༢༠ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༢༠ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༢༠ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-07-18ལྟ་ཀློག (2805)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

 བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    དེ་ནས་སླར་ཡང་དཀྱུས་ལ་འཇུག་པར་བྱ་སྟེ། སློབ་དཔོན་གྱིས་དེ་ལྟར་གསལ་བར་གསུངས་ཀྱང་རྒྱལ་བོས་མ་ཉན་པར་རང་གི་དབང་ཤུགས་བཀོལ་ནས་ནུབ་ཏུ་ཕེབས་སུ་མ་བཅུག་པར་བཀག འོན་ཀྱང་འཚོ་བ་ཞབས་ཏོག་གི་ཆ་ནས་སྔར་ལས་ཀྱང་ཆེས་ཆེར་ལྷག་པ་ངོ་མཚར་བས་མཆོད་ཅིང་། བཞེས་པ་སོགས་ཀྱང་རྒྱལ་བོ་རང་ཉིད་བྲན་ལྟར་ཕེབས་ནས་དངོས་སུ་བསྟབས་མོད། འོན་ཀྱང་དེ་ལ་ངོ་ཐང་ཅུང་ཟད་ཀྱང་མ་བྱིན་པར་སློབ་དཔོན་རྨད་བྱུང་གཟི་བརྗིད་སྐུ་དྲང་བོར་བསྲིང་ནས་སྐྱིལ་ཀྲུང་གིས་བཞུགས་ཤིང་། ཞལ་ཟས་རིལ་བུ་ཙམ་ཡང་མ་བཞེས། ཆུ་ཐིག་པ་ཙམ་ཡང་མ་གསོལ། སྨྲ་བ་ཡང་བཅད་དེ་ཉིན་གསུམ་སོང་ཞིང་ཉིན་བཞི་བ་ལ། བལྟས་བལྟས་རིག་རིག་ལ་སློབ་དཔོན་གྱི་སྐུའི་ཉམས་རབ་ཏུ་ཞན་པར་གྱུར། དབུགས་ཀྱང་ཇེ་ཞན་དང་ཇེ་ཞན་དུ་གྱུར་ཅིང་སྲོག་གི་ཉེན་ཁ་ལ་ཐུག་པ་མཐོང་ནས་རྒྱལ་བོ་ཡང་སྙིང་གི་གཏིང་རིམ་ནས་སྐྲག་རྒྱུ་ཞིག་ལངས་ནས་སློབ་དཔོན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང་བཟོད་གསོལ་དང་བཅས་ཏེ། ད་ནི་བདག་གིས་བཀག་འགོག་མི་བྱེད་པར་སློབ་དཔོན་ཉིད་ནུབ་ལ་ཕེབས་ན་ཉིད་ཀྱི་ཐུགས་འདོད་ལྟར་གཏོང་བར་བྱ་ལགས་ན་ཅིས་ཀྱང་མྱུར་དུ་ཞལ་ཟས་བཞེས་རོགས་ཞེས་ཞུས་པ་དང་། སློབ་དཔོན་གྱིས་རྒྱལ་བོས་གཡོ་སྒྱུ་བྱེད་པ་མིན་ནམ་སྙམ་དུ་དོགས་ནས་ཚིག་ཤུལ་མནའ་ཡིས་གནོན་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་བོས་ཡང་ཞུས་པ། གལ་ཏེ་མནའ་ཚིག་བསྒྲག་དགོས་ན། སློབ་དཔོན་ཁྱེད་བདག་དང་ལྷན་དུ་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་ཕེབས་ནས་ཆོས་ཀྱི་འབྲེལ་བ་འདི་ལས་ཀྱང་ལྷག་པ་ཞིག་འཇོག་དགོས། དེ་ལྟར་གནང་དུ་རུང་ངམ་ཞེས་ཟེར། དེ་ལ་སློབ་དཔོན་གྱིས་ཀྱང་རྒྱལ་བོའི་རེ་འདོད་བསྐང་བར་བྱ་བའི་ཕྱིར་མོས་མཐུན་མཛད། དེ་ནས་རྒྱལ་བོའི་ཡུམ་ཆེན་དཔང་བོར་བཞུགས་སུ་བཅུག་ནས་རྣམ་པ་གཉིས་རྒྱལ་བའི་སྐུ་བརྙན་གྱི་མདུན་དུ་ཕེབས། ཀོ་ཕྲེང་རྒྱལ་བོ་ཡིད་རབ་ཏུ་དགའ་བ་དང་བཅས་མནའ་ཚིག་འདི་ལྟར་བསྒྲགས་ཏེ། དང་བོ། དེ་རིང་བདག་འདི་ནས་སློབ་དཔོན་དང་སྤུན་གྲོགས་བསྒྲིག་གོ་ཞེས་བསྒྲགས། གཉིས་པ། སློབ་དཔོན་ཁྱེད་རྒྱ་གར་དུ་སློབ་གཉེར་ལེགས་པར་གྲུབ་སྟེ་སླར་རང་གི་རྒྱལ་ཁབ་ཏུ་ལོག་པའི་དུས་སུ་ངེད་ཅག་ཀོ་ཕྲེང་གི་ཡུལ་འདིར་ཅིས་ཀྱང་ལོ་གསུམ་བཞུགས་ནས་མཆོད་པ་བདག་གིར་བཞེས་དགོས་པར་མ་ཟད། མ་འོངས་པར་མངོན་པར་རྫོགས་པར་འཚང་རྒྱ་བ་ནའང་། ཇི་ལྟར་སྔོན་གྱི་རྒྱལ་བོ་གསལ་རྒྱལ་ (波斯匿王དང་། གཟུགས་ཅན་སྙིང་བོ་ (频婆娑罗王གཉིས་སྟོན་པའི་སྦྱིན་བདག་གི་གཙོ་བོར་གྱུར་བ་དེ་བཞིན་དུ། བདག་ཀྱང་ཁྱེད་ཀྱི་སྦྱིན་བདག་གི་གཙོ་བོར་འགྱུར་བར་ཞལ་གྱིས་བཞེས་དགོས། གསུམ་པ། སློབ་དཔོན་ད་རེས་ཡིན་ཡང་ཡུལ་འདིར་ཟླ་གཅིག་ཙམ་ལ་ཅིས་ཀྱང་ངེས་པར་བཞུགས་ནས་ངེད་ཅག་ལ་ཆོས་ཀྱི་བདུད་རྩི་བསྩོལ་དགོས་ཞེས་ནན་གྱིས་ཞུས་པ་ན། སློབ་དཔོན་གྱིས་ཀྱང་དེ་ཐམས་ཅད་ཞལ་གྱིས་བཞེས་པས། རྒྱལ་བོ་བཙུན་མོ་འཁོར་དང་བཅས་པ་རྣམས་ཀྱང་རབ་ཏུ་དགའ་ཞིང་ཚེ་རབས་འཕྲེང་བ་ཐམས་ཅད་དུ་ཆོས་ཀྱིས་རྗེས་སུ་འཛིན་པའི་སྐྱབས་འཇུག་ཀྱང་ཞུས་སོ།།    

