༢༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༢༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༢༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-08-17ལྟ་ཀློག (3647)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།     

    

ཏྲ་པུ་སའི་ཡུལ་ (提谓城)དང་བྷལླི་ཀའི་ (波利城ཡུལ་དུ་སླེབས་པ།

    ཧྥུ་ཧའི་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་སུ་ལེ་དབར་ལྔ་བཅུ་ཙམ་སོང་ན་ཏྲ་པུ་ས་ (提谓城ཞེས་པའི་ཡུལ་ཡོད་ཅིང་། དེའི་བྱང་ཕྱོགས་ཀྱི་ལེ་དབར་བཞི་བཅུའི་མཚམས་ན་བྷལླི་ཀ་ (波利城ཞེས་པའི་ཡུལ་ཡོད། འདི་གཉིས་ནི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་ཁོངས་སུ་གཏོགས་པར་བཤད་དོ།། དེ་ཡང་རྒྱ་ཡིག་ཏུ་ཐིས་ཝེ་ (提谓ཞེས་བྲིས་ཡོད་པ་འདི་ཡང་ལེགས་སྦྱར་གྱི་སྐད་ཏྲ་པུ་སTrapusaཞེས་པ་བསྡུས་བསྒྱུར་བྱས་པ་སྟེ། རྒྱ་ཡིག་ཏུ་ཏིས་ལིས་ཧྥུ་སུའོ་ (帝梨富娑དང་། ཏིས་ལུས་ཧྥུ་སུའོ་ (帝履富娑སོགས་དུ་མ་ཞིག་བྲིས་པར་སྣང་ལ། དེ་ནི་རྒྱ་སྐད་དུ་ཧོང་ཀྭའམ་ (黄瓜ཧུའུ་ཀྭའམ་ (胡瓜ཀྭ་ (ཞེས་པའི་དོན་ལ་འཇུག་པར་བཤད། བྷལླི་ (波利ཞེས་པའང་ལེགས་སྦྱར་གྱི་བྷལླི་ཀ་ (跋梨迦ཞེས་པའི་མིང་གི་བསྡུས་ཚིག་ཡིན་ཅིང་། གསེར་གྱི་རྒྱབ་སྐྱོར་ (金挺དང་། སྡེ་བ་ (村落སོགས་ཀྱི་དོན་ལ་འཇུག་པར་བཤད་མོད། འོན་ཀྱང་འདི་ནི་མི་གཉིས་ཀྱི་མིང་གྲོང་ཁྱེར་ལ་བཏགས་པ་ཡིན་ཏེ། སྔོན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་རིང་བོ་མ་ལོན་པ་ན། རྒྱ་གར་བྱང་ཕྱོགས་ཀྱི་མི་ཐིས་ཝེའམ་ཏྲ་པུ་ས་ (提谓དང་བྷལླི་ (波利ཞེས་བྱ་བའི་ཚོང་དཔོན་སྤུན་གཉིས་ཡོད་ཅིང་། ནམ་ཞིག་གི་ཚེ་ནོར་རིན་པོ་ཆེ་མང་བོ་རྙེད་དེ་སླར་རང་ཡུལ་དུ་ལོག་པའི་ལམ་བར་དུ་སངས་རྒྱས་བཅོམ་ལྡན་འདས་རི་དྭགས་ཀྱི་ནགས་སུ་ཕེབས་བཞིན་ཡོད་པ་དང་མཇལ་ཞིང་དད་པ་སྐྱེས་ཏེ་འབྲས་ཡོས་དང་སྦྲང་རྩིས་མཆོད་ཅིང་བསྙེན་བཀུར་བྱས་པར་མ་ཟད། སྡོམ་པ་ལྔ་དང་དགེ་བ་བཅུའི་སྐོར་གྱི་ཆོས་ཐོག་མར་གསུངས་པའི་ཡུལ་དུ་གྱུར་ཅིང་སྟོན་པའི་དགེ་བསྙེན་གྱི་སློབ་མའི་ཐོག་མ་ཡིན་པར་ཡང་བཤད་དོ།།  

    ཁྱིམ་བདག་གམ་ཚོང་དཔོན་དེ་གཉིས་ཀྱིས་མ་འོངས་པ་ན་ཕྱག་མཆོད་བྱེད་པའི་རྟེན་བྱིན་རླབས་ཅན་ཞིག་ཅིས་ཀྱང་དགོས་ཞེས་སྟོན་པ་བཅོམ་ལྡན་འདས་ལ་ནན་གྱིས་ཞུས་པས། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་དེ་གཉིས་ལ་རང་གི་དབུ་སྐྲ་དང་ཕྱག་སེན་གནང་། ཡང་ཇི་ལྟར་མཆོད་པ་བྱེད་ཚུལ་ཞུས་པ་ལ། སྟོན་པས་ཐོག་མར་རང་གི་སཾགྷཱ་ཏཱི་སྟེ་སྣམ་སྦྱར་ཕུད་ནས་ས་སྟེང་དུ་གྲུ་བཞིར་བལྟབས་ནས་བཞག དེ་ནས་ཨུཏྟ་རཱ་སྟེ་བླ་གོས་དང་། སཾ་ཀ་ཀྵི་ཀཱ་སྟེ་རྔུལ་གཟན་གཉིས་ཕུད་དེ་སྔར་བཞིན་རིམ་པར་བརྩེགས་པའི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པ་དང་། དེའི་སྤོ་ལ་འཁར་གསིལ་གྱེན་དུ་དྲང་བོར་བཞག་སྟེ་མཆོད་རྟེན་གྱི་བཀོད་པ་བསྟན་པར་མཛད་དོ།། དེ་ནས་ཚོང་དཔོན་དེ་གཉིས་ཕྱིར་རང་རང་སོ་སོའི་ཡུལ་དུ་སོང་སྟེ་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་མཆོད་རྟེན་བཞེངས་པ་གྲོང་ཁྱེར་འདི་གཉིས་ན་ཡོད་པར་བཤད་པས་འདི་ཚོང་བ་དེ་གཉིས་ཀྱི་ཕ་ཡུལ་ཡིན་ལ། ཚོང་བ་དེ་གཉིས་ཀྱི་མིང་གྲོང་ཁྱེར་ལ་ཐོགས་པ་ཡིན་པར་ཡང་བཤད་ཅིང་མཆོད་རྟེན་དེ་གཉིས་ནང་བ་སངས་རྒྱས་པའི་མཆོད་རྟེན་གྱི་ཐོག་མ་ཡིན་པར་ཡང་བཤད་དོ།།

