༢༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༢༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༢༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-08-17ལྟ་ཀློག (4689)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ཐོ་གར་(睹货罗国)གྱི་ཡུལ་དུ་སླེབས་པ།


    ལྕགས་ཀྱི་སྒོ་མོའི་བཙན་འཕྲང་ལས་ཐར་བ་ན་ཐོ་གར་ (睹货罗ཞེས་པའི་ཡུལ་དུ་སླེབས། ཡུལ་འདིའི་མིང་སྔར་བོད་ཡིག་རྣམས་སུ་ཐོ་གར་དང་། ཐོ་ཀར་དང་། ཐོད་ཀར་དང་། ཐོད་དཀར་དང་། ཐོད་གར་སོགས་མང་བོ་ཞིག་བྲིས་འདུག  


    དེ་ཡང་ཐོ་གར་ཡུལ་རྙིང་ནི། ཕཱ་མིར་མཐོ་སྒང་ངམ་ཙོང་ལ་རི་བོའི་ལྷོ་ནུབ་དང་ཆུ་བོ་པཀྵུའི་སྟོད་བརྒྱུད་ན་ཡོད་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ། ཤར་ཐོར་ཆི་སི་ཐན་དང་འབྲེལ་ཞིང་། པར་སིག་དང་རྒྱ་གར་གྱི་འགག་གནས་ཤིག་ཡིན། ཡུལ་འདི་གནའ་སྔ་མོ་ཞིག་ལ་པར་སིག་གི་ཆ་ཤས་ཤིག་ཡིན་ཞིང་། ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ་ཨེ་ལེག་ཟན་ཊར་རྒྱལ་བོས་མངའ་དབང་བསྒྱུར་བའི་རྗེས་སུ་ཏཱ་ཞའི་ (大夏ཡུལ་ཞེས་འབོད་ཅིང་། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པར་ཡོ་ཀྲིས་ (月氏བསྣུབས། སྤྱི་ལོའི་སྔོན་གྱི་དུས་རབས་དང་བོའི་སྐབས་སུ་ཀུ་ཥཱ་ནིའི་རྒྱལ་རབས་ (贵霜王朝ཞེས་པ་ཚུགས། དེ་རྗེས་རིམ་པར་རྒྱ་གར་གྱི་གུཔྟའི་རྒྱལ་རབས་དང་པར་སིག་སཱ་སན་རྒྱལ་རབས་(波斯萨珊王朝)དང་། ཡན་དྷ་རྒྱལ་རབས་(咽哒)དང་། གྲུ་གུ་ནུབ་མ་བཅས་ཀྱིས་བཙན་འཛུལ་དང་དབང་བསྒྱུར་བྱས་སོ།། དེ་ནས་དུས་རབས་བདུན་པའི་བར་དཀྱིལ་ཙམ་ལ་ཐང་གུར་ལ་མགོ་འདོགས་མྱོང་ཞིང་རྗེས་སུ་ཨ་རབ་དབྱི་སི་ལམ་ཆོས་ལུགས་པས་དབང་བསྒྱུར་བྱས་པ་ཞིག་ཡིན་ནོ།། སློབ་དཔོན་རྨད་བྱུང་གཟི་བརྗིད་ཡུལ་འདིར་སླེབས་པའི་ཚེ་ན་ཡུལ་འདིའི་རྒྱ་ཁྱོན་ནི་ལྷོ་བྱང་ལ་ལེ་དབར་སྟོང་ཕྲག་ལྷག་དང་། ཤར་ནུབ་ལ་ལེ་དབར་སུམ་སྟོང་ལྷག་ཡོད་ཅིང་། ཤར་དུ་ཙོང་ལའི་རི་བརྒྱུད་དམ་ཕཱ་མིར་མཐོ་སྒང་དང་འདབས་འབྲེལ་ཞིང་། ནུབ་ཏུ་པར་སིག་སྟེ་དེང་སང་གི་དབྱི་རན་ (波斯,今伊朗一带)དང་ཉེ་ལ། ལྷོ་གངས་རི་ཆེན་པོའམ་ཞིན་ཏུ་ཁུ་ཧྲི་རི་བོ་(兴都库什山)ལ་གཏུགས་ཤིང་། བྱང་ལྕགས་ཀྱི་སྒོ་མོའམ་ས་མར་ཧན་གྱི་ལྷོ་ཕྱོགས་(撒马尔罕南方ལ་ཐུག་ཡོད་པ། དགུན་མཇུག་དང་དཔྱིད་འགོ་ལ་ཆར་ཞོད་ཧ་ཅང་མོད་པས་ལོ་རེའི་ཟླ་བཅུ་གཉིས་པའི་བཅུ་དྲུག་ནས་གསུམ་པའི་བཅོ་ལྔའི་བར་དུ་དགེ་འདུན་པ་རྣམས་དབྱར་ལ་བཞུགས་པའི་སྲོལ་དར་ཡོད་ཅེས་སློབ་དཔོན་རྨད་བྱུང་གཟི་བརྗིད་ཉིད་ཀྱིས་བྲིས་ཡོད། 


    ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། དུས་ལན་ཅིག་ཐོ་གར་གྱི་ཡུལ་ན་རྒྱལ་པོ་མི་ནར་ཞེས་བྱ་བ་ཡོད་དོ།། ཡུལ་དེ་ན་གནས་པ་ཐམས་ཅད་ནི་ནམ་མཁའི་ལྷ་ལ་མཆོད་པར་བྱེད་ཀྱི། གཞན་དུ་ན་དགེ་བ་ཙམ་དང་སྡིག་པ་ཙམ་ཡང་ཤེས་པ་མེད་དེ། དེ་དག་དུས་སྟོན་གྱི་ཚེ་འབྲུ་དང་གོས་དང་རིན་པོ་ཆེ་དང་དྲི་བཟང་པོའི་ཤིང་མང་པོ་བསྲེགས་པའི་དུད་པ་ཆེན་པོས་ནམ་མཁའ་ལ་མཆོད་པར་བྱེད་དོ།། དེ་རྣམས་མཆོད་པ་བྱེད་པའི་སར་འཕགས་པ་དྷི་ཏི་ཀ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ནམ་མཁའི་ལམ་ནས་བྱོན་ཏེ། བཀད་སར་བཞུགས་སོ།། ཞེས་གསུངས་པའི་ནང་གི་ཐོ་གར་གྱི་རྒྱལ་བོ་མི་ནར་ཞེས་བྱ་བ་འདི་ནི་རྒྱ་འགྱུར་དགེ་སློང་ནཱ་ག་སེ་ནའི་མདོ་ (那先比丘ཞེས་པར་དགེ་སློང་དེ་ལ་རྩོད་པ་བྱས་མཐར་ནང་བ་བར་གྱུར་བའི་ཀེ་རི་སིའི་རྒྱལ་བོ་རྒྱ་ཡིག་ཏུ་མེ་ལན་ཐུའོ་ (弥兰陀王ཟེར་བ་ཞིག་ཡོད་པ་ཡིན་ཞེས་ཡིག་ཆ་འགའ་ཞིག་ཏུ་བཤད་ལ། རྒྱལ་བོ་དེའི་མིང་ལེགས་སྦྱར་དུ་མི་ན་རMinara དང་། པ་ལིའི་སྐད་དུ་མེ་ལེནྡྷ་ (Milinda) ཞེས་ཟེར་བས་སྒྲ་ཙམ་ཐག་ཉེ་བར་འདུག་ཀྱང་འགྲིག་པར་དཀའ་སྟེ། འཕགས་པ་དྷི་ཏི་ཀ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ནམ་མཁའ་ནས་བྱོན་ཞེས་པའི་འཕགས་པ་དྷི་ཏི་ཀ་ནི་བསྟན་པའི་གཏད་རབས་བདུན་གྱི་ནང་གི་གཏད་རབས་ལྔ་བ་དེ་ཡིན་པར་ཡང་བཤད་པས་སོ།། གལ་ཏེ་འཕགས་པ་དྷི་ཏི་ཀས་རྒྱལ་བོ་དེ་ནང་བ་བར་བཅུག་ཡོད་ན་དགེ་སློང་རྩིབས་ལོགས་སམ་ནཱ་ག་སེ་ན་དང་རྩོད་པ་བྱས་མཐར་ནང་བ་བར་གྱུར་བའི་ལོ་རྒྱུས་དེ་བཤད་དུ་མེད་པའི་ཕྱིར་རོ།།


    ཡང་བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་བཞིའི་ཡ་གྱལ་ཏེ། རྒྱལ་བོ་ཀ་ནིཥྐའི་དུས་ཀྱི་བཙུན་པ་ཆེན་པོ་དབྱངས་སྒྲོག་ཅེས་བྱ་བ་དེ་ནི་ཐོ་གར་གྱི་ཡུལ་འདི་ནས་འཁྲུངས་པར་བཤད་ལ། སློབ་དཔོན་ཆེན་པོ་བཞི་ཞེས་པ་ནི། ཁ་ཆེའི་བཙུན་པ་ཆེན་པོ་ཆོས་སྐྱོབ་དང་། ནུབ་སྐྱོབ་མ་རུའི་བཙུན་པ་ཆེན་པོ་དབྱིག་བཤེས་དང་། ཐོ་གར་གྱི་བཙུན་པ་ཆེན་པོ་དབྱངས་སྒྲོག་དང་། ཝ་ར་ཎཱ་སིའི་བཙུན་པ་ཆེན་པོ་སངས་རྒྱས་ལྷ་དང་བཞི་ལ་བྱའོ།།


    ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུའང་། བསྡུ་བ་གསུམ་པ་བྱས་པའི་འོག་ཏུ་རྒྱལ་བོ་ཀ་ནིཥྐ་ཡང་འདས་པ་ཙམ་ན། བྱང་ཕྱོགས་ཨསྨ་པ་རནྟ་ཞེས་བྱ་བ་ཁ་ཆེའི་ནུབ་ཐོ་གར་དང་ཉེ་བའི་ཕྱོགས་ཤིག་ཏུ་ཁྱིམ་བདག་ཛ་ཊི་ཞེས་བྱ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་བྱུང་ཞིང༌། དེས་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་མཆོད་པར་བྱེད། ནུབ་ཕྱོགས་མ་རུའི་ཡུལ་ནས་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དབྱིག་བཤེས་དང༌། ཐོ་གར་གྱི་བཙུན་པ་དབྱངས་སྒྲོག་གཉིས་ཡུལ་དེར་སྤྱན་དྲངས། དགེ་སློང་འབུམ་ཕྲག་གསུམ་ལོ་བཅུ་གཉིས་སུ་མཆོད་པར་བྱས་ཤིང༌། མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་འགྲུབ་པའི་རྟགས་སུ་མཆོད་པ་ཕུལ་བའི་མེ་ཏོག་རྣམས་ལོའི་བར་དུ་མ་རྙིང༌། མར་མེ་ཡང་དེ་བར་དུ་གནས་པ། ཙནྡན་གྱི་ཕྱེ་མ་དང༌། མེ་ཏོག་གཏོར་བ་རྣམས་ནམ་མཁའ་ལ་ཆགས། ས་གཡོ་བ་དང་རོལ་མོའི་སྒྲ་ལ་སོགས་པ་བྱུང་ངོ༌ཞེས་གསུངས་པས་ཀྱང་ཕལ་ཆེར་ཁོང་ཐོ་གར་གྱི་མི་ཞིག་ཡིན་པར་འགྲུབ་པོ།།


    ཤར་ནུབ་ཀྱི་ཡུལ་སྐོར་བ་མང་བོས་དར་གོས་འདྲེན་ལམ་གྱི་སྲོལ་བཏོད་པ་དང་ (被誉为丝绸之路的开拓者དང་། ཆེས་ཐོག་མར་མིག་ཕྱེ་ནས་འཛམ་གླིང་ལ་ལྟ་མཁན་གྱི་ཀྲུང་གོ་བ(第一个睁开眼睛看世界的中国人)ཞེས་བསྔགས་པའི་ཧན་ནུབ་མའི་དུས་ཀྱི་ཀྲང་ཆན་ (张骞ཞེས་པ་དེ་ཡུལ་འདིར་སླེབས་པའི་ཀྲུང་གོ་བ་ཐོག་མ་ཡིན་པར་བཤད་དོ།། སྐབས་དེ་ཙམ་ལ་ཡུལ་འདི་རིག་གནས་བརྗེས་རེས་བྱེད་སའི་འདུ་ཚོགས་ཆེས་ཆེ་ས་ཞིག་ཡིན་པར་ངེས་ལ། མིའི་རིགས་ཀྱི་ལོ་རྒྱུས་སུ་གཟི་འོད་མཚེར་བའི་ཤེས་རིག་གཉིས་ཏེ། རྒྱ་གར་ཤེས་རིག་དང་དབྱི་རན་ཤེས་རིག་གི་ཆུ་བོ་གཉིས་ཕན་ཚུན་གཅིག་ལ་གཅིག་འདྲེས་སའི་ས་ཆ་ཞིག་གམ། ཤར་ནུབ་ཀྱི་ཤེས་རིག་གཉིས་ཐོག་མར་འདྲེས་སའི་ས་ཆ་ཞིག་ཏུ་ངེས་མོད། འོན་ཀྱང་སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་ཡུལ་འདིར་ཕེབས་པའི་དུས་དེར་སྔོན་དར་མྱོང་བའི་དཔལ་ཡོན་མཐོང་རྒྱུ་མི་འདུག་པས་ཐོ་གར་རམ་ཏཱ་ཞ་ཞེས་པ་ཡོངས་སུ་ཉམས་པའི་སྐབས་ཤིག་རེད། དུས་དེར་ཁོ་ར་ཁོར་ཡུག་ལ་ལེ་དབར་སྟོང་ཕྲག་དུ་མ་ཡོད་པའི་རྒྱལ་ཁབ་འདི་ཡུལ་ཕྲན་སིལ་མ་ཉེར་བདུན་དུ་གྱེས་པར་མ་ཟད། ཐམས་ཅད་ཀྱང་གྲུ་གུ་ནུབ་མའི་མངའ་འོག་ཏུ་ཤོར་ནས་ཡོད་དོ།།


