བོད་ཀྱི་པཎྜི་ཏའི་དཀར་ཆག (སྔོན་འགྲོ) ཁྱོད་ཀྱིས་བོད་ཀྱི་པཎྜི་ཏ་ཤེས་སམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྜི་ཏའི་དཀར་ཆག (སྔོན་འགྲོ) ཁྱོད་ཀྱིས་བོད་ཀྱི་པཎྜི་ཏ
བོད་ཀྱི་པཎྜི་ཏའི་དཀར་ཆག (སྔོན་འགྲོ) ཁྱོད་ཀྱིས་བོད་ཀྱི་པཎྜི་ཏ་ཤེས་སམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-30ལྟ་ཀློག (6728)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྱོད་ཀྱིས་བོད་ཀྱི་པཎྜི་ཏ་ཤེས་སམ།

ཤེས་རབ་བསྟན་དར།


ཁྱོད་ཀྱིས་པཎྜི་ཏ་ཤེས་སམ། ཁྱོད་ཀྱིས་དྲི་བ་འདིའི་ལན་ཤེས་དགོས་ན། པཎྜི་ཏ་ཞེས་པ་ནི་ཅི་ཞིག་ཡིན་པ་དང་། རྐྱེན་གང་ཞིག་ལ་བརྟེན་ནས་བོད་དུ་བྱུང་བ་དང་། ཅིའི་ཕྱིར་བྱུང་བ་དང་། གང་འདྲ་ཞིག་བྱུང་བ་ངེས་པར་ཤེས་དགོས།

པཎྜི་ཏ་ पण्डित(paṇḍ ita)ཞེས་པའི་ཐ་སྙད་འདི་བོད་དུ་གྲགས་ཆེ་བའི་ཐ་སྙད་ཅིག་ཡིན་ལ། བོད་ཀྱི་སློབ་གཉེར་བ་དག་ཆེས་ཡིད་སྨོན་ཤོར་བའི་ཐ་སྙད་ཅིག་ཡིན། ང་ཚོས་བཀའ་བསྟན་ལས་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ཞེས་དང་། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ། མཁས་པའི་སྐྱེ་དགུ་པཎྜི་ཏ། རྒྱ་གར་གྱི་མཁན་པོ་མ་ཧཱ་པཎྜི་ཏ་ཞེས་པའི་ཐ་སྙད་མང་དུ་མཐོང་།

སྔོན་བྱོན་མཁས་པ་རྣམས་ཀྱིས་པཎྜི་ཏ་ཞེས་པའི་ཐ་སྙད་ནི་རྒྱ་གར་སྐད་ཡིན་པར་གསུངས་ཤིང་། པ་ཎ་ནི་ལྔ་དང་ཌི་ཏ་ནི་རིག་པ་སྟེ། གནས་ལྔ་རིག་པ་ཞེས་པའི་དོན་དུ་བཞེད། རིག་གནས་ཆེ་བ་ལྔ་མཁྱེན་པ་ལ་པཎྜི་ཏ་དང་རིག་གནས་བཅུ་བོ་མཁྱེན་པའི་མཁས་པ་ལ་མ་ཧཱ་པཎྜི་ཏ་དང་། སྣ་རེ་གཉིས་ལ་མཁས་པ་ཡིན་ན་པཎ་ཆུང་ཟེར་གསུངས།

བུ་སྟོན་ཆོས་འབྱུང་ལས། རྒྱ་བལ་ཁ་ཆེའི་པཎྜི་ཏ་ཕལ་ཆེར་བཞེད་ཀྱང་། ཞེས་བྱུང་བ་འདི་པཎྜི་ཏ་རྒྱ་གར་དུ་མ་ཟད། ཨོ་ཊི་ཡཱན་གྱི་པཎྜི་ཏ། ཟངས་གླིང་གི་པཎྜི་ཏ། བལ་བོ་དང་ཁ་ཆེ་ནའང་བྱུང་ཡོད་པ་ཤེས་ཤིང་། རྗེས་སུ་བོད་དུའང་པཎྜི་ཏར་འབོད་པ་གང་མང་ཞིག་བྱུང་ཡོད།