    དེ་ནས་ཉིན་གཅིག་གི་འཕྲོར་རྒྱལ་བོས་ས་ཁོད་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་གུར་ཆེན་པོ་མི་སུམ་བརྒྱ་ལྷག་ཤོང་བ་ཞིག་ཕིབས་སུ་བཅུག་སྟེ་སློབ་དཔོན་ལ་ཆོས་ཞུས། རྒྱལ་བློན་བཙུན་མོ་འབངས་འཁོར་དང་བཅས་པ་ཐམས་ཅད་ཆོས་ཉན་པའི་གྲྭར་ཞུགས། ཉིན་རེ་བཞིན་རྒྱལ་བོ་རང་ཉིད་ཀྱིས་སྤོས་སྣ་དང་བཅས་སློབ་དཔོན་ཆོས་འཆད་པའི་སར་གདན་འདྲེན་བྱེད་ཅིང་། རང་ཉིད་ཁྲིའི་རྩ་ནས་མར་བསྒུར་ཏེ་སྒལ་བ་སློབ་དཔོན་ཁྲི་སྟེང་དུ་ཕེབས་པའི་སྐས་ཐེམ་གྱི་ཚབ་བྱེད་པ་ལྟ་བུས་མཚོན་གུས་བཀུར་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལོངས་པ་ཞིག་བྱས་སོ།།

    དེ་ལྟར་རྒྱལ་བོའི་རེ་བ་བཞིན་ཟླ་གཅིག་གི་རིང་ལ་ཡུལ་ཀོ་ཕྲེང་ནས་སྐལ་ལྡན་གྱི་གདུལ་བྱ་མང་བོ་ལ་ཤེར་ཕྱིན་ཕྱོགས་ཀྱིས་མཚོན་བཀའ་ཆོས་མང་བོ་ཞིག་ལེགས་པར་གནང་ནས་གྲུབ་པ་ན། རྒྱལ་བོས་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱི་དྲུང་ནས་རབ་ཏུ་བྱུང་བའི་གྲྭ་བ་བཞི་སློབ་དཔོན་གྱི་ཞབས་ཏོག་པར་བཀོད་སྒྲིག་བྱས། གྲྭ་ཆོས་བུབས་སུམ་ཅུ་ཕུལ། ནུབ་ཕྱོགས་ཀྱི་ལམ་སྐབས་ན་ཧ་ཅང་གྲང་ས་ཡང་མང་བས་གྲང་རེག་འགོག་པའི་ལྭ་བ་དང་ཞབས་འཆག ཞལ་གཡོག་བྱེད་དང་ཕྱག་ཤུབས་ཀྱང་མང་དུ་ཕུལ་བར་མ་ཟད། གསེར་སྲང་བརྒྱ་དང་དངུལ་ཊམ་སུམ་ཁྲི། དར་དང་ཟ་འོག་སོགས་ཡུག་ལྔ་བརྒྱ་བཅས་ལོ་ཉི་ཤུར་ལྡེང་ངེས་ཀྱི་ལམ་རྒྱགས་དང་སློབ་གཉེར་གྱི་ཆ་རྐྱེན་དུ་ཕུལ། དེ་དང་མཉམ་དུ་རྟ་སུམ་ཅུ་དང་མི་ཉི་ཤུ་རྩ་ལྔ་ཕྱག་ཕྱིར་བརྫངས། ལམ་བར་ན་ཡོད་པའི་ཡུལ་ཁམས་ཉི་ཤུ་རྩ་བཞིར་ལམ་ལ་བར་ཆད་མི་བྱེད་པར་བགྲོད་བདེ་བ་ཞིག་ཅིས་ཀྱང་མཁོ་སྤྲོད་གནང་དགོས་པའི་རེ་ཞུའི་ཡི་གེ་རེ་དང་། དེ་དག་སོ་སོ་ལ་ཞུ་རྟེན་ཟ་འོག་ཡུག་གཅིག་རེ་བཅས་བརྫངས་སོ།།

    དེར་མ་ཟད། དར་གོས་ཡུག་ལྔ་བརྒྱ་དང་ཤིང་ཏོག་སོགས་ཡུལ་ཟས་ཤིང་རྟ་གཉིས་བཅས་བྱང་ཕྱོགས་གྲུ་གུའི་རྗེ་བོ་ཡེ་ཧཱུ་ (叶护可汗ཞེས་བྱ་བ་ལ་ལོགས་སུ་ལེགས་སྐྱེས་སུ་བསྐུར་ནས་ཡི་གེ་ཡང་འདི་ལྟར་བྲིས་ཏེ། སློབ་དཔོན་ཞོན་ཙང་ནི་བདག་གི་མནའ་བཅད་ནུ་བོ་ཡིན། ད་རེས་རྒྱ་གར་ལ་དམ་པའི་ཆོས་སློབ་གཉེར་བྱེད་དུ་ཕེབས་ཀྱིན་ཡོད་ཅིང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་བོ་བརྒྱུད་ནས་ཕེབས་དགོས་པས། རྒྱལ་བོ་མཆོག་གིས་བདག་དངོས་སུ་འོངས་པ་ཇི་བཞིན་སློབ་དཔོན་འདི་ལ་མཐུན་རྐྱེན་ལེགས་པོ་རེ་བསྒྲུབ་རྒྱུ་དང་། དེར་མ་ཟད་རྒྱལ་ཁབ་གཞན་དག་ལའང་ཁྱེད་ཀྱིས་ཕྱག་ཡིག་རེ་བྲིས་ནས་རྒྱལ་མཚམས་རྣམས་སུ་བདེ་བར་ཕེབས་ཆོག་པར་རམ་འདེགས་བྱེད་པའི་རེ་བ་གསུངས་རོགས་མཁྱེན་མཁྱེན་ཞེས་སོ།།      

    སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས་རྒྱལ་བོས་རང་གི་དོན་ལ་དེ་ལྟ་བུའི་ཐུགས་བསམ་ཞིབ་མོ་གནང་ཞིང་རྫོང་བ་ཡང་ཤིན་ཏུ་གྱ་ནོམ་པ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ཀྱིན་ཡོད་པའི་ཚུལ་གཟིགས་པས་རྒྱལ་བོའི་བཀའ་དྲིན་ཤེས་ཤིང་ཚོར་བ་ལེགས་པར་མཚོན་པའི་ཕྱག་ཡིག་ཅིག་ཀྱང་བྲིས་ཡོད་མོད། འོན་ཀྱང་ཚིག་འབྲུ་ཇི་བཞིན་བསྒྱུར་ན་མང་བར་འགྱུར་བས་བརྗོད་བྱའི་དོན་ཅུང་ཟད་བསྡུས་ནས་བཤད་ན་འདི་ལྟར་ཡོད་དེ། ཞོན་ཙང་བདག་གིས་འདི་ལྟར་ཐོས་ཏེ། གཏིང་མཐའ་བྲལ་བའི་རྒྱ་མཚོ་ཆེན་པོ་བརྒལ་བ་ལ་ངེས་པར་གྲུ་གཟིངས་དགོས་པ་ལྟར་མ་རིག་པས་བློ་མིག་ལྡོངས་པའི་འགྲོ་བ་རྣམས་འདྲེན་པར་བྱེད་པ་ལའང་ངེས་པར་རྒྱལ་བའི་ལེགས་གསུངས་དགོས་སོ།། དེའི་ཕྱིར་འགྲོ་བ་མ་ལུས་པ་བུ་གཅིག་པུ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་དེ་ཉིད་ཐུགས་བརྩེ་བ་ཚད་མེད་པའི་དབང་གིས་སྙིགས་མ་ལྔས་ཆེས་ཆེར་སྦགས་པའི་མ་དག་པའི་ཞིང་འདིར་ཕེབས་ཏེ། བླ་ན་མེད་པའི་མཁྱེན་རབ་མཆོག་གི་འོད་ཟེར་རབ་ཏུ་སྤྲོས་ཏེ་གཏི་མུག་གི་མུན་པ་རྨང་ནས་སེལ། བརྩེ་ཆེན་ཆུ་འཛིན་གྱི་གྲིབ་བསིལ་སྣུམ་པོས་མཐོ་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཚ་གདུང་ཐམས་ཅད་རབ་ཏུ་གཞིལ། དམ་པའི་ཆོས་ཀྱི་ཆར་བ་ཆེན་པོ་ཕབ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་བརླན་པར་མཛད་ནས་རང་གི་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་གཟུགས་སྐུའི་བཀོད་པ་བསྡུས་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།    