    ལོ་རྒྱུས་འདི་དག་གིས་མཚོན་ནས་མི་ཞིག་དང་མི་རིགས་ཤིག་གམ་ཡུལ་ཁམས་ཤིག་མཐོ་ས་ནས་དམའ་སར་འགྲོ་བའང་ཡོད་ལ། དམའ་ས་ནས་མཐོ་སར་འགྲོ་བའང་ཡོད་པའི་འགྱུར་ལྡོག་གི་ཆོས་ཉིད་ཤེས་པ་ལ་བརྟེན་ནས་ད་ལྟ་ཉམས་ཞན་པས་སྔར་ཡང་ཉམས་ཞན་ངེས་པ་དང་། ད་ལྟ་བཙན་ཕྱུག་དབང་དྲག་འཛོམས་པས་སྔར་ཡང་དེ་འདྲ་ཞིག་ཡིན་པའི་ངེས་པ་གཏན་ནས་མེད་པའང་ཤེས་དགོས་སོ།། དེ་ལ་བརྟེན་ནས་མཐོ་དམན་དང་དགྲ་གཉེན་སོགས་འགྱུར་ལྡོག་ཤིན་ཏུ་ཆེ་ལ་ནམ་ཡང་ཡིད་བརྟན་མེད་པའི་ངང་ཚུལ་བསམས་ནས་སྲིད་པ་འཁོར་བའི་རང་བཞིན་ལའང་སྐྱོ་བར་བྱ་སྟེ།  སྲིད་པའི་ཕུན་ཚོགས་ཐམས་ཅད་ཀྱི་མཐའ་རྒུད་པས་བསྡུས་པའི་ཕྱིར་རོ། །

    སྨྲས་པ།  


འབད་པས་བསགས་པའི་ནོར་ཀུན་མཐའ་མར་འཛད། །

མཐོན་པོའི་གོ་སར་སླེབས་ཀྱང་མཐའ་མར་ལྟུང་། །

འདུས་པའི་གཉེན་བཤེས་ཀུན་ཀྱང་མཐའ་མར་འབྲལ། །

གསོན་པའི་མཐར་ཡང་འཆི་བས་ཡིད་བརྟན་ཅི། །


དགྲ་འདུལ་གཉེན་སྐྱོང་དོན་མེད་སྡུག་བསྔལ་རྒྱུ། །

དགྲ་གཉེན་མ་ངེས་འཁོར་བའི་སྤྱི་སྐྱོན་ཡིན། །

དེ་ལྟར་ཤེས་ནས་ནམ་ཡང་མི་བསླུ་བའི། །

ཆོས་ཕྱིར་རྟེན་འདི་བཀོལ་ན་ཨེ་མ་མཚར། །


སྟོབས་འབྱོར་མངའ་ཐང་དམག་གི་དཔུང་ཤུགས་ལ། །

བརྟེན་པ་དེ་དག་འདི་སྡུག་ཕྱི་སྡུག་ཡིན། །

གཅིག་པུར་འོད་དང་བྲལ་བའི་མུན་ནག༌ཏུ། །

མི་བཟད་སྡུག་བསྔལ་མཐའ་དེ་ནམ་ཞིག་མཐོང་། །


ཤིན་ཏུ་གཅེས་ཤིང་ཕངས་པའི་དལ་འབྱོར་རྟེན། །

བསྟན་འགྲོའི་དོན་ཆེན་སྒྲུབ་ཕྱིར་ཅི་འདོད་དུ། །

བཀོལ་ལ་དཔའ་བའི་རྨད་བྱུང་གཟི་བརྗིད་ཀྱི། །

ཐུགས་བསྐྱེད་འདི་འདྲར་གཟུར་གནས་སུ་མི་མཚར། །


ཐོད་པ་ས་ལ་ཕབ་སྟེ་བཀུར་འོས་ཞིང་། །

ཐོད་ཀར་ཡུལ་གྱི་གནའ་དེང་འགྱུར་ལྡོག་ཆེ། །

ཐང་སན་བླ་མའི་རྣམ་པར་ཐར་བ་དང་། །

སྦྲགས་ཏེ་བལྟས་ན་བསམས་འོས་དྲན་འོས་མང་། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།


 