    མཁར་གྲོང་དེའི་ནུབ་ཀྱི་ལེ་དབར་བདུན་ཅུ་ཙམ་གྱི་ཕ་རོལ་ན་འདས་པའི་སངས་རྒྱས་འོད་སྲུང་གི་དུས་སུ་བཞེངས་པར་གྲགས་པའི་མཆོད་རྟེན་ཞིག་ཀྱང་མཇལ་རྒྱུ་ཡོད་པར་བཤད་དོ།།         

    འོ་ན་ཚོང་དཔོན་དེ་གཉིས་སུ་ཡིན་ཞེ་ན། དེ་གཉིས་ནི་རང་ཅག་གིས་ཀྱང་ཐོས་མྱོང་བ་ཞིག་སྟེ། བཀྲ་ཤིས་བརྩེགས་པའི་མཇུག་ཏུ། འཕགས་པ་རྒྱ་ཆེར་རོལ་བའི་མདོའི་ཚོང་དཔོན་ག་གོན་དང་བཟང་པོའི་ལེའུ་ལས་འབྱུང་བ་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་རྫོགས་སོ།། ཞེས་གསུངས་པ་ལྟར་ཏྲ་པུ་ས་ནི་ག་གོན་དང་། བྷལླི་ཀ་ནི་བཟང་བོ་ཡིན་པར་བཤད་ཚུལ་ཡང་ཐོས་ལ། དེ་ནི་བདེན་སྙམ་སྟེ།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱ་མཚོ་མཆོག་གིས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་གྱི་རྣམ་པར་ཐར་བ་པདྨ་དཀར་བོའི་ཕྲེང་བ་ཞེས་པ་ལས། བདུན་ཕྲག་གསུམ་པ་ལ། ཚོང་དཔོན་ག་གོན་དང་། བཟང་བོ་ཞེས་བྱ་བ་གཉིས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་སྦྲང་རྩི་དང་ལྡེ་གུ་དག་འབུལ་གྱིས་བཞེས་སུ་གསོལ་ཞེས་ཞུས་སོ།། དེ་ནས་སྟོན་པས། སྔོན་གྱི་སངས་རྒྱས་རྣམས་ཀྱང་ལྷུང་བཟེད་ཀྱི་སྣོད་དུ་བསོད་སྙོམས་བཞེས་ཀྱི། མུ་སྟེགས་བྱེད་བཞིན་དུ་སྙིམ་པ་དང་སློང་ཕོར་དུ་ནི་མ་ཡིན་ནོ་ཞེས་དགོངས་སོ།། དེའི་ཚེ་རྒྱལ་བོ་ཆེན་པོ་བཞིས་དེ་ཤེས་ནས་རྡོ་ལས་བྱས་པའི་ལྷུང་བཟེད་རེ་རེ་མེ་ཏོག་གིས་བཀང་སྟེ་ཕུལ་བས། ཕྱག་བསྐྱང་སྟེ། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང་།  ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། ། ང་འདྲ་དག་ལ་ལྷུང་བཟེད་ཕུལ་བ་ནི། ། དྲན་དང་བློ་གྲོས་ནམ་ཡང་ཉམས་མི་འགྱུར། ། ཞེས་གསུངས་ནས་བཞི་ག་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བསྣམས་སོ།། དེ་ནས་ཚོང་དཔོན་གཉིས་ཀྱིས་བསོད་སྙོམས་ཕུལ་བ་དག་བཞེས་ཏེ། ལྷ་ཡི་བཀྲ་ཤིས་དོན་འགྲུབ་ཅིང་། ། ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། ། ཁྱོད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག ། ཐམས་ཅད་མྱུར་དུ་མཐུན་པར་ཤོག ། ཅེས་སོགས་ཤིས་པ་བརྗོད་དོ།། ཞེས་གསུངས་པ་དང་ཡང་འགྲིག་པའི་ཕྱིར། དུང་དཀར་ཚིག་མཛོད་ལས། ག་གོན་ཞེས་པ་ཤིང་ཏོག་སྐྱུར་བོ་ཞིག་གི་མིང་ཡིན་པར་བཤད་ལ། མཁས་པའི་དགའ་སྟོན་དུ། བྱང་ཕྱོགས་སྐར་མ་སྨེ་བདུན་འཆར་བའི་མཐའ་མཚམས་སུ་ཡོད་པའི་ཡུལ་སྡེ་ཞིག་གི་མིང་ཡིན་པར་གསུངས་པའང་འདི་དང་ཅུང་འགྲིག་པར་སྣང་ངོ་།། འདུལ་བ་མདོ་རྩ་ལས། ག་གོན་ཞེས་པ་སྨན་གྱི་གཞི་ལས་ལ་ཕུག་གི་རིགས་ཡིན་པ་ལ་རོ་མངར་བ་དེང་སང་ཡོངས་གྲགས་སུ་ཉུང་མ་ཞེས་འབོད་པ་དེ་ཡིན་པར་གསུངས། ཡང་ག་གོན་ཞེས་པ་ཞ་ཉེ་ནག་པོ་ལ་འཇུག་པར་བཤད་པའང་ཡོད་ལ། རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ག་གོན་ནི་ཤིང་ཏོག་འབྲས་བུ་ཆེན་པོ་སྨིན་པ་ན་རོ་སྐྱུར་ཞིང་ནང་ན་ཁུ་བ་མང་བ་འདུ་བའི་ནད་ཕལ་བ་ལ་གནོད་པའོ་ཞེས་པ་ལྟར་རོ།། ཞེས་བསྟན་དར་ལྷ་རམས་པས་གསུངས་སོ།། འདི་དག་ནི་ཞར་བྱུང་དུ་བཤད་པ་ཙམ་མོ།།