འོ་ན་པཎྜི་ཏ་དག་ཇི་ལྟར་བྱུང་བ་ཡིན་ནམ། ནམ་ཞིག་ལ་བྱུང་བ་ཡིན། ཇི་ལྟར་པཎྜི་ཏར་འགྱུར་དགོས་ཤེ་ན་འདི་ལ་ལན་འདེབས་པ་ཤིན་ཏུ་དཀའ། 

བུ་སྟོན་ཆོས་འབྱུང་ལས། སྦྱིན་བདག་ཛ་ལན་དྷ་རའི་རྒྱལ་བོ་ཀ་ནི་ཀས་བྱས་ཏེ། སྡུད་པ་པོ་པུརྞི་ཀ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ། བ་སུ་མི་ཏྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཉིས་བརྒྱ་ལྔ་བཅུའམ། ཁྲི་དྲུག་སྟོང་འདུས་ནས་ཞལ་ཏོན་དུ་མཛད་དེ། བཅོ་བརྒྱད་པོ་ཐམས་ཅད་བཀར་བསྒྲུབས་སོ། ། ཞེས་གསུངས་པ་ལྟར་ན་བཀའ་སྡུད་སྐབས་ནས་པཎྜི་ཏ་ཡོད་པར་མངོན།

འོན་ཀྱང་རྒྱ་གར་ཆོས་འབྱུང་ལས། དེ་ལ་བོད་རྣམས་ལྟར་ན། དགྲ་བཅོམ་པ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱ་འདུས་ནས་བསྡུས་ཟེར་ཡང་། ཐེག་ཆེན་ལུགས་ལྟར་ན་དོན་ལ་མི་འཐད་པ་མེད་མོད། འོན་ཀྱང་དུས་དེ་ཙམ་ནས་སངས་རྒྱས་པའི་མཁས་པ་ཆེན་པོ་རྣམས་ལ་བཙུན་པ་ཆེན་པོ་ཟེར་བ་མ་གཏོགས། པཎྜི་ཏའི་མིང་གིས་འབོད་པ་མེད་པས་པཎྜི་ཏ་ལྔ་བརྒྱ་ཟེར་བ་མི་ལེགས་སོ། །ཞེས་གསུངས་པ་འདིས། ནང་བའི་མཁས་པ་རྣམས་ལ་པཎྜི་ཏའི་འབོད་སྟངས་འདི་ཕྱིས་ནས་བྱུང་བར་བསྟན་ཡོད།

སྔོན་གྱི་ཡིག་ཚང་ལས། པཎྜི་ཏ་ལ་ཕྱི་ནང་གཉིས་ཀའི་པཎྜི་ཏ་ཡོད་ཅིང་། ནཱ་ལེན་དྲར་པཎྜི་ཏ་ལྔ་བརྒྱ་ཡོད་པར་བཤད་ཅིང་། དཔེར་ན། ཨརྱ་དེ་བས་མུ་སྟེགས་རྟ་དབྱངས་ཆོས་ཀྱིས་ཚར་བཅད་དེ་བསྟན་པ་ལ་བཅུག་སྟེ། པཎྜི་ཏ་ཆེན་པོར་གྱུར་ཏོ། །ཞེས་སོགས་མང་དུ་བྱུང་བས་པཎྜི་ཏ་ནི་རྒྱ་གར་དུ་ཡོངས་སུ་གྲགས་པ་ཞིག་ཡིན་པ་ཤེས། 

པཎྜི་ཏ་ཡོངས་སུ་དར་བ་དང་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་དང་། པཎྜི་ཏའི་ཆ་བྱད། པཎྜི་ཏའི་ཡི་གེ  པཎྜི་ཏའི་བྱ་བ་སོགས་བྱུང་ཡོད་དེ། དཔེར་ན། སློབ་དཔོན་ཞི་བ་ལྷའི་རྣམ་ཐར་དུ། བསླབ་བཏུས་དང་མདོ་ཀུན་ལས་བཏུས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པ་ཞིག་ཡོད། ཅེས་བྱུང་བ་བཞིན་ནོ། །ད་དུང་པཎྜི་ཏའི་སྐྱེ་བ་ལྔ་བརྒྱར་བཞེས་པའི་རྣམ་ཐར་སྔོན་གྱི་ཡིག་ཚང་དག་ན་གསལ།