ཁུན་ཏུ་ཧྲི (昆都士ཞེས་པའི་ཡུལ་དུ་སླེབས་པ།


    ཐོད་ཀར་ཡུལ་རྙིང་ནི་དེང་སང་གི་ཨབ་གྷ་ནི་སི་ཐན་གྱི་བྱང་ཁུལ་དང་ས་མར་ཧན་ལྷོ་ནུབ་ཁུལ་དུ་ཡོད་པ་ཞིག་སྟེ། དེར་སླེབས་ནས་ད་དུང་ལེ་དབར་བརྒྱ་ཕྲག་དུ་མ་སོང་བ་ན་ཆུ་བོ་ཆེན་པོ་ཞིག་དང་འཕྲད་ཅིང་དེའི་མིང་ལ་རྒྱ་ཡིག་ཏུ་ཧྥུ་ཁྲུ་ཧི་ (缚刍河ཞེས་བྲིས་འདུག་མོད། དོན་ལ་ཆུ་བོ་ཆེན་པོ་པཀྵུ་ཡིན་ལ་དེང་སང་དེའི་མིང་དུ་ཨ་མུ་ཆུ་ཀླུང་ (阿姆河ཟེར་རོ།། ཆུ་བོ་དེ་བརྒལ་ནས་སོང་བ་ན། ཧུའོ་གོ་ (活国ཞེས་པའི་ཡུལ་དུ་སླེབས། དེང་སང་འདིའི་མིང་ལ་ཁུན་ཏུ་ཙིའམ་ (昆杜兹ཁུན་ཏུ་ཧྲི་(昆都士)ཟེར་ལ། ཨབ་གྷ་ནི་སི་ཐན་གྱི་མངའ་ཁོངས་ན་ཡོད། འདི་ནི་སྔོན་ཤིན་ཏུ་དར་མྱོང་བའི་ཐོད་ཀར་དེ་ཕྱིས་སུ་སྟོབས་འབྱོར་མངའ་ཐང་ཚང་མ་ཉམས་པར་གྱུར་ཏེ་ཡུལ་ཕྲན་སིལ་མ་ཉེར་བདུན་དུ་གྱུར་བའི་ནང་ཚན་གྱི་ཡུལ་ཞིག་རེད། ཡུལ་འདིའི་རྒྱལ་བོའམ་ཡུལ་དཔོན་ནི་གྲུ་གུ་ནུབ་མའི་རྒྱལ་བོ་ཡེ་ཧུ (叶护可汗ཞེས་པ་དེའི་སྲས་ཆེ་བ་ཡིན་ཏེ། ཐང་ཀྲིན་བཀྭན་སྲིད་ལོ་གཉིས་པ་སྟེ་སྤྱི་ལོ་དྲུག་བརྒྱ་ཉེར་བརྒྱད་པར་ཡབ་ཀྱི་བཀའ་བཞིན་ལྷོ་ལ་དམག་དྲངས་ཏེ་པར་སིག་ཕམ་པར་བརྒྱབ་རྗེས་ཡུལ་འདིའི་རྒྱལ་བོའམ་ཡུལ་དཔོན་དུ་བསྐོས་པ་ཡིན་ནོ།། ཁོའི་མིང་ལ་དྷ་དྷུ་ཧྲེ་ (呾度设ཟེར་ཞིང་། ཧྲེ་(设)ནི་དཔོན་གནས་ཀྱི་མིང་སྟེ། དམག་དཔོན་ནམ་སྤྱི་དཔོན་(总督)ཞེས་པ་ལྟ་བུ་ཞིག་ཡིན་ནམ་སྙམ་མོ།།


    སྤྱིར་ཡིན་ན་སློབ་དཔོན་ཡུལ་འདི་ནས་སྤྱི་དཔོན་དྷ་དྷུ་དང་འཕྲད་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་ཏེ། ཁོའི་ཡབ་སྟེ་གྲུ་གུ་ནུབ་མའི་རྒྱལ་བོ་ཡེ་ཧུ་དང་སློབ་དཔོན་གཉིས་བར་གྱི་མཛའ་འབྲེལ་དམ་པར་མ་ཟད། དཔོན་པོ་འདིའི་བཙུན་མོ་གཉིས་པའང་སློབ་དཔོན་གྱི་མནའ་བཅད་ཕུ་བོ་སྟེ་ཡུལ་ཀོ་ཁྲང་གི་རྒྱལ་བོ་ཆུས་བིན་ཐེ་ཡི་སྲིང་མོ་ཡིན་འདུག་པས་སོ།། བཙུན་མོ་དེས་ཀྱང་སློབ་དཔོན་ཕེབས་ཀྱིན་ཡོད་པའི་གཏམ་ཐོས་པས་ཤིན་ཏུ་དགའ་ཞིང་ཉིན་མཚན་དུས་དྲུག་ཏུ་ནམ་ཞིག་མཇལ་ཐུབ་པར་འགྱུར་སྙམ་དུ་རེ་སྒུག་བྱས་མོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་སློབ་དཔོན་མ་སླེབས་གོང་ཙམ་དུ་ན་ནས་ཚེ་དུས་བྱས་སོང་། དེར་མ་ཟད་སྤྱི་དཔོན་དྷ་དྷུ་ཡང་ན་ནས་མལ་སར་ལྷུང་འདུག སློབ་དཔོན་གྱིས་ཀོ་ཁྲང་རྒྱལ་བོའི་ཕྱག་འཕྲིན་སོགས་དེ་ལ་བསྟན་པ་ན། འདས་མ་ཐག་པའི་བཙུན་མོ་དྲན་པའི་སྐྱོ་གདུང་གིས་རྒྱལ་བོ་སྲས་སྲས་མོ་དང་བཅས་པ་ངུ་ཞིང་སྨྲེ་སྔགས་བཏོན། རིང་ཙམ་སོང་བ་ན་སློབ་དཔོན་ལ། བདག་ནི་སློབ་དཔོན་ཁྱེད་དང་མཇལ་ཙམ་ཉིད་ནས་ཀྱང་སེམས་ཁམས་ཇེ་བདེ་ལ་དགའ་རབ་ཙམ་སོང་ལགས། གལ་ཏེ་བདག་ནད་འདི་ལས་ཐར་བར་གྱུར་ན་ནི་ཅིས་ཀྱང་ང་རང་ཉིད་དངོས་ཀྱིས་སློབ་དཔོན་ཁྱེད་རྒྱ་གར་དུ་སྐྱེལ་ནས་འགྲོའོ།། ཞེས་ཟེར་ཏོ།།


    དེ་ནས་མང་བོ་མ་འགོར་བར་རྒྱ་གར་ནས་བྲམ་ཟེ་ཞིག་དེར་སླེབས་ཏེ་སྤྱི་དཔོན་དྷ་དྷུ་ལ་གཟུངས་སྔགས་བཏོན་ཞིང་རིམ་གྲོ་བསྒྲུབས་པས་ཇེ་བཟང་ལ་དགའ་རབ་ཅིག་སོང་ངོ་།། འོན་ཀྱང་སྔར་གྱི་དམ་བཅས་པའི་ཚིག་ཐོག་ནས་བསྡད་དེ་སློབ་དཔོན་རྒྱ་གར་དུ་སྐྱེལ་རྒྱུའི་གྲབས་མ་བྱས་པར་བུ་མོ་གཞོན་ནུ་མ་མཛེས་ཤིང་ཡིད་དུ་འོང་བ་ཞིག་བཙུན་མོར་བླངས། འོན་ཀྱང་དེ་ནི་རང་སྲོག་གི་གཤེད་དུ་གྱུར་བ་སྤྱི་དཔོན་དྷ་དྷུས་ག་ལ་ཤེས། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཆུང་མ་ངན་དང་མཛའ་བོ་ངན། ། རྒྱལ་བོ་ངན་དང་ཉེ་དུ་ངན། ། ཁྱིམ་མཚེ་ངན་དང་ཡུལ་ངན་རྣམས། ། ཐག་རིང་དུ་ནི་སྤང་བར་བྱ། ། ཞེས་དང་། གྲོགས་པོ་ནོར་དད་ཆེ་བ་སྤོང་། ། ཆུང་མ་ལོག་གཡེམ་དད་ཆེ་སྤོང་། ། བཀུར་དཀའ་གསོ་མི་མཁས་པ་ཡི། ། དེ་ལྟ་བུ་ཡི་སྨན་པ་སྤོང་། ། ཞེས་དང་། རིག་སྔགས་ལོག་པར་ཤེས་པ་དུག ། ནད་ལ་བཏང་སྙོམས་བྱས་པ་དུག ། རྒན་པོས་གཞོན་ནུ་བསྟེན་པ་དུག ། དབུལ་བོ་ཉིན་པར་ཉལ་བ་དུག ། ཅེས་བྱ་བ་ལྟར་སྔོན་ནས་རྟོག་དཔྱོད་མི་བྱེད་པར་རང་གི་ཚུལ་མིན་ཡིད་བྱེད་ཙམ་གྱི་རྗེས་སུ་འབྲངས་ན་མཐར་རང་ཉིད་ཕུང་བར་འགྱུར་བ་ལས་འོས་མེད་པར་གསུངས་པ་ནི་ཇི་འདྲའི་བདེན་པ་ལ་ཨང་།      