    འདིའི་ལོ་རྒྱུས་རྒྱས་པ་ནི་རྒྱ་ཆེར་རོལ་བའི་མདོ་ན་ཡོད་དེ། དེའི་ལེའུ་ཉི་ཤུ་རྩ་བཞི་བ་སྟེ་ག་གོན་དང་བཟང་བོའི་ལེའུ་ལས། ཞག་བདུན་པ་བདུན་པའི་ཚེ་ནི་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་སོ།། དེའི་ཚེ་བྱང་ཕྱོགས་པའི་ཚོང་བ་ག་གོན་དང་བཟང་པོ་ཞེས་བྱ་བ་མཁས་པ་གསལ་བ་སྤུན་གཉིས་རྙེད་པ་ཆེན་པོ་རྙེད་ནས། ཟོང་རྣམ་པ་མང་པོ་ཐོགས་ཏེ། འགྲོན་པ་ཕལ་པོ་ཆེ་དང་། ཤིང་རྟ་ཤིན་ཏུ་གང་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དོང་ངོ་།། དེ་གཉིས་ལ་གླང་བུ་ཅང་ཤེས་ལེགས་སྐྱེས་དང་གྲགས་པ་ཞེས་བྱ་བ་གཉིས་ཡོད་དོ།། དེ་གཉིས་ལ་ཐོགས་པའི་འཇིགས་པ་མེད་དེ་གང་དུ་གླང་བུ་གཞན་མི་ཐར་བ་དེར་དེ་གཉིས་གཏོང་ངོ་།། གང་དུ་མདུན་རོལ་ན་འཇིགས་པ་ཡོད་པ་དེར་དེ་གཉིས་ཕུར་པ་ལ་བཏགས་པ་བཞིན་དུ་འདུག་གོ། དེ་གཉིས་ལ་ལྕག་གིས་མི་འཇུའི་མེ་ཏོག་ཨུད་པ་ལ་སྤར་གང་ངམ། སྣ་མའི་མེ་ཏོག་གི་ཕྲེང་བས་དེ་གཉིས་དེད་དོ།། ཤིང་སྒྲོལ་རྒྱུ་དང་ཉེ་བ་ཞིག་ཏུ་ཤིང་འོ་མ་ཅན་གྱི་ནགས་ན་གནས་པའི་ལྷ་མོས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པས། དེ་དག་གི་ཤིང་རྟ་དེ་དག་ཐམས་ཅད་མི་འགྲོ་སྟེ། འབྲེང་པ་ལ་སོགས་པ་ཤིང་རྟའི་ཆ་རྐྱེན་ཐམས་ཅད་ཀྱང་ཆད་གྲུགས་སོ།། ཤིང་རྟའི་འཕང་ལོ་རྣམས་ཀྱང་ལྟེ་བ་ལ་ཐུག་པར་སའི་ནང་དུ་ནུབ་སྟེ། ཐམས་ཅད་ཀྱིས་རབ་ཏུ་བསྒྲིམས་ཀྱང་ཤིང་རྟ་དེ་དག་འགྲོ་བར་མ་གྱུར་ནས། ཁ་ཅིག་ངོ་མཚར་དང་སྐྲག་པར་གྱུར་ཏེ། ཤིང་རྟ་འདི་དག་ཐང་ལ་ཡང་ཐོགས་པར་གྱུར་པ་འདི་ལ་རྒྱུ་ནི་ཅི་ཞིག་ཡོད། འདིའི་འགྱུར་བ་ནི་ཅི་ཞིག་ཡིན་སྙམ་ནས། དེ་དག་གིས་གླང་བུ་ལེགས་སྐྱེས་དང་གྲགས་པ་དེ་གཉིས་འདྲེན་དུ་བཅུག་སྟེ། མེ་ཏོག་ཨུད་པ་ལ་སྤར་གང་དང་། སྣ་མའི་མེ་ཏོག་གི་ཕྲེང་བས་བདས་ཀྱང་འགྲོ་བར་མ་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་འདི་གཉིས་ཀྱང་མི་འགྲོ་བ་ལས་མདུན་ན་འཇིགས་པ་འགའ་ཞིག་འབྱུང་དུ་གདོན་མི་ཟའོ་སྙམ་ནས། དེ་དག་གིས་ས་འཁྲུ་བ་རྟ་པ་དག་སྔར་བཏང་ངོ་།།་ས་འཁྲུ་བ་རྟ་པ་རྣམས་སླར་ལོག་ནས་འཇིགས་པ་ཅི་ཡང་མེད་ཅེས་སྨྲས་སོ།། ལྷ་མོ་དེས་ཀྱང་རང་གི་གཟུགས་བསྟན་ནས་མ་འཇིགས་ཤིག་ཅེས་དབུགས་ཕྱུང་ངོ་།། གླང་བུ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཤིང་རྟ་དྲངས་པ་དང་། དེ་དག་གིས་དེ་བཞིན་གཤེགས་པ་མེ་ལྟར་རབ་ཏུ་འབར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་གྱིས་ལེགས་པར་བརྒྱན་པ། ཉི་མ་ཤར་ནས་རིང་པོར་མ་ལོན་པ་ལྟ་བུ་དཔལ་གྱིས་འབར་བ་མཐོང་ངོ་།། མཐོང་ནས་ཀྱང་དེ་དག་ངོ་མཚར་དུ་གྱུར་ཏེ། འདི་ནི་ཅི་ཞིག་ཚངས་པ་འདིར་ཕྱིན་ཏམ། འོན་ཏེ་ལྷའི་དབང་པོ་བརྒྱ་བྱིན་ནམ། འོན་ཏེ་རྣམ་ཐོས་ཀྱི་བུའམ། འོན་ཏེ་ཉི་མ་དང་ཟླ་བའམ། འོན་ཏེ་རིའི་ལྷ་འགའ་ཞིག་གམ། རླུང་གི་ལྷ་འགའ་ཞིག་སྙམ་མོ།། དེ་ནས་དེ་བཞིན་གཤེགས་པས་ན་བཟའ་ངུར་སྨྲིག་རྣམས་བསྟན་ཏོ།། དེ་ནས་དེ་དག་གིས་ངུར་སྨྲིག་བགོས་པ་འདི་ནི་རབ་ཏུ་བྱུང་བ་ཡིན་གྱིས་བདག་ཅག་འཇིགས་པ་མེད་དོ་ཞེས་སྨྲས་ཏེ། དེ་དག་དད་པ་ཐོབ་ནས་ཡང་ཕན་ཚུན་དུ་སྨྲས་པ། རབ་ཏུ་བྱུང་བ་འདི་ནི་དུས་སུ་ཟ་བ་ཡིན་ན། ཅུང་ཟད་ཅི་ཡོད། སྨྲས་པ། སྦྲང་རྩི་དང་། སྐྱོ་མ་དང་། བུ་རམ་ཤིང་བཤུས་པ་ཡོད་དོ།། དེ་དག་གིས་སྦྲང་རྩི་དང་། སྐྱོ་མ་དང་། བུ་རམ་ཤིང་བཤུས་པ་ཁྱེར་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་དེ་དག་གིས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་སྤྱན་གཟིགས་འདི་བཞེས་སུ་གསོལ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། བདག་གིས་ལག་པས་འདི་བླངས་ན་ནི་མ་ལེགས་ན་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྣོད་ཇི་ལྟ་བུས་བཞེས་སྙམ་ནས་མཁྱེན་པ་འཇུག་པར་གྱུར་ཏོ།། དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པའི་སྐབས་ཀྱི་དུས་ལ་བབ་པར་རིག་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་བཞི་གསེར་གྱི་ལྷུང་བཟེད་བཞི་ཐོགས་ཏེ། ལྷགས་ནས་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ། གསེར་གྱི་ལྷུང་བཟེད་བཞི་པོ་འདི་དག་བཞེས་སུ་གསོལ་ཞེས་ཕུལ་ལོ།། དེ་དག་དགེ་སྦྱོང་གི་ཆ་མ་ཡིན་པར་དགོངས་ནས། དེ་བཞིན་གཤེགས་པས་མ་བཞེས་སོ།། དེ་བཞིན་དུ་དངུལ་གྱི་བཞི་དང་། བཻ་དཱུརྱའི་དང་། ཤེལ་དང་། སྤུག་དང་། རྡོའི་སྙིང་པོ་ལས་བྱས་པ་བཞི་བཞི་དང་། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ལྷུང་བཟེད་བཞི་ཐོགས་ཏེ། དེ་བཞིན་གཤེགས་པ་ལ་ཕུལ་ན་ཡང་དགེ་སྦྱོང་གི་ཆ་མ་ཡིན་པར་དགོངས་ཏེ། དེ་བཞིན་གཤེགས་པས་མ་བཞེས་སོ།།

    དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོངས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྷུང་བཟེད་རྣམ་པ་ཅི་འདྲ་བ་དག་གིས་བཞེས་སྙམ་དགོངས་ན། རྡོའི་ལྷུང་བཟེད་རྣམས་ཀྱིས་བཞེས་པར་མཁྱེན་ནས། དེ་བཞིན་གཤེགས་པས་དེ་ལྟ་བུའི་ཐུགས་བསྐྱེད་པ་དང་། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་རྒྱལ་པོ་ཆེན་པོ་གཞན་གསུམ་ལ་སྨྲས་པ། གྲོགས་པོ་དག་སྔོན་པོའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བདག་ལ་རྡོའི་ལྷུང་བཟེད་བཞི་བྱིན་པ་དང་། དེ་ལ་བདག་གིས་འདི་སྙམ་དུ་བསམས་ཏེ། འདི་སྤྱད་པར་བྱའོ་སྙམ་པ་དང་། དེ་ནས་སྔོན་པོའི་རིས་ཀྱི་ལྷའི་བུ་རྣམ་པར་སྣང་བྱེད་ཅེས་བྱ་བ་དེས་བདག་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་སྣོད་འདི་དག་སྤྱད་པར་མ་བྱ་བར། ། འདི་དག་ཆོངས་ཤིག་མཆོད་རྟེན་གྲགས་པར་འགྱུར། ། ཤཱཀྱ་ཐུབ་ཅེས་བྱ་བའི་རྒྱལ་བ་འབྱུང་། ། དེ་ལ་ལྷུང་བཟེད་འདི་དག་དབུལ་བ་གྱིས། ། གྲོགས་པོ་དག་གིས་ཤཱཀྱ་ཐུབ་པ་ལ། ། སྣོད་དབུལ་བ་ཡི་དུས་དང་ཚོད་ལ་བབ། ། གླུ་དབྱངས་དག་དང་སིལ་སྙན་སྒྲ་ཕྱུང་སྟེ། ། མཆོད་པ་བྱས་ནས་ལྷུང་བཟེད་དབུལ་བར་བྱ། ། སྣོད་དེ་ཆོས་ཀྱི་རང་བཞིན་མི་ཤིགས་པ། ། སྣོད་འདི་རྡོ་བའི་རང་བཞིན་བཞེས་སུ་རུང་། ། གཞན་གྱིས་བླང་བར་བཟོད་པ་མ་ཡིན་གྱིས། ། ད་ནི་བདག་ཅག་དེ་དག་ལེན་དུ་འདོང་། ། དེ་ནས་རྒྱལ་པོ་ཆེན་པོ་བཞིས་རང་གི་གཉེན་དང་འཁོར་དུ་བཅས་ཏེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ལེན་ཅིང་རང་རང་གི་ལག་ཏུ་ལྷུང་བཟེད་དེ་དག་ཐོགས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། ལྷུང་བཟེད་དེ་དག་ལྷའི་མེ་ཏོག་གིས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ།། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་ཆེན་པོ་དད་པ་དང་ལྡན་པ་བཞི་པོ་འདི་དག་གིས་བདག་ལ་རྡོའི་ལྷུང་བཟེད་བཞི་ཕུལ་ན། བདག་ལ་ནི་བཞིར་མི་རུང་ལ། ཇི་སྟེ་གཅིག་གི་བླངས་ན་ནི་གསུམ་ཡང་མི་དགའ་བར་འགྱུར་ན། བདག་གིས་ལྷུང་བཟེད་བཞི་པོ་འདི་དག་བླངས་ཏེ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབ་བོ་སྙམ་མོ།། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པ་བརྐྱང་སྟེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང་། ། ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། ། ང་འདྲ་དག་ལ་ལྷུང་བཟེད་ཕུལ་བ་ནི། ། དྲན་དང་བློ་གྲོས་ནམས་ཀྱང་ཉམས་མི་འགྱུར། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལས་ལྷུང་བཟེད་བཞེས་སོ།། བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་དེ་བཞིན་གཤེགས་ལ་ལྷུང་བཟེད་ཕུལ། ། ནམས་ཀྱང་དྲན་དང་ཤེས་རབ་ཉམས་མི་འགྱུར། ། བསིལ་དངོས་གོ་འཕང་སངས་རྒྱས་ཐོབ་བར་དུ། ། བདེ་བས་བདེ་བར་དུས་རྣམས་ཟད་པར་བྱེད། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལས་ལྷུང་བཟེད་བཞེས་སོ།། བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། རྣམ་པར་དག་སེམས་དེ་བཞིན་གཤེགས་པ་ལ། ། ཁྱོད་ཀྱིས་ཡོངས་དག་ལྷུང་བཟེད་ཕུལ་ཅིག་དང་། ། ཁྱོད་ཀྱི་སེམས་ནི་མྱུར་དུ་དག་པར་འགྱུར། ། ལྷ་མི་འཇིག་རྟེན་དག་ན་བསྔགས་པར་འོས། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལས་ལྷུང་བཟེད་བཞེས་སོ།། བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། སྐྱོན་མེད་སེམས་དང་དད་པས་སྐྱོན་མེད་སྣོད། ། དེ་བཞིན་གཤེགས་པ་ཚུལ་ཁྲིམས་སྐྱོན་མེད་ཅིང་། ། ཚུལ་སྐྱོན་མེད་ལ་རབ་ཏུ་ཕུལ་ཅིག་དང་། ། ཁྱོད་ཀྱི་སྦྱིན་པ་བསོད་ནམས་སྐྱོན་མེད་འགྱུར། ། དགེ་སློང་དག་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་མིག་མི་བཟང་ལས་ལྷུང་བཟེད་བཞེས་སོ།།