    དེ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ངེད་ཅག་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་དུ་དར་ནས་ཀྱང་ཕལ་ཆེར་ལོ་ངོ་དྲུག་བརྒྱ་ཡས་མས་ཙམ་སོང་ལ། དགྲ་བཅོམ་པ་མ་ཏིངྐི་དང་པཎྚི་ཏ་བྷ་ར་ན། རིག་འཛིན་ཀུ་མ་རཱ་ཤྲཱི་སོགས་སྔོན་བྱོན་དམ་པ་རྣམས་ཀྱིས་དེའི་དགོངས་དོན་ལེགས་པར་བཀྲལ་ཞིང་རྒྱས་པར་ཡང་མཛད་མོད། འོན་ཀྱང་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དག་ནི་ཐག་རིང་གཞན་ཡུལ་ནས་ཕེབས་པའི་པཎ་གྲུབ་རྣམས་བརྒྱུད་ནས་རྒྱ་སྐད་དུ་ཚུར་བསྒྱུར་བ་ཤ་སྟག་ཡིན་པ་དང་། རྗོད་བྱེད་ཀྱི་བརྡ་དང་བརྗོད་བྱའི་དོན་འགྲེལ་ཚུལ་གང་གི་ཆ་ནས་ཀྱང་གཅིག་ལ་གཅིག་མི་མཐུན་པ་དང་མི་འདྲ་བ་ཧ་ཅང་མང་བ་དང་། ཐོག་མར་གསུངས་པ་བོའི་སྟོན་པ་སངས་རྒྱས་དང་དུས་ཀྱི་བར་ཐག་ཀྱང་ཤིན་ཏུ་རིང་བར་སོང་བར་མ་ཟད། ཕྱིས་ཀྱི་འགྲེལ་བྱེད་རྣམས་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་དང་བཅས་ཏེ་རང་རང་གི་འདོད་པ་ལྟར་བཀྲལ་བ་ཡང་མང་བས་གཅིག་མཐུན་ཞིག་མེད་པ་དང་། ཐེག་པ་ཆེན་པོའི་ཞི་སྒོ་གཉིས་པ་མེད་པའི་བཞེད་ཚུལ་གྱི་ཆ་ནས་ཀྱང་ངེད་ཅག་གི་ཡུལ་དེར་ལྷོ་བྱང་གི་གྲུབ་མཐའ་གཉིས་སུ་གྱེས་པར་མ་ཟད། མེ་ཆུ་ལྟར་གཅིག་ལ་གཅིག་མི་མཐུན་པར་ཕན་ཚུན་བརྩད་ནས་ཀྱང་ལོ་ངོ་བརྒྱ་ཕྲག་དུ་མ་སོང་ལ། ཐེ་ཚོམ་གྱི་དྲི་མ་ལེགས་པར་སེལ་ཐུབ་པ་དང་དགོངས་དོན་མཐར་ཐུག་ནི་འདིའོ་ཞེས་ལུང་རིགས་ཀྱིས་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབ་ཐུབ་པ་ཞིག་མ་བྱུང་བའམ་ད་ལྟ་མེད་པ་ལྟ་བུར་སོང་འདུག 