    བུད་མེད་དེ་ནི་ལོ་ན་གཞོན་ཞིང་འཆོལ་མ་ཞིག་ཀྱང་ཡིན་པས། སྤྱི་དཔོན་དྷ་དྷུའི་བཙུན་མོ་དང་བོའི་བུ་དར་མ་ཁྲེལ་གཞུང་མེད་ཅིང་ཧམ་སེམས་ཆེ་བ་ཞིག་ཡོད་པ་དེ་དང་ལྐོག་འབྲེལ་བྱས་པར་མ་ཟད། གཉིས་ཀས་དྷ་དྷུ་ལ་ཐབས་ཀྱིས་དུག་བྱིན་ནས་བསད་ཅིང་རྒྱལ་སྲིད་འཕྲོག་གོ། ཡིད་སྐྱོ་ཞིང་སྐྱི་གཡའ་བའི་དོན་རྐྱེན་ངན་པ་དེའི་དབང་གིས་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱང་ལམ་ལ་ཆས་མ་ཐུབ་པར་དེ་ནས་ཀྱང་ཟླ་གཅིག་གི་རིང་དུ་དེར་ལུས་སོ།།


    སྐབས་དེར་རྒྱ་གར་ལ་སློབ་གཉེར་དུ་ཕེབས་མྱོང་ཞིང་། གངས་དཀར་ཙོང་ལ་རིང་མོའི་ནུབ་བརྒྱུད་ཀྱི་ཆ་ན་ནང་བའི་བསྟན་པའི་མངའ་བདག་ལྟ་བུར་བཀུར་བའི་དགེ་སྦྱོང་ཆེན་པོ་ཞིག་སྟེ། དྷརྨ་སཾ་གྷ་སྟེ་ཆོས་ཀྱི་དགེ་འདུན་ཞེས་བྱ་བ་ཞིག་དང་འཕྲད་པར་གྱུར་ཏོ།། འོན་ཀྱང་ཁོང་ནི་ང་རྒྱལ་ཤིན་ཏུ་ཆེ་བས་ཤར་ཕྱོགས་ཐང་གུར་ནས་འོངས་པའི་གྲྭ་བཙུན་ན་གཞོན་འདི་ལ་ཅུང་ཟད་ཀྱང་མཐོང་ཆེན་མི་བྱེད་པར་མ་ཟད། ཁོང་གི་སློབ་མ་དག་གིས་ཀྱང་ཐང་སན་བླ་མ་ལ་མཐོང་ཆུང་བྱེད་དོ།། སློབ་དཔོན་གྱིས་ཐེག་ཆེན་གྱི་ཆོས་སྐོར་མ་གླེང་བར་ཐེག་དམན་དང་དེའི་ནང་ནས་ཀྱང་བྱེ་བྲག་བཤད་མཚོ་ཆེན་མོའི་ནང་ནས་དྲི་བ་བཏོན་ཅིང་བགྲོ་གླེང་མཛད་པས་འགྲན་ཟླ་མེད་པའི་རྣམ་དཔྱོད་ཀྱིས་དྷརྨ་སཾ་གྷའི་ཡིད་དབང་བཀུག་ཅིང་ང་རྒྱལ་བཅག་གོ། ཁོང་ཡང་ང་རྒྱལ་ཆེ་བ་ཙམ་ལས་རང་གཤིས་མི་ངན་པའི་དགེ་སྦྱོང་ཆེན་པོ་ཞིག་ཡིན་འདུག་པས། དེ་ནས་བཟུང་སློབ་དཔོན་ལ་ཐུགས་ཤིན་ཏུ་དགྱེས་དགྱེས་གནང་ཞིང་། ཁོང་གི་སློབ་མ་ཡང་ཕལ་མོ་ཆེ་རྣམས་ནི་སྔར་མ་གུས་པ་ལ་གནོང་ཞིང་འགྱོད་དེ་བསྟོད་ཅིང་བསྔགས་པ་ལ་འབད་དོ།།    


