་བུ་གླིང་གི་ལོ་རྒྱུས་སྟེང་ཆེས་དར་ཁྱབ་སྔ་བའི་ཆོས་ལུགས་རིག་གནས་ཤིག་ཡིན་པས་རྒྱལ་ཁབ་དང་ཡུལ་གྲུ་མང་བོ་ཞིག་ལ་ཁྱབ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་དང་། གནའ་བོའི་ཨབ་གྷ་ནི་སི་ཐན་ཡང་ནང་བསྟན་རིག་གནས་ཆེས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ནོ།།
འོན་ཀྱང་རྗེས་སུ་ཡུལ་དེ་ལ་དབྱི་སི་ལམ་ཆོས་ལུགས་པས་དཔུང་འཇུག་བྱས་པ་ནས་བཟུང་སྟེ་ནང་བསྟན་རིག་གནས་རིམ་གྱིས་ཉམས་དམས་སུ་གྱུར་ཏོ།།
ཨབ་གྷ་ནི་སི་ཐན་དབྱི་སི་ལམ་ཆོས་ལུགས་པས་དབང་བསྒྱུར་བའི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་ལོ་རྒྱུས་ལ་བལྟས་ན་ནང་བསྟན་རིག་གནས་དར་ཁྱབ་ཏུ་འགྲོར་མ་བཅུག་པ་བདེན་མོད།
འོན་ཀྱང་བསམ་བཞིན་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བསྣུབ་ཨེ་ཐུབ་ལ་འབད་མཁན་ནི་ཐ་ལི་པན་ཙམ་མོ།།
ཐ་ལི་པན་ཞེས་པ་ནི་ཨ་རབ་དང་ཝུར་ཏུ་བ་རྣམས་ཀྱི་སྐད་ཡིན་ལ།
དོན་ནི་ཤེས་ཡོན་འཚོལ་བ་བོ་ཞེས་པ་ཡིན་པར་བཤད་པས།
ཤེས་ཡོན་འདི་ལྟར་བྱས་ནས་འཚོལ་མཁན་ཞིག་གིས་ཤེས་ཡོན་ཅི་འདྲ་ཞིག་རྙེད་རྒྱུ་ཡིན་པའང་བཤད་མ་དགོས་སྙམ།
དེར་མ་ཟད་ཁོ་ཚོས་ཐུབ་སྐུ་དེ་རྨེག་མེད་དུ་བཏང་བ་ནི་གཟི་བརྗིད་དང་ངོམ་ཆོས་ཤིག་ཏུ་བརྩིས་ཡོད་དེ།
ཐ་ལི་པན་དཔུང་ཚོགས་ཀྱི་ཆ་འཕྲིན་སྡེ་ཁག་གི་འགོ་བ་ (信息部长) ཁུན་དྷཱར་ཐུ་ལྷ་ཇ་མོལ་ (昆德拉图拉赫·贾马尔) གྱིས།
ང་ཚོས་བཱ་མཱི་ཡཱན་གྱི་ཐུབ་སྐུ་ཆེན་པོ་འདི་འགས་གཏོར་གཏོང་བའི་བྱ་བའི་བརྒྱུད་རིམ་ཁྲོད་ནས་དཀའ་ལས་མང་བོ་བརྒྱབ་པ་ཡིན།
ཐོག་མར་དྲག་ཆས་སྣ་ཚོགས་བེད་སྤྱོད་བྱས་མོད། གྲུབ་འབྲས་བསམ་དོན་ལྟར་ཐོན་མ་ཐུབ།
རྗེས་སུ་ཟླ་བ་གཉིས་ཙམ་གྱི་རིང་ལ་དམག་མི་བཀོལ་ཏེ་སྐུ་བརྙན་ཆེན་པོ་དེའི་ཆ་མང་བོ་ཞིག་བརྐོས་ནས་ནང་དུ་འགད་རྫས་འཇོག་ཏུ་བཅུག་སྟེ་ཐེངས་གཅིག་ལ་གཏོར་ཐུབ་སོང་ཟེར།
རྒྱ་གར་གྱི་ཨ་ཆེན་ཏའི་བྲག་ཕུག་ (印度阿旃陀石窟) དང་། ཀྲུང་གོའི་བྱེ་མཁར་རྩེའི་མུའོ་གོ་བྲག་ཕུག་ (莫高窟) དང་།
