ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་༢༣པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་༢༣པ།
ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་༢༣པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-11-15ལྟ་ཀློག (6977)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


        སྤྱི་ལོ་༢༠༡༧ལོའི་ཟླ་༡༡པའི་ཚེས་༡༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་གསུམ་པ་ཧ་ཅང་གཟབ་རྒྱས་ངང་སྤེལ། འཁྲུངས་སྟོན་འདི་ནི་ལོ་རེ་རེའི་ཟླ་༡༡པའི་ཚེས་༡༥ལ་གཏན་འཁེལ་བྱས་ཏེ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་གཙོས་ས་གནས་བོད་རིགས་སྐྱ་སེར་སོགས་ཀྱི་དགའ་བསུ་དང་གདེངས་འཇོག་ཁྲོད་སྤེལ་གྱིན་ཡོད་ཅིང་།  སློབ་གླིང་རང་ལ་མཚོན་ནའང་འཁྲུངས་སྟོན་འདི་ནི་འདས་པའི་དཀའ་སྡུག་ལ་ཕྱིར་དྲན་དང་སློབ་གླིང་གི་སློབ་མ་རྣམས་ཀྱི་རིག་རྩལ་གྱི་ནུས་པ་བསྐྱེད་སྲིང་བྱེད་པ། དགེ་སློབ་ཡོད་ཚད་གདན་ཐོག་གཅིག་ལ་འཛོམས་ཏེ་དགའ་སྐྱིད་མཉམ་དུ་རོལ་བའི་སྟོན་མོ་ཧ་ཅང་རིན་ཐང་ལྡན་པ་ཞིག་ཡིན།

    རེབ་འདིའི་རིག་རྩལ་ལ་ལོ་སྔོན་མ་དག་དང་འདྲ་བར་ཉིན་མོའི་རིག་རྩལ་ཚན་པ་ཞིག་དང་དགོང་མོའི་རིག་རྩལ་ཚན་པ་གཉིས་སུ་བགོས་ཤིང་།  རིག་རྩལ་གྱི་རྣམ་གྲངས་ལ་སློབ་དཔོན་ཐོན་མིའི་རྣམ་ཐར་དང་རྒྱལ་བོ་གླང་དར་མའི་ལོ་རྒྱུས། ས་སྐྱའི་ལོ་རྒྱུས་སོགས་ལོ་རྒྱུས་དང་རྣམ་ཐར་སྣ་ཚོགས། བོད་ཆོལ་ཁ་གསུམ་གྱི་དམངས་ཁྲོད་ཀྱི་གླུ་དང་གར། བྲོ་སོགས་རིག་རྩལ་སྣ་ཚོགས། གཞན་ཡང་སློབ་མ་རྣམས་རང་རང་གིས་བརྩམས་པའི་ཁ་ཤགས་དང་བཞད་གར་སྣ་ཚོགས་བཅས་འཁྲབ་སྟོན་བྱས་པ་དང་།    ཁྱད་པར་རང་རེའི་སློབ་གླིང་གི་སློབ་དཔོན་དམ་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་དེར་འདུས་དགེ་སློབ་ཡོངས་དང་ས་གནས་མང་ཚོགས་རྣམས་ལ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་མཆོག་གི་བཀའ་དྲིན་ལས་འཕྲོས་ཏེ་ཐོན་མིའི་སློབ་གསོའི་ནང་དོན་དང་གལ་ཆེན་རང་བཞིན་གྱི་སྐོར་ནས་གསུང་བཤད་ཡིད་འཁུལ་བ་གནང་རྗེས་སློབ་དཔོན་ཐོན་མིའི་རྣམ་ཐར་སོགས་འཁྲབ་སྟོན་བྱས།

     མདོར་ན་འཁྲབ་སྟོན་སྣ་ཚོགས་ལས་རང་རེའི་སློབ་མ་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་དང་རིག་རྩལ་གྱི་ནུས་པ། རང་ལྕག་གི་ཆུ་ཚད་སོགས་ཡར་རྒྱས་སུ་སླེབས་འདུག་པ་མཚོན་པར་མ་ཟད།   བོད་མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་ཀྱི་རིན་ཐང་དང་རྒྱུད་འཛིན་གྱི་སྡིངས་ཆ་གལ་ཆེན་ཞིག་ཀྱང་གྲུབ་པར་སྣང་ཡོད།