    ཡུལ་འདིར་ཅུང་ཡུན་རིང་ཙམ་ལུས་སོང་བས་སློབ་དཔོན་གྱིས་ད་ནི་ཅིས་ཀྱང་མྱུར་དུ་ལམ་ལ་ཆས་དགོས་དགོངས་ཏེ་སྤྱི་དཔོན་གསར་བ་དེ་འཚོལ་དུ་ཕེབས་ཤིང་ཡར་ཞུ་མཛད། དཔོན་གསར་འདི་ནི་གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པ། རང་གི་གོ་ས་ཙམ་གྱི་ཆེད་དུ་ཕ་ཡང་གསོད་ནུས་པ་ཞིག་ཡིན་མོད། འོན་ཀྱང་སློབ་དཔོན་ལ་གུས་བཀུར་ཆེན་པོ་བྱེད་པར་སྣང་ངོ་།། ཁོས་སློབ་དཔོན་ལ། བདག་གི་མངའ་ཁོངས་འདི་ན་ཧྥུ་ཧའི་ཡུལ་ (缚喝国ཟེར་བ་བྱང་ཆུ་བོ་པཀྵུ་ལ་ཐུག་པ། མི་རྣམས་ཀྱིས་རྒྱལ་བོའི་ཁབ་ཆུང་བ་ཞེས་འབོད་པ། མཇལ་སའི་གནས་ཡ་མཚན་པ་མང་བོ་ཡོད་པ་ཞིག་འདུག་པས། སློབ་དཔོན་ཁྱེད་གནས་སྐབས་དེ་ལ་ལན་གཅིག་མཇལ་དུ་ཕེབས། དེ་ནས་སླར་ལོག་སྟེ་ལྷོ་ཕྱོགས་རྒྱ་གར་དུ་ལམ་ལ་ཆས་ན་ཇི་འདྲ་འདུག་ལགས་ཞེས་ཟེར་བ་ལ་བསམ་བློ་གཏོང་བཞིན་ལུས་པ་དང་། ཧྥུ་ཧའི་ཡུལ་ནས་གྲྭ་བ་བཅུ་ཕྲག་ལྷག་ཅིག་སྤྱི་དཔོན་རྒན་པ་དེ་སྐུ་གཤེགས་པ་ལ་མྱ་ངན་དང་བསྔོ་སྨོན་བྱེད་དུ་ཕེབས་པ་དང་འཕྲད། དེ་དག་གིས་སློབ་དཔོན་ལ་གལ་ཏེ་ཁྱེད་ངེད་ཅག་གི་ཡུལ་དུ་ཕེབས་བཞེད་ན་ང་ཚོ་ལྷན་དུ་འགྲོ། རྒྱ་གར་དུ་འགྲོ་བ་ལ་སླར་ལོག་དགོས་དོན་མེད། ངེད་ཅག་གི་ཡུལ་ནས་དེར་འགྲོ་སའི་ལམ་གཞན་པ་འགྲོ་ཡང་ཅུང་བདེ་ས་ཞིག་ཡོད་ཟེར་བས། སློབ་དཔོན་གྱིས་སྤྱི་དཔོན་གསར་བ་དེ་ལ་གྱེས་ཚིག་ཞུས་ཏེ་ཁོང་ཚོ་དང་ལྷན་དུ་ཧྥུ་ཧའི་ཡུལ་དུ་བསྐྱོད། དེ་ཡང་ཧྥུ་ཧའི་ཡུལ་ཞེས་པ་འདིའི་གནའ་ཤུལ་ནི་དེང་སང་གི་ཨབ་གྷ་ནི་སི་ཐན་བྱང་རྒྱུད་ཀྱི་གྲོང་ཁྱེར་མ་ཙཱ་རི་ཤ་རཱི་ཧྥུ་(马萨沙里夫) ཞེས་པ་དེའི་ནུབ་ཕྱོགས་སུ་ཡོད་པར་བཤད་དོ།།    


    ཧྥུ་ཧའི་ཡུལ་ཞེས་པ་འདི་ནི་ཆེ་རྒྱུ་མེད་དེ། ཤར་ནུབ་ཏུ་ལེ་དབར་བརྒྱད་བརྒྱ་ལྷག་ཙམ་དང་། ལྷོ་བྱང་ལ་ལེ་དབར་བཞི་བརྒྱ་ལྷག་ཙམ་ལས་མེད་པ་ཞིག་གོ། འོན་ཀྱང་ནང་བསྟན་ཧ་ཅང་དར་བའི་ཡུལ་ཞིག་ཡིན་པས་དགོན་སྡེ་དང་མཆོད་རྟེན་མང་བོ་ཡོད་ལ། མཆོད་རྟེན་རྣམས་ཀྱི་རྩེ་མོ་ཕལ་ཆེར་གསེར་གྱིས་བརྒྱན་པ་ཤ་སྟག་ཡིན་པས། ཉི་མ་ཤར་བ་ན་གསེར་འོད་ལམ་ལམ་དུ་འཕྲོ་བས་མིག་མདངས་འཕྲོག་པར་འགྱུར་བ་ལྟ་བུར་ཡོད་པས་ན་རྒྱལ་བོའི་ཁབ་ཆུང་བ་ཞེས་སུ་གྲགས་པ་བྱུང་ངོ་།། གྲོང་ཁྱེར་རྒྱ་ཆེ་ཞིང་འབྱོར་ཕྱུག་ལྡན་པས་ཚོང་ར་ཡང་མང་ལ། དགོན་པ་ཡང་བརྒྱ་ཕྲག་ལྷག་ཡོད་ཅིང་དགེ་འདུན་པའང་སུམ་སྟོང་ལས་བརྒལ་བ་བཞུགས། ཐམས་ཅད་ཀྱང་ཐེག་དམན་གྱི་ལྟ་བ་འཛིན་པ་ཤ་སྟག་རེད། 


    གྲོང་ཁྱེར་གྱི་ཤར་ལྷོའི་ཆ་ལ་ན་བ་ (纳缚སྟེ་གཙུག་ལག་ཁང་གསར་མ་ཞེས་པའི་དགོན་པ་མིང་གྲགས་ཅན་ཞིག་ཡོད་ཅིང་སྐུ་གསུང་ཐུགས་རྟེན་གཟི་འོད་མཚེར་བ་མང་བོ་བཞུགས་པར་མ་ཟད། ཆེས་རྩ་འགངས་ཆེ་ཞིང་བྱིན་རླབས་ཀྱི་དྲོད་ཁོལ་མ་ཡལ་བའི་རྟེན་གཙོ་བོ་གསུམ་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དངོས་སུ་བེད་སྤྱོད་མཛད་མྱོང་བའི་ཁྲུས་གཞོང་ (佛澡罐ཞིག་དང་། སངས་རྒྱས་ཀྱི་ཚེམས་འཁྲུལ་མེད་ (佛牙་དང་། སྟོན་པ་སངས་རྒྱས་ཀྱིས་དངོས་སུ་བཀོལ་མྱོང་བའི་རྩྭ་ཀུ་ཤའི་ཕྱགས་མ་ (佛扫帚བཅས་གསུམ་མོ།། རྟེན་འདི་དག་ལ་དུས་རྒྱུན་དུ་མཇལ་མི་ཐུབ་ཀྱང་། ཉིན་དྲུག་གི་རིང་སྨྱུང་གནས་བསྲུང་བའི་དུས་ཆེན་ཞིག་ཡོད་པ་དེའི་སྐབས་སུ་དད་ལྡན་སེར་སྐྱ་མང་བོའི་ཚོགས་དབུས་སུ་བཤམས་ནས་མཇལ་དུ་འཇུག་ཅིང་། དད་པ་བརྟན་ཅིང་ལས་སྣང་དག་པ་རྣམས་ཀྱིས་རྟེན་དེ་དག་ལས་འོད་ཆེམ་ཆེམ་དུ་འཕྲོ་བའང་མཐོང་བར་གྲགས་སོ།། དེར་མ་ཟད་ཡུལ་འདི་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་བྱེད་མཁན་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་རྫུ་འཕྲུལ་སྟོན་པའང་མང་བོ་བྱུང་བས་མྱ་ངན་ལས་འདས་པ་ན་སྐུ་གདུང་མཆོད་རྟེན་བཞེངས་འདུག་པའང་མང་བོ་ཡོད་དོ།། དེ་དང་དེ་ལ་སོགས་པས་མཚོན་ཡུལ་འདི་ན་ཤིན་ཏུ་ངོ་མཚར་བའི་རྟེན་མང་དུ་ཡོད་མོད་ཡི་གེ་མང་བས་འཇིགས་ནས་དེ་ཙམ་ལས་མ་བྲིས་སོ།།