དེབ་སྔོན་ལས། དེ་ཡང་རྒྱ་གར་གྱི་ཡུལ་ན་རྗེ་བཙུན་ཀ་རོ་བ་ཞེས་བྱ་བ་རིག་པའི་གནས་རྣམ་པ་ལྔ་ལ་མཁས་པ། པཎྜི་ཏ་ལས་རྣལ་འབྱོར་བར་གྱུར་པ། བརྒྱུད་པ་དགུའི་གདམས་པ་མངའ་བ། མངོན་ཤེས་དང་ལྡན་པ་ཅིག་བཞུགས་པ་ལས། ཞེས་པ་ལྟར་ན་པཎྜི་ཏ་ནས་རྣལ་འབྱོར་བར་གྱུར་པ་ཞེས་པའི་ཚིག་འདི་ལ་དཔྱད་ན་པཎྜི་ཏ་གཞུང་ལ་སློབ་གཉེར་བྱེད་པའམ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་བྱེད་པ་ཞིག་ཡིན་པ་དོན་གྱིས་བསྟན་ཞིང་། བྱ་བ་དང་སྤྱོད་པ། ཆ་ལུགས་སོགས་ཀྱི་ཐད་ནས་ཀྱང་པཎྜི་ཏ་དང་རྣལ་འབྱོར་བ་གཉིས་ལ་ཁྱད་པར་ཕྱེས་ཡོད། ལྷག་པར་བོད་ཀྱི་མཁས་པའི་གསུང་ན་མཁས་པ་པཎྜི་ཏའི་ལུགས་ཀྱིས་སྒྲོ་འདོགས་ཕྱི་རུ་གཅོད། ལྟ་རྟོག་ཕྱི་རུ་བྱེད་དེ། རྟོག་བཅས་འཁྲུལ་བ་ཡིན་པར་འདོད་པས་ཡུལ་བཅད་པས་དེར་འཛིན་གྱི་ཤེས་པ་ལྡོག་པའོ། །ཞེས་པའི་བཤད་རྒྱུན་ཡང་ཡོད།

འགོས་ཁུག་པ་ལྷས་བཙས་རྒྱ་གར་དུ་ལན་གསུམ་བྱོན། པཎྜི་ཏ་གྲུབ་པ་བརྙེས་པ་བདུན་ཅུ་དོན་གཉིས་ལ་ཆོས་ཞུས་པའི་ལོ་རྒྱུས་ཡོད་པ་ལྟར་བོད་ཀྱི་སློབ་གཉེར་བ་དག་རྒྱ་གར་དང་ཁ་ཆེ། བལ་བོ་བཅས་སུ་པཎྜི་ཏ་དག་བསྟེན་ནས་དམ་པའི་ཆོས་བོད་ཡུལ་དུ་གདན་དྲངས་པའི་སྙིང་སྟོབས་ནི་ཧ་ལས་པ་ཞིག་ཡིན།

རྒྱ་གར་གྱི་པཎྜི་ཏ་བོད་ལ་གདན་འདྲེན་པའི་སྲོལ་ནི་ལྷ་ཐོ་ཐོ་རུ་སྙན་བཙན་སྐབས་སུ་པཎྜི་ཏ་བློ་སེམས་འཚོ་ཕེབས་ཤིང། ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་ཕེབས་པའི་སྐབས་ཁོང་གིས་པཎྜི་ཏ་ལྷ་རིག་པའི་སེང་གེ་བསྟེན་ཞིང་། དམ་པའི་ཆོས་གདན་འདྲེན་པའི་སྐབས་པཎྜི་ཏ་དུ་མ་གདན་འདྲེན་བྱས། དེ་ནས་བཟུང་རྒྱ་གར་དང་བལ་བོ། ཁ་ཆེ་བཅས་པཎྜི་ཏ་མང་བོ་ཕེབས་ཤིང་། བུ་སྟོན་ཐམས་ཅད་མཁྱེན་པས་བོད་དུ་བྱོན་པའི་པཎྜི་ཏ་གོ་གསུམ་གྱི་མཚན་ཐོ་བསྒྲིགས་ཤིང་། འདིར་མ་ཆུད་པའི་པཎྜི་ཏ་བོད་དུ་བྱོན་པའི་དྲིན་ཅན་དང་། ལོ་ཙྪ་བ་རྣམས་ཀྱང་ཇི་ལྟར་རྙེད་པ་བསྣན་པར་བྱའོ། །ཞེས་གསུངས།