བཱ་མཱི་ཡཱན་བྲག་ཕུག་འདི་གསུམ་ནི་འཛམ་གླིང་ཡོངས་ན་གྲགས་སྙན་ཆེ་བའི་ནང་བའི་བྲག་ཕུག་གསུམ་དུ་བཤད། དེ་ལྟ་བུའི་ནང་བསྟན་སྒྱུ་རྩལ་ལས་ཆེས་རྩ་འགངས་ཆེ་བའི་བཱ་མཱི་ཡཱན་གྱི་ཐུབ་སྐུ་ངོ་མཚར་བ་དེ་གཉིས་ཐ་ལི་པན་དཔུང་ཚོགས་ཀྱིས་ཡ་ང་ཅུང་ཟད་ཀྱང་མེད་པར་རྨེག་མེད་དུ་གཏོར་སོང་བས།
དེ་ནས་བཟུང་སུས་ཀྱང་མཐོང་རྒྱུ་མེད་པར་མིའི་རིགས་ཀྱི་ལོ་རྒྱུས་སུ་བྱུང་མྱོང་བ་ཙམ་མོ་ཞེས་དྲན་པའི་ཡུལ་འབའ་ཞིག་ཏུ་གྱུར་བ་ནི་ཇི་འདྲའི་ཡིད་ཕངས་པ་ལ་ཨང་།
ཐ་ལི་པན་ཞེས་པ་འདི་ཡང་དང་ཐོག་ཨབ་གྷ་ནི་སི་ཐན་གྱི་འབངས་མི་རྣམས་ཀྱིས་ཆེས་རྒྱབ་སྐྱོར་ཐོབ་ས་ཞིག་ཡིན་པས་འཕེལ་རྒྱས་བྱུང་བའང་ཧ་ཅང་མགྱོགས་མྱུར་ཅན་ཞིག་སྟེ།
འགོ་འཛུག་དུས་མི་བརྒྱད་བརྒྱ་ཙམ་ལས་མེད་ཀྱང་ཡུད་ཙམ་གྱི་མི་སུམ་ཁྲི་ཅན་གྱི་དམག་དཔུང་ཆེན་པོ་ཞིག་ཏུ་གྱུར་བར་མ་ཟད།
དམག་ཆས་ཀྱང་ཧ་ཅང་འཛོམས་པོ་ཡོད་པར་ཐོས།
དཔུང་སྡེ་དེ་འཕེལ་རྒྱས་བྱུང་སྟེ་སྟོབས་ཤུགས་ཅན་དུ་གྱུར་བ་ན་སྲིད་དབང་རྩོད་པའི་ཕྱིར་དམག་འཁྲུགས་བརྒྱག་ཅི་ཐུབ་བྱས།
དྲང་བདེན་གྱི་ཆེད་དུ་གཡུལ་འགྱེད་བཞིན་ཡོད་ཅེས་བསྒྲགས་པས་ན་རྒྱབ་སྐྱོར་བྱེད་མཁན་མང་བས་ཅང་མ་འགོར་བར་ཐ་ལི་པན་ཞེས་པའི་དཔུང་ཚོགས་དེས་ཨབ་གྷ་ནི་སི་ཐན་གྱི་མངའ་ཁོངས་ཡོངས་ལ་དབང་བསྒྱུར་བྱས་པར་མ་ཟད།
རང་ཉིད་ལ་ཡོངས་སུ་དབང་བའི་རྒྱལ་ཁབ་ཅིག་བཙུགས་པ་རེད།
ཡིན་ནའང་ཆེས་ཐོག་མར་རྒྱབ་སྐྱོར་བྱེད་མཁན་མང་བ་ནས་རྗེས་སུ་ངོ་རྒོལ་བྱེད་མཁན་མང་བོ་བྱུང་བའི་དཀྱོགས་མཚམས་ཀྱང་འདི་དུས་ཙམ་ལ་བྱུང་བ་ཡིན་པར་ངེས་སོ།།
ཐོག་མར་མི་མང་བོའི་རྒྱབ་སྐྱོར་དེ་ཙམ་ཐོབ་པའི་རྒྱུ་མཚན་ཡང་ཁོ་ཚོས་བཤད་པའི་སྐད་ཆ་དང་འབྲེལ་བ་དམ་པོ་ཡོད་དེ།
ཁོ་ཚོས་ཨབ་གྷ་ནི་སི་ཐན་གྱི་འབངས་མི་དག་ལ་ངེད་ཅག་རྣམས་ཀྱིས་འཛམ་བུ་གླིང་འདིར་ཆེས་གཙང་ཞིང་དག་པའི་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་འཛུག་རྒྱུ་ཡིན་ཞེས་བཤད་པས་སོ།།