ཁམས་པའི་ཞབས་བྲོ།


སློབ་མ་རྣམས་ཀྱི་ཞབས་བྲོའི་སྟངས་སྟབས།


རྩྭ་ཐང་བུ་མོའི་སློབ་གྲྭའི་བཞད་གར།


བཞད་གར་མཛེས་བརྙན་ཐད་གཏོང་།


སློབ་དཔོན་ཐོན་མིའི་རྣམ་ཐར།


རིག་རྩལ་བ་ཡོངས་ཀྱི་མཉམ་པར།



མཚན་མོའི་རིག་རྩལ་གྱི་ཡུལ་དངོས།

འཛིན་གྲྭ་སོ་སོས་སྐབས་༢༣པའི་འཁྲུངས་སྟོན་བསུ་བའི་འོད་ཁང་སྣ་ཚོགས།

འཛིན་གྲྭ་སོ་སོས་སྐབས་༢༣པའི་འཁྲུངས་སྟོན་བསུ་བའི་འོད་ཁང་སྣ་ཚོགས།

འཛིན་གྲྭ་སོ་སོས་སྐབས་༢༣པའི་འཁྲུངས་སྟོན་བསུ་བའི་འོད་ཁང་སྣ་ཚོགས།

འཛིན་གྲྭ་སོ་སོས་སྐབས་༢༣པའི་འཁྲུངས་སྟོན་བསུ་བའི་འོད་ཁང་སྣ་ཚོགས།

སློབ་དཔོན་ཆེན་མོ་ཛྲ་ཚུལ་ཁྲིམས་རྒྱ་མཚོས་ཕུལ་བའི་ཤིས་ཚིག

    ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་མེད་པའི་སློབ་གསོ་བ་ཆེན་མོ། བདག་གི་ཆོས་གྲོགས་དམ་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་ཐུགས་བསྐྱེད་འོ་མཚོའི་ཀློང་ལས་འཁྲུངས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་འཁྲུངས་སྟོན་ཉེར་གསུམ་པ་ལ་སྙིང་ནས་རྟེན་འབྲེལ་ཞུ། བདག་ལ་ནི་སློབ་གླིང་འདིར་བྱས་རྗེས་འདི་བཞག་ཅེས་སྟོན་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་སློབ་གླིང་འདི་ནས་ལོ་མང་བོར་བསྡད་པ་དང་། མི་ལོ་ཉེར་གསུམ་ལ་ཉེ་བའི་བར་དེའི་ལས་དོན་ལ་སེམས་འཁུར་བྱེད་པ་ནམ་ཡང་ཡལ་མ་མྱོང་བས་དུང་བ་ཟབ་མོ་ཡོད་པས། དེ་རིང་བདག་རིན་ཐང་བྲལ་བའི་བཀའ་ཆོས་ལ་ཞུགས་དགོས་པའི་དབང་གིས་སློབ་གླིང་གི་འཁྲུངས་སྟོན་ལ་དངོས་སུ་ཞུགས་མ་ཐུབ་ཀྱང་། སེམས་པ་དགའ་བའི་རང་མདངས་ནི་ནམ་ཡང་ཉམས་མ་མྱོང་བའི་མཚོན་རྟགས་སུ་བླ་བྲང་ནས་རྟེན་འབྲེལ་ཞུས་པ་ཡིན།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ལུགས་རྙིང་གི་ཟླ༩ཚེས་༢༦ཉིན་བླ་བྲང་ནས་གུས་ཕུལ།


སློབ་མ་སྐོར་ཞིག་གིས་མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་གསུམ།

ཤེས་རིག་ནོར་བུའི་སློབ་གླིང་འདི་འདྲ་ཡིན།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གསུམ་པའི་འཁྲུངས་སྐར་དགའ་སྟོན་ལ་གུས་ཕུལ།

གཙང་སྐྱེས་རོལ་དབྱངས།

ནམ་ལངས་མཚན་གཏུགས་དཔེ་ཀློག་སྒྲ་སྐད་མཆེད།།
ཕྱོགས་རིས་རབ་ཞི་མཛའ་མཐུན་མཁའ་དབུགས་སྟུག།
སློབ་ཁང་ལྷིང་འཇགས་ཤོག་ལྡེབས་བསྒྱུར་སྒྲ་ཐོས།།
གཉིད་བཅགས་ཟས་བརྗེད་སློབ་ལ་ནན་ཏན་བརྩོན།།
རྩ་བ་བློར་བཟུང་གཞུང་དོན་རྩོད་པས་དཔྱད།།
རྒྱ་དབྱིན་རྩིས་སོགས་འགྲན་ཚེ་གཞན་ལས་རྒྱལ།།
ཁས་མི་ལེན་ཡང་འབུམ་རམས་པ་ཡང་སྐྲག།
མ་ཡུམ་ཤེས་རིག་གླིང་གི་འདྲ་འབག་ཡིན།།