བོད་ཀྱི་བསྟན་བཅོས་དག་ཏུ། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། རྣལ་འབྱོར་བས་བསྒོམས་པའི་བསྟན་བཅོས་ཡིན་ན་བསྟན་བཅོས་ཚད་ལྡན་ཡིན་པའི་བཤད་སྲོལ་ཡོད་པ་བཞིན་བོད་ཀྱི་བཀའ་བསྟན་མང་བོ་ཞིག་པཎྜི་ཏ་ལ་གཏུགས་ནས་བསྒྱུར་བ་ཞིག་ཡིན།

བོད་དུ་བྱོན་པའི་པཎྜི་ཏ་དེ་དག་ནི་ལོ་ཙཱ་བ་དག་གིས་ལུས་དང་སྲོག་ལ་ལྟོས་པ་མེད་པར་དཀའ་བ་བརྒྱ་ཕྲག་གིས་གདན་དྲངས་ཤིང་། ལྷག་པར་ཀླ་ཀློའི་དམག་གི་འཇིགས་པ་བྱུང་དུས་ཁ་ཆེ་པཎ་ཆེན་སོགས་བོད་དུ་ཕེབས་ནས་བོད་ཀྱི་ཆོས་དང་རིག་གནས་ལ་ཕན་པ་བླ་ན་མེད་པ་བྱུང་།

བོད་ཀྱིས་པཎྜི་ཏར་རིག་པའི་གནས་ལྔར་མཁས་པའི་མཚོན་བྱེད་དུ་འཛིན་པ་དེ་ནི་བོད་ལ་པཎྜི་ཏའི་མཚན་ཅན་གྱི་སྐྱེས་བུ་གང་མང་ཞིག་འབྱུང་བའི་རྐྱེན་གཙོ་བོ་ཞིག་རེད། ཙ་མི་པཎ་ཆེན་ནི་རྒྱ་གར་ནས་པཎ་ཆེན་གྱི་ཆོ་ལོ་ཐོབ་པ་ཞིག་ཡིན་ལ། བོད་དུ་པཎྜི་ཏའི་མཚན་ཅན་གང་མང་ཞིག་བྱུང་མོད། པཎྜི་ཏའི་ཐོག་མ་ས་སྐྱ་པཎ་ཆེན་ཡིན་པ་ཡོངས་སུ་གྲགས། དེ་ནས་ད་ལྟའི་བར་དུ་པཎྜི་ཏ་གང་མང་ཞིག་བྱུང་ཡོད།

ས་སྐྱ་པཎྜི་ཏ་ལ་པཎྜི་ཏའི་མཚན་འབྱོར་བ་མ་ཟད། པཎ་ཆེན་གྱི་མཚན་ཡང་འབྱོར་ཡོད། ཁོང་གི་སྔོན་དུ་བོད་ལ་རིག་གནས་ཆེ་བ་ལྔ་དར་མེད་དེ། སྦྱངས་པ་དག་ཀྱང་ལེགས་སྦྱར་གྱི་སྐད་ལས་སྦྱངས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས།(1182-1251) ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ(1127-1225)དང་ཁོང་གི་སློབ་མ་པཎ་ཆུང་སོགས་བསྟེན་ནས་ཐ་སྙད་རིག་གནས་ལ་སྦྱངས་ཤིང་། ཐ་སྙད་རིག་གནས་ཀྱི་བསྟན་བཅོས་བསྒྱུར་བ་དང་བརྩམས། མཁས་པ་འཇུག་པའི་སྒོ་དང་། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ་སོགས་བརྩམས་ཏེ་ཐ་སྙད་རིག་གནས་ཀྱི་སྲོལ་ཕྱེས།

སྟག་ཚང་ལོ་ཙཱ་བས། སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང་། །ཟློས་གར་རྣམས་ལ་རིག་གནས་ཆུང་ངུ་འམ། །ཐ་སྙད་རིག་པའི་གནས་ལྔ་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཐར་ལོ་ཡན་ལ་སྒྲ་མདོ་བསྒྱུར་བ་མེད། །ཅེས་གསུངས་པ་ལྟར་ས་པཎ་ཡན་ལ་སྒྲ་མདོ་སོགས་ཐ་སྙད་རིག་གནས་ཀྱི་བསྟན་བཅོས་བོད་དུ་མ་འགྱུར་ཞིང་། དེ་ནས་བཟུང་ཐར་ལོ་ཉི་མ་རྒྱལ་མཚན། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དེའི་སྐུ་མཆེད་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དེའི་སློབ་མ་དཔང་བློ་གྲོས་བརྟན་པ། ལྷ་མཐོང་ལོ་ཙཱ་བ་སོགས་ཀྱིས་སྒྲ་རིག་པའི་བསྟན་བཅོས་དུ་མ་གསར་དུ་བསྒྱུར།

དེ་དག་གིས་བོད་ལ་པཎྜི་ཏ་གང་ཞིག་འབྱུང་བའི་རྨང་གཞི་བསྐྲུན་པ་རེད། རིག་གནས་ཆེ་བ་ལྔ་ནི་སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་བཅས་ཡིན་ལ། རིག་གནས་ཆུང་བ་ལྔ་རྩི་ཚུལ་ལུགས་མི་འདྲ་བ་གཉིས་ཡོད་དེ། སྔོན་ཆད་སྒྲ། སྙན་ངག་སྡེབ་སྦྱོར། མངོན་བརྗོད་ཟློས་གར་ལྔ་བརྩི་ཞིང་། ཕྱིས་སྒྲ་རིག་པ་མི་བརྩི་བར་དེའི་ཚབ་ཏུ་སྐར་རྩིས་བསྣན་ནས་རིག་གནས་བཅུར་བྱེད་དོ། །

བོད་ལ་རིག་གནས་བཅུའི་འཆད་ཉན་གྱི་རྒྱུན་བྱུང་བ་འདི་བོད་ལ་པཎྜི་ཏ་གང་མང་འབྱུང་བའི་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། བོད་ཀྱི་པཎྜི་ཏའི་གནས་ཚུལ་ལ་བལྟས་ན་ལ་ལར་སྐྱེས་བུ་དམ་པ་ག་གེ་མོ་ཞིག་གིས་པཎྜི་ཏར་བསྔགས་པ་བརྗོད་པ་ལས་པཎྜི་ཏའི་མཚན་ཐོགས་ཤིང་། ལ་ལར་སློབ་མ་རྣམས་སམ་གཞན་པའི་མཁས་པ་དག་གིས་པཎྜི་ཏར་བསྔགས་པ་ལས་མཚན་ཐོགས་པ་ཞིག་ཏུ་མངོན།

པཎྜི་ཏའི་མཚན་ཐོགས་པ་མང་ཆེ་བ་རིག་གནས་ཆེ་བ་ལྔ་ལ་པཎྜི་ཏ་ཞེས་མཚན་ཐོགས་པ་ལས། འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོ་ཡིན་ཡང་པཎྜི་ཏའི་མཚན་མ་ཐོགས་པ་ཤིན་ཏུ་མང་། དེ་བས་བལྟས་ན་པཎྜི་ཏའི་མཚན་ཐོགས་པ་ལ་རིག་གནས་མང་བོ་ལ་མཁས་དགོས་པ་སྟེ། རིག་གནས་ཆེ་བ་ལྔ་མཁྱེན་པ་ལ་པཎྜི་ཏ་དང་རིག་གནས་བཅུ་བོ་མཁྱེན་པའི་མཁས་པ་ལ་མ་ཧཱ་པཎྜི་ཏ་ཞེས་པའི་གནད་དེར་བབས་འདུག

བོད་ཀྱི་པཎྜི་ཏ་དང་། མ་ཧཱ་པཎྜི་ཏ། པཎྜི་ཏ་ཆུང་བ་སོགས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ནའང་། བདག་གིས་ད་ལྟའི་བར་དུ་བོད་ཀྱི་པཎྜི་ཏ་དག་ལ་ཞིབ་འཇུག་བྱས་པ་མ་མཐོང་ཞིང་། པཎྜི་ཏའི་སྐོར་དཔེ་ཆ་ཞིག་བརྩམས་པའང་མ་མཐོང་།