  གཙུག་ལག་ཁང་གསར་མའམ་དགོན་གསར་ཞེས་པ་འདིའི་ནང་ན་རིན་པོ་ཆེ་གཞན་ཡང་རྩ་ཆེན་མང་བོ་ཡོད་པས་དེའི་ཉེ་འཁོར་ན་དེ་དག་འཕྲོག་འདོད་ཀྱི་བསམ་ངན་འཆང་བའི་ཇག་རྐུན་མང་བོ་ཡོད་རུང་སྲུང་མ་རྣམ་ཐོས་སྲས་དེ་ཉིད་ཧ་ཅང་བཙན་པོ་ཞིག་ཡིན་པས་འཕྲོག་མ་ནུས། ཡང་སྐབས་ཤིག་ལ་གྲུ་གུའི་རྒྱལ་བོ་ཡེ་ཧུ་ཁི་ཧན་གྱི་བུ་སི་ཡེ་ཧུ་ཁི་ཧན་ (肆叶护可汗གྱིས་ཀྱང་དེ་ཉིད་འཕྲོག་བཅོམ་བྱེད་འདོད་ཀྱིས་ཀུན་ནས་བསླངས་ཏེ་དམག་གི་དཔུང་ཆེན་པོ་ཁྲིད་ནས་དགོན་པའི་ཉེ་འདབས་སུ་སྒར་བཏབ་སྟེ་བསྡད་པའི་མཚན་མོའི་རྨི་ལམ་དུ། སྲུང་མ་རྣམ་སྲས་འོངས་ནས་གཙུག་ལག་ཁང་ཡང་གཏོར་བཤིག་བྱེད་ཕོད་པ་ཁྱོད་ལ་ནུས་མཐུ་ཅི་ཞིག་ཡོད་ཅེས་ཁྲོས་ཤིང་བཀའ་བཀྱོན་བྱེད་ཅིང་བྲང་གཞུང་ལ་མདུང་རྣོན་པོས་བསྣུན་ཏེ་རྒྱབ་ནས་བརྟོལ་བ་ཞིག་རྨིས། དངངས་སྐྲག་ཆེན་པོ་ཞིག་སྐྱེས་ཏེ་གློ་བུར་དུ་ཕྱིར་སད་པ་ན། སྙིང་གའི་ཐད་དུ་ན་ཟུག་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་སྐྱེས་ཤིང་ཤི་བར་གྱུར་ཏོ་ཞེས་ཡུལ་དེར་གྲགས་པའི་གཏམ་རྒྱུད་ཅིག་ཀྱང་ལམ་ཡིག་ཏུ་བཀོད་འདུག་གོ།

    སྨྲས་པ།

ངོ་མཚར་སྙིང་སྟོབས་མཆོག་གི་རྩལ་རྫོགས་པས། །

བསྟན་འགྲོའི་དོན་ཆེན་སྒྲུབ་ཕྱིར་རང་གི་སྲོག །

གཏའ་མར་འཇོག་དགོས་བྱུང་ཡང་འཇིགས་མེད་པ། །

འདི་ཡི་རྣམ་ཐར་བཀླགས་པ་དོན་དང་ལྡན། །

 

ཚ་གྲང་བཀྲེས་སྐོམ་དགྲ་ཇག་ཆོམ་རྐུན་སོགས། །

འཇིགས་སྐྲག་སྟོང་གི་བར་ནས་གར་ཕེབས་ཀྱི། །

ཡུལ་དང་ཡུལ་གྱི་ཆོས་སྲིད་གོམས་གཤིས་སོགས། །

ཞིབ་པར་བྲིས་པའང་དེང་འདིར་ནོར་བུའི་གཏེར། །

 

སྐྱེས་མཆོག་ཁྱེད་ཀྱིས་དངོས་སུ་མཐོང་བ་དང་། །

ཐོས་པའི་དོན་རྣམས་ཡི་གེར་བཀོད་པའི་དཔེ། །

དལ་བུར་བཀླགས་པས་མ་མཐོང་མ་ཐོས་པ། །

མང་བོ་དེང་འདིར་མངོན་སུམ་བཞིན་དུ་ཤེས། །

 

ཐོག་མེད་དུས་ནས་སེམས་ཀྱི་མེ་ལོང་ངོར། །

བཞག་པའི་བག་ཆགས་ཚོན་རིས་སྣ་ཚོགས་ཕྱིར། །

གཟུགས་གཅིག་ཉིད་ལའང་གང་ཟག་དུ་མ་ཡིས། །

བལྟས་ན་མི་འདྲའི་སྣང་ཚུལ་སུ་ཡིས་འགོག །

 

དེང་སང་དམ་པའི་རྣམ་ཐར་ཀློག་མཁན་ཉུང་། །

ཁ་པར་རྩེད་མོས་མིག་ཟུང་ལོང་བ་མང་། །

ཀློག་ཏུ་ཆུག་ཀྱང་སྙིང་བོ་ལོན་མཁན་ཉུང་། །

ཚིག་གི་རྩེད་མོས་མི་ཚེ་ཟད་པ་མང་། །

 

མིག་དག་དོན་ཡོད་བྱེད་ན་འདི་འདྲ་ཀློགས། །

ལོ་རྒྱུས་ཤེས་འདོད་ཡོད་ན་འདི་འདྲ་ཀློགས། །

དམ་པར་དད་པ་ཡོད་ན་འདི་འདྲ་ཀློགས། །

སྙིང་སྟོབས་སྙིང་ནས་བསྐྱེད་ན་འདི་འདྲ་ཀློགས། །

 

འདི་ན་གནའ་དེང་ལོ་རྒྱུས་མང་བོ་ཡོད། །

ཡུལ་དང་ཡུལ་གྱི་འགྱུར་ལྡོག་མང་བོ་ཡོད། །

དགྲ་གཉེན་མ་ངེས་སྐྱོ་གར་མང་བོ་ཡོད། །

འཁོར་བའི་ངང་ཚུལ་གསལ་བྱེད་གདམས་པའང་ཡོད། །

 

ཀོ་ཁྲང་གོང་ཇོས་པཀྵུའི་འགྲམ་རྒྱུད་ནས། །

སྐོམ་པ་ཆུ་འདོད་ཇི་བཞིན་སློབ་དཔོན་ལ། །

མཇལ་འདོད་རེ་བ་མ་འགྲུབ་འཆི་བདག་གིས། །

ཁྱེར་བའི་གཏམ་ཡང་ཀྱེ་མ་སྙིང་ལ་གཟན། །

 