    བཞེས་ནས་ཀྱང་མོས་པའི་སྟོབས་ཀྱི་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ང་ཡིས་སྔོན་གྱི་སྲིད་པར་སྣོད་ཀྱི་རྣམས། ། བཟང་བྱས་འབྲས་བུས་རབ་ཏུ་བཀང་སྟེ་བྱིན། ། དེ་ནས་ལྷུང་བཟེད་དབྱིབས་ལེགས་བཞི་པོ་འདི། ། རྫུ་འཕྲུལ་ཆེན་པོའི་ལྷ་བཞི་རྣམས་ཀྱིས་བྱིན། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བརྟན་པ་དམ་པའི་དོན་དེ་དགོངས་པ་དེ། ། ཞག་བདུན་བྱང་ཆུབ་ཤིང་མཆོག་གཟིགས་ནས་ནི། ། སེང་གེའི་སྟབས་འདྲ་མི་ཡི་སེང་གེ་དེ། ། ས་ནི་རྣམ་པ་དྲུག་ཏུ་བསྐྱོད་ནས་བཞེངས། ། གླང་པོའི་དབང་ལྟར་ཀུན་ཏུ་དལ་གྱིས་གཤེགས། ། རིམ་གྱིས་སྒྲོལ་རྒྱུའི་ཤིང་གི་དྲུང་བྱོན་ནས། ། ལྷུན་པོ་ལྟ་བུར་གཡོ་བ་མི་མངའ་བཞུགས། ། ཐུབ་པ་བསམ་གཏན་ཏིང་ངེ་འཛིན་རྣམས་དགོངས། ། དེ་ཡི་ཚེ་ན་ག་གོན་བཟང་པོ་སྤུན། ། གཉིས་དང་ཚོང་པའི་ཚོགས་དང་ཤིང་རྟ་ནི། ། ནོར་གྱིས་གང་བ་དག་དང་ལྷན་ཅིག་ཏུ། ། སཱ་ལའི་མེ་ཏོག་ནགས་ཚལ་རྒྱས་པར་ཞུགས། ། དྲང་སྲོང་ཆེན་པོའི་གཟི་ཡིས་སྐད་ཅིག་ཏུ། ། སྲོག་ཤིང་ཐུག་པར་འཕང་ལོ་ས་ནང་ནུབ། ། དེ་དག་དེ་འདྲ་བ་ཡི་གནས་མཐོང་ནས། ། ཚོང་པའི་ཚོགས་ནི་འཇིགས་པ་ཆེན་པོ་སྐྱེས། ། དེ་དག་རལ་གྲི་མདའ་དང་མདུང་ཐུང་ཐོགས། ། ནགས་ན་རི་དྭགས་བཞིན་དུ་སུ་ཞེས་ཚོལ། ། སྤྲིན་མེད་འོད་ཟེར་སྟོང་ལྡན་འདྲ་བའི་རྒྱལ། ། ཞལ་རས་སྟོན་གྱི་ཟླ་བ་འདྲ་བ་མཐོང་། ། ཁྲོ་བ་སྤངས་ཤིང་རྒྱགས་པ་བསལ་ནས་སུ། ། མགོ་བོས་ཕྱག་འཚལ་འདི་ནི་སུ་ཞེས་དཔྱོད། ། མཁའ་ལས་ལྷ་ཡིས་འདི་སྐད་ཚིག་སྨྲས་ཏེ། ། འདི་ནི་སངས་རྒྱས་འཇིག་རྟེན་ཕན་དོན་མཛད། ། ཉིན་བདུན་མཚན་བདུན་བཟའ་དང་བཏུང་བ་དག ། ཐུགས་རྗེའི་བདག་ཉིད་འདི་ནི་མ་གསོལ་ཏོ། ། གལ་ཏེ་བདག་གི་ཉོན་མོངས་ཞི་འདོད་ན། ། སྐུ་དང་ཐུགས་བསྒོམས་འདི་ལ་བཤོས་གསོལ་ཅིག ། དེ་དག་གིས་ནི་སྒྲ་སྙན་དེ་ཐོས་ནས། ། རྒྱལ་ལ་ཕྱག་འཚལ་བསྐོར་བ་བྱས་ནས་ནི། ། དགའ་ནས་དེ་དག་གྲོགས་དང་ལྷན་ཅིག་ཏུ། ། རྒྱལ་བ་བཤོས་གསོལ་བར་ནི་གྲོས་བཅད་དོ། ། དགེ་སློང་དག་དེའི་ཚེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱི་བའི་ཁྱུ་མཐའ་འཁོབ་ཀྱི་འོར་ཞིག་ན་གནས་སོ།། དེ་ནས་དེའི་ཚེ་བ་དེ་དག་བཞོས་ནས་མར་གྱི་སྙིང་ཁུ་བྱུང་བར་གྱུར་ཏོ།། དེ་ནས་བ་ལང་རྫི་དེ་དག་གིས་མར་གྱི་སྙིང་ཁུ་དེ་ཁྱེར་ནས། ཚོང་པ་ག་གོན་དང་བཟང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་དག་གིས་ཚུལ་སྨོས་ཏེ། བཙུན་པ་དག་མཁྱེན་པར་མཛད་དུ་གསོལ། ཁྱེད་ཀྱི་བ་ཐམས་ཅད་ནི་བཞོས་ན། མར་གྱི་སྙིང་ཁུ་བྱུང་ན་འདི་ཅི་དགེ་བ་ཞིག་ལགས་སམ། འོན་ཏེ་མ་ལགས། དེ་ན་བྲམ་ཟེ་ཟས་ལ་བརྐམ་པའི་རང་བཞིན་ཅན་དག་འདི་སྐད་ཅེས་འདི་ནི་དགེ་བ་མ་ཡིན་ཏེ། བྲམ་ཟེ་རྣམས་ལ་མཆོད་སྦྱིན་ཆེན་པོ་བྱ་དགོས་སོ་ཞེས་འཛེར་ཏོ།། དགེ་སློང་དག་དེའི་ཚེ་ཚོང་པ་ག་གོན་དང་བཟང་པོ་དག་གི་ཚེ་རབས་སྔ་མའི་སྣག་གི་གཉེན་མཚམས་བྲམ་ཟེ་རྨ་བྱ་ཞེས་བྱ་བ་ཚངས་པའི་འཇིག་རྟེན་དུ་སྐྱེས་ག་གོན་དང་བཟང་པོ་དག་གི་ཚེ་རབས་སྔ་མའི་སྣག་གི་གཉེན་མཚམས་བྲམ་ཟེ་རྨ་བྱ་ཞེས་བྱ་བ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་པ་དེས་བྲམ་ཟེའི་གཟུགས་སུ་སྤྲུལ་ནས། ཚོང་པ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་སྔོན་ནི་སྨོན་བཏབ་པ། ། བྱང་ཆུབ་བརྙེས་ནས་དེ་བཞིན་གཤེགས། ། བདག་ཅག་རྣམས་ཀྱི་བཤོས་གསོལ་ཏེ། ། ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག ། སྨོན་ལམ་དེ་ནི་རྫོགས་ཟིན་གྱིས། ། བྱང་ཆུབ་བརྙེས་པ་དེ་བཞིན་གཤེགས། ། དེ་ལ་ཞལ་ཟས་ཕུལ་ཅིག་དང་། ། གསོལ་ནས་འཁོར་ལོ་བསྐོར་བར་འགྱུར། ། ཁྱེད་ཀྱི་བ་མར་སྙིང་ཁུ་བྱུང་། ། ཤིན་ཏུ་བཀྲ་ཤིས་སྐར་མ་བཟང་། ། དྲང་སྲོང་ཆེན་པོ་དེ་ཡི་ནི། ། བསོད་ནམས་ལས་ཀྱི་མཐུ་འདིའོ། ། དེ་ལྟར་ཚོང་པ་བསྐུལ་ནས་ནི། ། རྨ་བྱ་རང་གི་གནས་སུ་སོང་། ། ག་གོན་ཞེས་ནི་བྱ་ལ་སོགས། ། ཐམས་ཅད་ཡིད་ནི་མགུ་བར་གྱུར། ། བ་སྟོང་འོ་མ་ཇི་སྙེད་ཡོད་པ་དག ། དེ་ཀུན་མ་ལུས་པར་ནི་བསྡུས་ནས་སུ། ། དེ་ཡི་སྟེང་ནས་པྲིས་མ་བཞམ་བྱས་ཏེ། ། དེ་དག་རབ་ཏུ་གུས་པར་ཞལ་ཟས་སྦྱོར། ། རིན་ཆེན་གཞོང་པ་ཚིམ་བྱེད་ཅེས་བྱ་བ། ། སྲང་གཅིག་ལ་ཡང་འབུམ་ཕྲག་གཅིག་རི་བ། ། གཙང་མར་རབ་བཀྲུས་དྲི་མ་མེད་བྱས་ནས། ། ཞལ་ཟས་ཀྱིས་ནི་ཁ་ད་ཆད་དུ་བཀང་། ། སྦྲང་རྩི་དང་ནི་རིན་ཆེན་གཞོང་ཐོགས་ཏེ། ། སྒྲོལ་རྒྱུའི་ཤིང་གི་དྲུང་སོང་སྟོན་པ་ལ། ། བཙུན་པ་བཞེས་ཏེ་བདག་ཅག་སྨན་ཡང་ཐོགས། ། ཞལ་ཟས་གྱ་ནོམ་པ་འདི་མནབས་སུ་གསོལ། ། སྤུན་གཉིས་པོ་ལ་ཐུགས་བརྩེ་མཛད་པ་དང་། ། བྱང་ཆུབ་ཞུགས་པའི་སྔོན་གྱི་བསམ་མཁྱེན་ནས། ། སྟོན་པ་བཞེས་པ་མཛད་དེ་ཞལ་ཟས་གསོལ། ། གསོལ་ནས་གཞོང་པ་ནམ་མཁའི་དཀྱིལ་དུ་བོར། ། ལྷ་ཡི་བུ་ཕོ་རབ་ཚངས་ཞེས་བྱ་བ། ། དེ་ཡིས་རིན་ཆེན་གཞོང་པ་མཆོག་དེ་བླངས། ། དེས་དེ་ད་དུང་ཚངས་པའི་འཇིག་རྟེན་ན། ། ལྷ་གཞན་གྲོགས་དང་ལྷན་ཅིག་མཆོད་པ་བྱེད། ། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པས་ཚོང་པ་ག་གོན་དང་བཟང་པོ་དེ་དག་ལ་འདི་དག་གིས་རབ་ཏུ་དགའ་བར་མཛད་དོ།། ལྷ་ཡི་བཀྲ་ཤིས་དོན་སྒྲུབ་ཅིང་། ། ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། ། ཁྱེད་ཀྱི་དོན་རྣམས་གྲུབ་གྱུར་ཅིག ། ཐམས་ཅད་མྱུར་དུ་འཐུན་པར་ཤོག ། ཕྲེང་བ་མགོ་ལ་འདུག་པ་ལྟར། ། ལག་པ་གཡས་ན་དཔལ་ཡོད་ཤོག ། གཡོན་ནའང་དཔལ་ནི་གནས་གྱུར་ཅིག ། ཡན་ལག་ཀུན་ནའང་དཔལ་ཡོད་ཤོག ། ཚོང་པ་དག་ནི་ནོར་ཚོལ་ཞིང་། ། ཕྱོགས་བཅུ་དག་ཏུ་འགྲོ་བ་རྣམས། ། རྙེད་པ་ཆེན་པོ་རྙེད་གྱུར་ཅིང་། ། དེ་དག་བདེ་བ་སྐྱིད་པར་ཤོག ། དགོས་པ་ལ་ལ་གང་གི་ཕྱིར། ། ཤར་ཕྱོགས་སུ་ནི་འགྲོ་བ་ན། ། གང་དག་ཕྱོགས་དེར་གནས་པ་ཡི། ། རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག ། ཅེས་སོགས་མང་དུ་གསུངས་ཡོད་དོ།།