ད་རེས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་བོད་ཡིག་ཆེད་སྦྱོང་གི་སློབ་མ་རྣམས་ཀྱིས་ལོ་དུ་མར་བོད་ཀྱི་པཎྜི་ཏའི་རྣམ་ཐར་འཚོལ་སྡུད་དང་ཕྱོགས་བསྒྲིགས་ཀྱིས《བོད་ཀྱི་པཎྜི་ཏའི་དཀར་ཆག་རབ་གསལ་མེ་ལོང་》བསྒྲིགས་པ་མཐོང་བས་ཤིན་ཏུ་སྤྲོ་བར་གྱུར།

དེབ་འདི་སྒྲིག་མཁན་གྱི་སློབ་མ་འདི་དག་ནི་སློབ་གྲྭ་འདིར་ལོ་འགར་སློབ་གཉེར་བྱས་པའི་ན་གཞོན་འབའ་ཞིག་ཡིན་པས་ལྟ་རྒྱ་དང་མཐོང་རྒྱར་ཚད་ཡོད་པ་ཞིག་ཡིན་ལ། འདི་ལྟ་བུའི་ལས་ཆེན་པོར་འཇུག་པའི་ཉམས་མྱོང་མེད་ནའང་། སྤོབས་པ་ཆེ་ཞིང་ལས་ལ་འཇུག་ཕོད་པས་འདི་སྒྲིག་དུས་རྣམ་ཐར་དང་ལོ་རྒྱུས་མང་བོ་བཀླགས་པས་ལྟ་རྒྱ་དང་མཐོང་རྒྱ་ཇེ་ཆེར་སོང་ཞིང་། ཚིག་མཛོད་སྒྲིག་པའི་ལས་ལ་ཉམས་མྱོང་མི་དམན་པ་ཞིག་ཐོབ་འདུག

འདིའི་ནང་དུ་པཎྜི་ཏའི་མཚན་ཐོགས་པའི་བོད་ཀྱི་མཁས་པ་བརྒྱ་དང་ཉི་ཤུ་ལྷག་བཀོད་ཡོད། ད་དུང་འདིའི་ནང་དུ་མ་འདུས་པའང་ཡོད་སྲིད་མོད། འདི་ནི་ཐོག་མའི་བྱ་བ་དང་སློབ་སྦྱོང་ཞིག་ཡིན། འདི་ལ་ཞན་ཆ་དང་མ་འདང་ས་གང་མང་ཞིག་ཡོད་སྲིད་ནའང་། འདི་ད་ལྟའི་བོད་ཀྱི་ཚིག་མཛོད་ཀྱི་ཁ་སྐོང་ཞིག་ཏུ་འགྱུར་ངེས་ཤིང་། བོད་ཀྱི་པཎྜི་ཏའི་སྐོར་ལ་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་བཏོན་པ་ཡིན་ལ། ན་གཞོན་སློབ་མ་འདི་དག་གིས་བོད་ཀྱི་རིག་གནས་ལ་ཕུལ་བའི་མཛད་རྗེས་ཤིག་ཏུའང་བརྩིར་འོས།

མཐར་ན་གཞོན་འདི་དག་གིས་《བོད་ཀྱི་པཎྜི་ཏའི་དཀར་ཆག་རབ་གསལ་མེ་ལོང་》འདི་བསྒྲིགས་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་བཅས་རིག་པའི་གཞོན་ནུ་འདི་དག་གི་རིག་གནས་ཀྱི་ལམ་ཁར་སྔར་ལས་ལྷག་བློ་གྲོས་རྒྱས་ཤིང་། རྒྱས་པ་ཙམ་དུ་མ་ཟད་གངས་ཅན་བོད་ཀྱི་རིག་གནས་ཞབས་ནས་འདེགས་པའི་འཕྲིན་ལས་མངོན་པར་རྒྱས་པར་སྨོན་པ་དང་བཅས།

ཞེས་པ་འདི་ནི་དགེ་མིང་འཛིན་པ་ཤེས་རབ་བསྟན་དར་གྱིས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་མདུན་གྱི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་གླིང་སྟོད་དུ་༢༠༢༡ལོའི་སློབ་གྲྭའི་འཁྲུངས་སྐར་ཉིན་བྲིས།

གསལ་བཤད། 
བོད་ཀྱི་པཎྜི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཞིག་ཡིན། 




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23479032
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།