འོན་ཀྱང་ཁོ་ཚོས་དངོས་སུ་དབང་བསྒྱུར་བྱས་པ་དེ་ནས་བཟུང་ཁ་ནས་བཤད་པ་དང་ལག་ནས་སྒྲུབ་པ་གཉིས་གཏན་ནས་མི་མཚུངས་པར་གྱུར། སྔར་འབངས་མི་སེར་རྣམས་ལ་ཁྱབ་བསྒྲགས་བྱས་པ་ཕལ་མོ་ཆེ་མང་བོ་ཞིག་ཚུར་འགུག་བྱེད་དང་སླུ་བྱེད་ཀྱི་ཁ་གཡང་ཙམ་མ་གཏོགས་མེད་པའང་མང་བོ་ཞིག་གིས་གསར་དུ་ཤེས།
དེ་མིན་ད་དུང་བུད་མེད་དག་གིས་གདོང་རས་དཀྲིས་དགོས་པ་དང་།
བུ་མོ་ཞིག་ཡིན་ན་སློབ་གྲྭའི་སྒོ་ཐེམ་བརྒལ་མི་ཆོག་པ་ལ་སོགས་པ་ཤིན་ཏུ་མི་འོས་ཤིང་མི་འཚམ་ལ་གནས་ལུགས་མེད་པའི་ཁ་ཁེར་གྲགས་ཀྱི་སྲིད་ཇུས་སམ་འགྲིག་ཁྲིམས་མང་བོ་ཞིག་རམ་དང་རིམ་པར་གཏན་འཁེལ་བྱས་པས་ཀྱང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་བཏང་བར་གོར་མ་ཆག་གོ།
བཱ་མཱི་ཡཱན་གྱི་སྟོན་པའི་བཞེངས་སྐུ་དེ་དག་དུས་ནམ་ལ་མི་སུ་ཞིག་གིས་དགོས་དབང་ཇི་འདྲ་ཞིག་གི་ཆེད་དུ་བསམ་བློ་ཇི་འདྲ་ཞིག་གིས་བཞེངས་པ་ཡིན་ཚུལ་གྱི་ལོ་རྒྱུས་གསལ་ཞིང་དག་པ་ཞིག་ང་ཚོས་ཕལ་ཆེར་ཤེས་ཐབས་མེད་པ་ལྟ་བུ་ཡིན་མོད།
འོན་ཀྱང་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱི་ལམ་ཡིག་འདིར་སྐུ་བརྙན་གྱི་སྐོར་གླེང་བ་ནི་གོང་དུ་བཤད་པ་ལྟར་དང་།
དེར་མ་ཟད་དེ་ལས་ཀྱང་ལོ་ངོ་ཉིས་བརྒྱ་དྲུག་ཅུ་ལྷག་གི་ཡར་སྔོན་ཏེ་ཅིན་ཤར་མའི་དུས་སུ་འཕགས་ཡུལ་ལ་ཕེབས་པའི་བན་ཆེན་པོ་ཆོས་ཀྱི་སྣང་བ་མཆོག་གིས་མཛད་པའི་རྒྱལ་བའི་ཞིང་གི་ཟིན་ཐོ་《佛国记》ལས་ཀྱང་སྐུ་བརྙན་འདི་ལ་མཇལ་མྱོང་བར་གསུངས་པས་ལོ་རྒྱུས་ཧ་ཅང་རིང་བ་ནི་ཐེ་ཚོམ་མེད་པ་ཞིག་གོ།
ད་ནི་སླར་ཡང་དཀྱུས་ལ་འཇུག་པར་བྱ་སྟེ།
ཡུལ་དེར་སྟོན་པ་ཐུབ་པའི་དབང་བོ་ཡར་བཞེངས་ཡོད་པའི་རྣམ་པ་ཅན་གྱི་སྐུ་བརྙན་དེ་ལྟ་བུའི་ཡ་མཚན་པ་གཉིས་ཡོད་པར་མ་ཟད།
གྲོང་དེའི་ཤར་གྱི་ལེ་དབར་གཉིས་གསུམ་ཙམ་གྱི་མཚམས་སུ་ཡོད་པའི་གཙུག་ལག་ཁང་དུ་སྲིད་ལ་ཁྲུ་ཆིག་སྟོང་ལྷག་མངའ་བའི་སྟོན་པ་ཐུབ་པའི་དབང་བོ་མྱ་ངན་ལས་འདས་པའི་ཚུལ་མཛད་པའི་རྣམ་པ་ཅན་གྱི་སྐུ་བརྙན་ངོ་མཚར་ཞིང་བྱིན་རླབས་ཆེ་བར་གྲགས་པ་ཞིག་ཀྱང་བཞུགས་པར་བཤད་དོ།།
སྨྲས་པ།