    གཞན་ཡང་ཡུལ་འདིའི་གཙུག་ལག་ཁང་ཀུན་གྱི་གཙོ་བོར་གྱུར་བ་ན་བ་(纳缚)སྟེ་གཙུག་ལག་ཁང་གསར་མ་ཞེས་པ་ལ་མཇལ་སྐབས་རྒྱ་གར་ཊཀྐའི་ཡུལ་ནས་ཕེབས་པའི་ཐེག་དམན་གྱི་པཎྚི་ཏ་ཆེན་པོ་བློ་གྲོས་རང་བཞིན་(般若羯罗,即慧性)ཟེར་བ་ཞིག་དང་མཇལ། ཁོང་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་ཆེ་ཞིང་མཁྱེན་རྒྱ་ཡང་ཧ་ཅང་ཡངས་པ་ཞིག་ཡིན་ལ། ཐེག་དམན་གྱི་གྲུབ་མཐའ་སྤྱི་དང་། ཁྱད་པར་དུ་ཡེ་ཤེས་ལ་འཇུག་པ་(迦延,发智论)དང་། མངོན་པ་མཛོད་དང་བྱེ་བྲག་བཤད་མཚོ་སོགས་ལ་མཆོག་ཏུ་མཁས་པར་གྲགས། སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས་ཁོང་ལ་མངོན་པ་མཛོད་དང་བྱེ་བྲག་བཤད་མཚོའི་ནང་ནས་དོགས་གནས་འགའ་ཞུ་གཏུགས་མཛད་པས་ཞིབ་ཅིང་ཕྲ་བའི་ལན་ཐུགས་ཡིད་ཚིམ་པ་ཞིག་བཏབ་པས་སློབ་དཔོན་ཤིན་ཏུ་དགའ་བར་མ་ཟད། པཎྚི་ཏ་དེ་ཡང་སློབ་དཔོན་འདི་རྣམ་དཔྱོད་ཆེ་བས་ཐུགས་རབ་ཏུ་དགྱེས་དགྱེས་མཛད། གོ་སྐབས་དེ་ལྟ་བུ་ནི་ཤིན་ཏུ་འཕྲད་དཀའ་བས་དཔོན་སློབ་རྣམ་གཉིས་ཡུལ་དེར་ཟླ་གཅིག་ཙམ་བཞུགས་ཏེ་བྱེ་བྲག་བཤད་མཚོ་ཆེན་མོ་ལ་འཆད་ཉན་མཛད་པས་དེའི་སྐོར་ནས་སྔར་མ་ཐོས་པའི་ལེགས་བཤད་ངོ་མཚར་བ་མང་བོ་གསར་དུ་ཐོས་ཤིང་སྔར་མ་ཆོད་པའི་དོགས་གནས་མང་བོ་འདི་ནས་ཆོད་པས་ཐུགས་ཡིད་སྤྲོ་དགས་བརྟས་པར་གྱུར། དེར་མ་ཟད་སྔར་བསྒྱུར་ཟིན་པའི་རྒྱ་ཡིག་གི་ཆོས་གཞུང་རྣམས་སུ་འགྱུར་སྐྱོན་ཡང་མང་བོ་ཡོད་པ་གཟིགས་ནས་ལོ་ཙཱ་གལ་ཆེ་བའི་རིན་ཐང་གི་ཕྱོགས་ལ་ལྷག་པར་ཡང་ངེས་པ་རྙེད་དོ།།