བཙུན་མོ་ཕྱི་མར་ཤོར་བའི་མྱ་ངན་གྱིས། །

ཆེས་ཆེར་མནོན་པའི་རྗེ་བོའི་འོ་དོད་ཀྱང་། །

ཞག་འགའ་སོང་ཚེ་སྤྲོ་དགའ་གསར་བ་ཡིས། །

ཡོངས་སུ་ཡལ་བར་བཏང་བའང་སྐྱོ་བའི་གཞི། །

 

རང་སེམས་རྟ་རྒོད་དྲན་ཤེས་སྲབ་རྣོན་གྱིས། །

མ་ཐུལ་ཁྲེལ་གཞུང་མེད་པའི་ཐང་ཆེན་དུ། །

ཇི་དགར་བརྒྱུགས་པས་གཅེས་སྲོག་གཅེས་མ་ལ། །

ཤོར་བའི་ཚུལ་དེས་སྲེད་པའི་སྐྱོན་མཚང་བསྟན། །

 

མི་རྟག་མི་བརྟན་དགྲ་གཉེན་མ་ངེས་པའི། །

འཁོར་བའི་སྐྱོན་དེ་འདིར་ཡང་མཐོང་བ་ན། །

རྙེད་དཀའ་དོན་ཆེའི་དལ་རྟེན་རྙེད་དུས་འདིར། །

དོན་ལྡན་སྙིང་བོ་མྱུར་དུ་ལེན་འདོད་སྐྱེས། །

 

ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །

ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ཅེས། །

གསུངས་ཤིང་དེ་ལ་ཡིད་ཆེས་ཡོད་བཞིན་དུ། །

བག་མེད་སོས་དལ་སྡོད་འདི་ཅི་ཞིག་ཉེས། །

 

ལྔ་བདོའི་མུན་ནག་འཁྲིགས་པའི་དུས་མཐའ་འདིར། །

ལས་བཟང་མཐུ་ཆེན་བསགས་པ་ལྷག་པར་ཉུང་། །

ཁ་ཟས་མི་འཇུ་སྨན་ལའང་ནད་འཇོམས་པའི། །

ནུས་མཐུ་ཆུང་བས་ཚེ་སྲོག་བསྲིང་ཐབས་ཉུང་། །

 

བདེ་འགྲོར་སྐྱེས་ཀྱང་ཚོགས་ཀྱི་བསགས་རྒྱབ་ཆུང་། །

ཆོས་པར་རློམ་ཡང་ཉེས་སྤྱོད་ཆེས་དྲག་པས། །

རིམ་གྲོ་སོགས་ཀྱང་མཐུ་ཆུང་གསོན་རྐྱེན་ཡང་། །

ཕལ་ཆེར་འཆི་བའི་རྐྱེན་དུ་གྱུར་འདིས་སྐྱོ། །

 

བཟའ་བཏུང་མང་ཉུང་མ་རན་མི་འཕྲོད་མང་། །

གནས་ཁང་རྡིབ་པའམ་གཉེན་དང་ཉེ་དུས་ཀྱང་། །

བསླུ་བར་འགྱུར་བ་ལོ་རྒྱུས་འདི་ལྟ་ན། །

འཁོར་བའི་བདེ་ལ་ཡིད་བརྟན་ཅི་ཞིག་ཡོད། །

 

ཚེ་འདིའི་དོན་ལ་འབད་ཅིང་འབད་པའི་མཐར། །

འདི་ནས་ཕྱི་མར་མི་འགྲོ་ཐབས་ཅི་ཡོད། །

དེའི་ཚེ་གཉེན་བཤེས་མང་བོས་མཐའ་བསྐོར་ཞིང་། །

མཆི་མས་གདོང་བ་བཀྲུས་ཀྱང་ཅི་ལ་ཕན། །

 

ཡིད་འོང་ནོར་གྱི་མཛོད་ལ་མངའ་བརྙེས་ཀྱང་། །

དེ་ཚེ་རྡུལ་ཕྲན་ཙམ་ཡང་འཁྱེར་དུ་མེད། །

ཐ་ན་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་། །

དོར་ནས་འགྲོ་ན་གཞན་ལྟ་སྨྲོས་ཅི་དགོས། །

 

ཇི་ལྟར་གྱུར་ཀྱང་ནམ་ཡང་མི་བསླུ་བའི། །

མགོན་དང་སྐྱབས་ནི་བསོད་ནམས་འབའ་ཞིག་ཡིན། །

དེ་ཕྱིར་སེམས་ཤིག་ཡོད་ན་དཀར་ཆོས་ལ། །

ཡོད་ཚད་གཏོང་བའི་སྙིང་རུས་བསྐྱེད་པར་རིགས། །

 

ལས་ཀྱིས་བསྡུས་པའི་ཡུལ་དང་གཉེན་བཤེས་སོགས། །

ཡོད་ཚད་བཞག་སྟེ་གཅེས་ཤིང་ཕངས་པའི་སྲོག །

འབེན་ལ་བཙུགས་ཏེ་ནུབ་ཏུ་བསྙེགས་པ་ཡང་། །

མདོར་ན་ཆོས་ཀྱི་ཆེད་དུ་མ་ལགས་སམ། །

 

བུ་དང་ཆུང་མ་བསྡོངས་ནས་ཕ་ཡི་སྲོག །

འཕྲོག་པའི་སྐྱོ་གར་འདིས་ཀྱང་འཁོར་བའི་གཤིས། །

ལྷག་པར་གསལ་བྱས་པས་ན་འཁོར་བདེ་ལས། །

རྣམ་གྲོལ་དོན་གཉེར་དོན་གྱི་སྙིང་བོར་ཤེས། 

 

འདི་ཡང་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱི། །

ངོ་མཚར་མཛད་རྣམ་བཀླགས་པ་ལས་བྱུང་བའི། །

མྱོང་ཚོར་སྐལ་མཉམ་ཆོས་མཐུན་གྲོགས་པོ་ལ། །

བགོ་ཤའི་ཚུལ་དུ་ཕུལ་བ་ཙམ་ལགས་སོ། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ༢༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།   སྤེལ་མཁན།: འབྲོང་རིན་བཟང་། སྤེལ་དུས:2023/12/2
ཆུ་བོ་ཆེན་པོ་པཀྵུ་མ་ཡིན་ཏེ། དེ་ནི་རྟ་མཆོག་ཁ་འབབ་ཏེ་ཤར་ཕྱོགས་ཀྱི་འབར་མ་པུ་ཏར་རམ(Brahmaputra)རེད། ངས་བསམ་ན་བྱང་ཕྱོགས་ཀྱི་སེང་གེ་ཁ་འབབ་བམ་ཨིན་ཌུསེIndusཡིན་རྒྱུ་རེད། ཡང་ན་རྨ་བྱ་ཁ་འབབ་ཏེ་ཀར་ན་ལི་Kamatiཡིན་སྲིད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23532963
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།