མངོན་པར་མཐོ་བ་མི་ཡི་ལུས་རྟེན་ཙམ། །
སྟེས་དབང་ཙམ་གྱིས་ཐོབ་ཀྱང་དགེ་སྡིག་ལས།
།
འབྲས་བུ་བདེ་སྡུག་ཇི་ལྟར་འབྱུང་བའི་ཚུལ།
།
མི་དཔྱོད་ལྟོ་གོས་ཙམ་གྱིས་ཚིམ་པ་མང་།
།
གང་ཡང་བློ་གྲོས་ལྡན་རྣམས་སྡུག་བསྔལ་ལས།
།
གྲོལ་བའི་ཐབས་ཚུལ་ཇི་དང་ཇི་འདྲ་ཞེས།
།
དཔྱོད་པར་མི་བྱེད་ཟས་གོས་གནས་མལ་ཙམ།
།
ལས་ཀྱི་གཙོ་བོར་འཛིན་པ་བླུན་པོར་སྨྲ། །
སྟོན་པར་བཏགས་ཀྱང་སྟོན་པའི་དོན་མེད་ཅིང་།
།
ཆོས་སུ་སྨྲ་ཡང་ཆོས་ལས་ཕྱིར་ཕྱོགས་ལ།
།
གྲོལ་བྱེད་ཟེར་ཡང་འཆང་བའི་ལམ་གྱུར་བའི།
།
མུ་སྟེགས་ལུགས་ལ་མ་དད་བསོད་ནམས་ཆེ།
།
གནས་དང་གནས་མིན་ཚུལ་དང་ཚུལ་མིན་སོགས།
།
གཟུར་གནས་རིགས་པའི་ལམ་གྱིས་མི་འབྱེད་པར།
།
ཞེ་སྡང་རྩ་བ་ལས་བྱུང་གཏུམ་སྤྱོད་ཀྱིས།
།
མི་མཐུན་ཕྱོགས་ཀུན་འཇོམས་པ་གླ་གློ་ཉིད།
།
སེམས་ཅན་མཐའ་ཀླས་ཁམས་དབང་མོས་པ་ཡང་།
།
བགྲང་ཡས་ཕྱིར་ན་རང་རང་འདོད་པའི་ལུགས།
།
སྣ་ཚོགས་འབྱུང་བར་ཡ་མཚན་ཆེར་མེད་ཀྱང་།
།
གྲུབ་མཐའ་གཡུལ་གྱིས་བཞག་ན་སྐྱུགས་རེ་བྲོ།
།
སྲིད་གསུམ་མཛེས་པའི་སྙིང་བོ་བསྡུས་པའི་གཟུགས།
།
བྱིན་རླབས་བཅུད་དུ་རྫོགས་པའི་བསོད་ནམས་གཏེར།
།
བཱ་མཱི་ཡཱན་གྱི་ཐུབ་པའི་སྐུ་བརྙན་ཆེ།
།
དེ་ལྟར་རྨོངས་པས་བཤིག་པ་ཡིད་རེ་ཕངས།
།
སྙན་སྙན་གཏམ་གྱིས་མང་བོ་ཁ་བྲིད་ནས།
།
རང་འདོད་སྒྲུབ་ཅིང་རང་ལ་ཡིད་ཆེས་པའི།
།
འབངས་ཀྱང་རང་གིས་བཅོམ་པས་མཐའ་མ་རུ།
།
རང་ཡང་ཕུང་བར་བྱས་པ་ཐ་ལི་པན། །
ལ་ལ་ཡུལ་གྲུ་གཅིག་ལ་ལན་བརྒྱ་རུ།
།
སོང་ཡང་དེ་ཡི་བྱུང་བ་མི་ཤེས་མོད།
།
རྨད་བྱུང་གཟི་བརྗིད་ཡུལ་མང་ལན་གཅིག་ཙམ།
།
བསྐོར་བས་ཀུན་གྱི་གསང་བ་བརྟོལ་འདི་མཚར།
།
མཁྱེན་དཔྱོད་མངོན་པར་འཕགས་པའི་དམ་པ་ཡིས།
།
བཞག་པའི་གསང་བ་ཀུན་གསལ་མེ་ལོང་འདིར།
།
ཞིབ་ཏུ་བལྟས་ན་ལོ་རྒྱུས་མང་བོ་དང་།
།
སེམས་ཀྱི་གསང་བ་མང་བོ་ལྷན་ཅིག་གསལ།
།
ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
--- མུ་འགོད། ---
རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།
|