སྨྲས་པ།

གང་ཞིག་ཇི་ཙམ་བཀླགས་ན་དེ་ཙམ་དུ། །

དུག་གསུམ་དུག་གི་རྦ་རླབས་རྒྱས་བྱེད་པའི། །

དོན་ལོག་དཔེ་ལ་དལ་རྟེན་འཛད་པ་ལས། །

འདི་འདྲ་ལན་གཅིག་བཀླག་ནའང་ངོ་མཚར་ཆེ། །

 

ས་མིང་ཡུལ་མིང་གང་ཟག་གང་གི་མིང་། །

ལ་སོགས་རྒྱུས་མེད་འདྲ་བའི་བར་གསེང་ནས། །

རྙེད་པའི་དོན་འགའ་བཤད་ཅིང་དཔྱད་པ་ན། །

སྔར་ནས་ཐོས་མྱོང་མང་བོར་འཕྲད་པས་སྤྲོ། །

 

ཡུལ་དང་ཡུལ་གྱི་བར་ཐག་རིང་བ་དང་། 

སྐད་དང་སྐད་ཀྱི་བཤད་ལུགས་མི་འདྲ་ཡང་། །

བརྗོད་བྱའི་དོན་དང་དེ་དོན་སྒྲུབ་ལུགས་སོགས། །

ཤིན་ཏུ་མཐུན་པ་འདི་ཡང་ཡ་མཚན་ཆེ། །

 

ཤར་ཕྱོགས་མ་ཧཱ་ཙི་ནའི་བཙུན་པ་དང་། །

ནུབ་ཕྱོགས་རྒྱ་གར་ཡུལ་གྱི་པཎྚི་ཏ། །

རྒྱུས་མེད་ཡུལ་ནས་འཕྲད་ཚེ་འདྲིས་པ་བཞིན། །

སྤྲོ་དགས་བརྟས་པའང་ཆོས་ཀྱི་ནུས་མཐུ་ཡིན། །

 

ཁྱེད་ནི་རྒྱའམ་འོན་ཏེ་ཧོར་ལ་སོགས། །

མི་རིགས་གང་དང་སུ་ཞིག་ཡིན་ན་ཡང་། །

ཡིན་དུ་ཆུག་ཅིག་བསྟན་འགྲོའི་དོན་ཆེན་ལ། །

ལྷག་བསམ་དཀར་བས་བདག་ནི་ཁྱེད་ལ་དད། །

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504935
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།