སློབ་དཔོན་གཞུང་མཁས་བསམ་བློ་དཔེ་ཆར་འདྲིས།།
ཁ་བཤད་དོན་འཁྱོལ་གཞན་ཕན་ལས་ཀས་སྟོན།།
གངས་ལ་སེམས་འདྲིས་སེམས་ལ་བོད་པ་བཟུང་།།
གཞན་དག་འདར་བའི་དཔོན་གྱི་ང་རྒྱལ་མགོར།།
བོད་ཀྱི་རིག་གཞུང་དབྱུག་པས་ཆེར་གཞུས་ཏེ།།
ཞུམ་པའི་སྣང་བ་སྦྱིན་པའི་རྭ་རྒྱ་ན།།
ལས་བྱ་བརྩེགས་ཤིང་ཟིན་ཐོ་སྟོང་བཤུས་ཏེ།།
ཁྱི་འཁྲབ་དཔོན་མགོ་གཡོགས་པའི་ཟློས་གར་ཟད།།


མི་ལོ་བཞི་ཟད་ས་དམར་དུས་བཞིར་འགམས།།
མངོན་འཁྲབ་ལྐོག་འདུག་སློབ་གསོའི་རུལ་སུངས་པ།།
གཅིག་ཀྱང་མ་མཐོང་གཅིག་ལས་གཅིག་ལྷག་གི།
སློབ་མར་གྱུར་པའི་ལས་བཟོ་བ་དག་ཀྱང་།།
ལྷག་བསམ་ཁར་བཏགས་སྐྱིད་ཉལ་སློབ་གཙོ་སྟོང་།།
མཉམ་བསྡུས་ལས་ཀྱང་ལྕི་བའི་རིན་ཐང་ཅན།།
ཕྱི་གཙང་ནང་གཙང་དྭངས་གཙང་མུ་ཏིག་ཕོན།།
མ་ཡུམ་སློབ་གླིང་མི་རིགས་སློབ་གསོའི་རྒྱན།།


འདི་ན་མི་བཟང་མི་ལ་གཞི་བཟང་བས།།
ལྷག་བསམ་དྲི་བྲོ་ལ་རྒྱའི་རུས་པ་སྲ།།
ཁྱི་རྔ་མི་གཡུག་སྤྲེའུའི་གར་མི་འཁྲབ།།
བོད་ཁམས་རྩོམ་སྟེགས་སློབ་གསོ་ཁེ་ལས་ཀུན།།
རྭ་རྒྱའི་སློབ་མས་གཏན་བཟུང་དོན་དངོས་བྲག།
ཨུ་ཚུགས་ཁས་མུར་བདེན་པའི་སོ་འཐོར་ཏེ།།
ངན་གཏམ་མཆིལ་མ་ཅི་དགར་ལུད་པའང་ཡོད།།
འོན་ཀྱང་བདེན་པའི་ཟིལ་ཤུགས་རླབས་བཞིན་འཕྱོ།།
༢༠༡༧ ༡༡  ༡༥

ཤིས་ཚི

གཡོན་གཞིས་ཁྲོ་རྒྱལ།

གངས་རྒན་ཉི་ཟླའི་པང་བ་རུ།།
སྐྱེས་ཆེན་གནམ་གྱི་ཀ་བ་བཞུགས།།
ཡིན་ཡང་གཞན་དང་མི་མཚུངས་པ།།
འཇིགས་མེད་སྙིང་སྟོབས་སྲིད་ན་རྒྱལ།།

གོ་ལའི་ཡང་རྩེ་གནམ་མཐའ་ན།།
མི་ཆེན་གླང་ཆེན་འགྱིང་འདྲ་ཡོད།།
ཡིན་ཡང་རིགས་ཀྱི་དོན་བསམ་མཁན།།
སློབ་དཔོན་ཁྱེད་འདྲ་གང་དུ་ཡོད།།

རྨ་ཆུ་ལི་མའི་འགྲམ་རྒྱུད་ན།།
གསེར་གྱི་ཕོ་བྲང་བཞེངས་འདྲ་བ།།
མ་ཡུམ་སློབ་གྲྭ་བསྐལ་བའི་བར།།
བསྟན་པ་དར་ཞིང་ཡུན་དུ་གནས།།

སྣང་བ་དགུ་སངས་དྲུག་འགྱུར

རྒྱ་འདུ་སངས་རྒྱས།

ཤམ་ཐབས་རྡོག་ཀ་མ་རྒྱག་རྡོག་ཀ་བརྒྱབ། །
ཤམ་ཐབས་རྡོག་ཀ་རྩིག་དང་གྱང་བར་བརྒྱབ། །
རྩིག་དང་གྱང་ངོས་བརྒྱབ་པའི་རྡོག་ཀ་ཡང་། །
ཤེས་རིག་བསྟན་པ་འཛུགས་སའི་ཆེད་དུ་ཡིན། །

མཐོ་བ་དཔོན་ལ་མ་ཞུས་དཔོན་ལ་ཞུས། །
དཔོན་པོར་ཁ་སེམས་ཞུས་པའི་དྲང་དོན་ནི། །
ཤ་དང་རུས་པར་བརྡར་བའི་རྣམ་དཔྱོད་ཅིག །
མི་རིགས་ཡར་ལ་འགྲེང་སའི་ཆེད་དུ་ཡིན། །

མི་ཁ་མ་བརྒྱུད་མི་ཁ་ལོ་ཟླ་བརྒྱུད། །
མི་ཁ་བོད་མིའི་མཆུ་དང་སོ་ལ་བརྒྱུད། །
མཆུ་སོར་བཙིར་བའི་མི་ཁ་ལ་རྒྱ་ཅན། །
མི་རིགས་ཤིག་གི་བདེ་སྡུག་དོན་དུ་ཡིན། །

གང་ཞིག་མ་ཕམ་གང་ཞིག་ཕམ་པར་བྱས། །
ཕམ་པའི་དུག་གསུམ་འབོད་པའི་གཡབ་མོ་དེ། །
བྱམས་བརྩེའི་ཉི་ཐིག་ཕྲ་མོས་སྒོར་སྒོར་བྱེད། །
ང་ཡི་བོད་ཅེས་འབོད་ས་ཡོད་པས་ཡིན། །

མཐུན་སྒྲིལ་མ་དམ་མཐུན་སྒྲིལ་གླིང་འདིར་དམ། །
དམ་ཞིང་མཐུན་པའི་དཔུང་རྡང་ཤིག་ཤིག་གཡོ། །
རེ་བའི་སྙིང་སྟོབས་རྒྱས་པའི་འཕར་ལྡིང་དེ། །
ཤེས་རིག་རྩ་བ་ཚུགས་པའི་རྟེན་འབྲེལ་ལོ། །

དབུ་ལ་སེ་མདའ་མ་ལྷུང་སེ་མདའ་ལྷུང་། །
སེ་མདའ་གངས་རིའི་མདངས་བཞིན་ལྷུང་བ་ནི། །
གངས་རིའི་གདོང་དམར་སྐྱོབ་པའི་དཔའ་རྟགས་དེ། །
ལོ་རྒྱུས་དྲན་ཤིང་འདེགས་པའི་རྡོ་རིང་ཡིན། །

ཉིན་མཚན་ཁྱེད་ཀྱིས་མ་བསྐོར་ཁྱེད་ཀྱིས་བསྐོར། །
བསྐོར་བའི་ལོ་ཟླ་དུས་ཚོད་ཞག་མ་སོགས། །
མི་རིགས་མ་བོར་འདུར་བའི་དཔའ་རྟུལ་ཞིག །
མཛད་རྗེས་གླིང་འདིར་བཞག་པ་ཅིས་ཀྱང་དྲན། །

སེང་ལ་གཡུ་རལ་མ་ངོམས་གཡུ་རལ་ངོམས། །
གཡུ་རལ་རྫོགས་པའི་སེང་ཕྲུག་དར་མའི་ཁྱུ། །
ཆོལ་གསུམ་གང་སར་རྒྱུ་བའི་ངར་སྐད་དེ། །
ཕ་ཁྱིམ་ཡུན་རིང་གསོན་པའི་བདེན་དཔང་ངོ་། །
མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གསུམ་པ་བསུ་བའི་དགའ་སྟོན་ལ་སློབ་མ་རྒྱ་འདུ་སངས་རྒྱས་ཀྱིས་བྲེལ་ཟིང་བར་ནས་སྦྱར་བའོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་༢༣པ།   སྤེལ་མཁན།: བསྟན་པ སྤེལ་དུས:2017/11/1
འཁྲུངས་སྟོན་༢༣པར་རྟེན་འགྲེལ་གྲངས་མེད་ཞུ། བཀྲ་ཤིས་བདེ་ལེགས། བསམ་དོན་ལྷུན་གྲུབ། ཡར་ནས་ཡར་ལ་འགྲོ་བར་སྨོན་སྨོན་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23527885
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།