    ཞོན་ཙང་བདག་ནི་སྔོན་བསགས་ཀྱི་ལས་འཕྲོ་བཟང་བོའི་མཐུ་ལས་སྔ་མོ་ནས་དམ་པའི་ཆོས་སྒོར་ཞུགས་ཤིང་། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་སྐལ་བའང་ལྡན་ནས་ལོ་ངོ་ཉི་ཤུར་ཉེ་བའི་ཡུན་ལ་ཆོས་ཀྱི་གཞུང་ལ་ཐོས་བསམ་གཤའ་མ་བྱེད་ཁུལ་བྱས། མཚན་སྙན་ཅན་གྱི་དགེ་བའི་བཤེས་གཉེན་མང་བོ་བསྟེན་ཞིང་ཆོས་མཐུན་གྱི་གྲོགས་པོ་མང་བོ་ལའང་ཆོས་ཀྱི་དོན་བརྩད་ལེགས་པར་བཅད། ཐེག་པ་ཆེ་ཆུང་གི་གསུང་རབ་བསྒྱུར་ཟིན་པ་འདིའི་སྐོར་གཏན་ནས་བལྟ་མ་མྱོང་ཟེར་རྒྱུ་ཞིག་ཕལ་ཆེར་མེད་པ་ལྟ་བུར་བྱས། ཡིན་ནའང་ད་དུང་བདག་གི་ཡིད་ཐེ་ཚོམ་གྱིས་གདུངས་ཤིང་། ནམ་ཞིག་ན་འཕགས་ཡུལ་དུ་སོང་ནས་རིང་མོ་ནས་མ་རྟོགས་པའི་དོན་འདི་རྣམས་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བ་ཞིག་འོང་སྙམ་དུ་རེ་བ་བྱས་ཤིང་སྨོན་ལམ་བཏབ་པ་ཡིན། ཁབ་མིག་ནས་ནམ་མཁའི་ཁམས་རྫོགས་པར་མཐོང་མི་ཐུབ་པ་དང་། ཕུལ་གྱིས་རྒྱ་མཚོའི་ཆུ་ཡོངས་རྫོགས་གཞལ་མི་ཐུབ་པ་ནི་བདག་གིས་ཤིན་ཏུ་ནས་ཀྱང་ཤེས་མོད། འོན་ཀྱང་ཡིད་ཀྱི་རེ་བ་དང་སྨོན་པ་དེ་གཏོང་མ་ནུས་པར་དཀའ་ངལ་ཐམས་ཅད་ཁྱད་དུ་བསད་ནས་བྲོས་བཤོལ་གྱིས་འོངས་པས་ཡེས་ཝུའུ་ལ་སླེབས་པ་ཡིན།

    རྒྱལ་བོ་ཆེན་པོ་ཁྱེད་ཀྱིས་གནམ་ས་ལྟ་བུའི་ཟོལ་མེད་བབ་རླིང་གི་རང་བཞིན་དང་ཉི་ཟླ་ལྟ་བུའི་གཟི་བྱིན་གྱི་མཐུ་སྟོབས་ལ་བརྟེན་ནས་རང་གི་མངའ་འབངས་རྣམས་དྲིན་གྱིས་སྐྱོང་བཞིན་པ་ལ་ཁོ་བོ་ཡང་ཡིད་སྨོན་བྱེད་དོ།། འདི་ན་ཤར་གྱི་རྒྱལ་ཁབ་ཆེན་པོའི་གོམས་སྲོལ་ལྡན་ཞིང་། ནུབ་ཀྱི་རོང་ (百戎ཆེན་ཚོ་བའི་ཡུལ་སྲོལ་དར། ལུ་ལན་ (楼兰་དང་ཡོ་ཀྲིའི་ (月氏། ཡུལ་ཁམས། ཁྲེ་ཧྲི་ (车师་དང་ལང་དབང་ (狼望དང་བཅས་པའི་མཐའ་གྲུ་ཀུན་གྱི་དར་རྒྱས་ཀྱང་ཁྱེད་ཀྱི་བཀའ་དྲིན་ཟབ་མོ་ལ་བརྟེན་པར་སྣང་ངོ་།། ཁྱད་པར་དུ་རྒྱལ་བོ་ཆེན་པོ་ཉིད་སྐྱེས་བུ་དམ་པ་དང་མཁས་པ་རྣམས་གོང་དུ་བཀུར་བ་ལ་དགྱེས་ཤིང་། གཏོང་ཕོད་ཆེ་ཞིང་དགེ་སྒྲུབ་ལ་བརྩོན་པ། བྱམས་པ་དང་སྙིང་རྗེས་ཐུགས་རྒྱུད་ལྷག་པར་མཛེས་པས་བདག་ལྟ་བུ་ཐག་རིང་གི་སྐྱབས་མེད་ཀྱི་འགྲོན་པོ་ལའང་བརྩེ་བས་སྣེ་ལེན་མཛད་པ་སོགས་ཀྱི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་། རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཟབ་དོན་ཆེས་ཆེར་སྤེལ་བར་འདོད་པའི་ཐུགས་དགོངས་འདི་ཡང་ཤིན་ཏུ་བསྟོད་པར་འོས་པ་ཞིག་གོ ། ང་རྒྱལ་དང་ཁེངས་དྲེགས་མེད་པར་བདག་དང་སྤུན་མཆེད་དུ་གྱུར་བའི་ལས་སྐལ་བཟང་བོ་གནང་ཞིང་བསྐུལ་མ་ཡང་ཡང་གནང་བའི་བཀའ་དྲིན་ཙམ་ཡང་གཞལ་གྱིས་མི་ལོང་ངོ།། དེར་མ་ཟད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ཤིག་ལ་ཕྱག་ཡིག་དང་རྫོང་བ་གྱ་ནོམ་པ་བསྐུར་ཏེ་བརྩེ་གཟིགས་དང་རིམ་པར་སྐྱེལ་མ་བྱེད་དགོས་པའི་རེ་བ་བཏོན་པ་སོགས་ཀྱི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་དོ།། འདིར་ཞོན་ཙང་བདག་ནི་ངེས་པར་ངོ་གནོང་ཞིང་ཁྱེད་ཀྱི་བཀའ་དྲིན་མཚོན་བྱེད་ཀྱི་ཚིག་མི་རྙེད་དོ།། ཆུ་ཀླུང་ཆེན་པོའི་ཆུ་རྒྱུན་དྲངས་ནས་ཕུལ་ཡང་ཁྱེད་ཀྱི་བཀའ་དྲིན་གསབ་མི་ནུས་ཤིང་། རི་རྒྱལ་ལྷུན་པོ་རྩད་ནས་རྫོགས་ཏེ་ཕུལ་ཡང་་ཁྱེད་ཀྱི་དུང་སེམས་གཞལ་བར་ག་ལ་ནུས། ད་ནི་བདག་རི་གཟར་ལ་འགོ་དགོས་ཀྱང་ཆོག ཆུ་ནག་ལ་བརྒལ་དགོས་ཀྱང་རུང་སྟེ། སེམས་ཁྲལ་དང་འཇིགས་སྣང་མི་སྐྱེའོ།། གལ་ཏེ་བདག་གི་འདོད་དོན་འདི་ལེགས་པར་འགྲུབ་པ་ཞིག་བྱུང་ན་རྒྱལ་བོ་ཆེན་པོའི་བཀའ་དྲིན་ཉིད་ལས་ཅི།

    བདག་རྒྱ་གར་དུ་སོང་སྟེ་བཤེས་གཉེན་མཁས་པ་མང་བོའི་ཞབས་ལ་གཏུགས་ནས་དམ་པའི་ཆོས་ཀྱི་དགོངས་དོན་ཟབ་མོ་ལ་ཐོས་བསམ་ལེགས་པར་བྱས་ནས་རྒྱལ་བའི་གསུང་རབ་སྔར་མ་བསྒྱུར་བ་མང་བོ་ཚུར་ལ་བསྒྱུར། སྔར་མ་ཐོས་པའི་མདོའི་དོན་མང་བོ་སྐལ་མཉམ་དག་ལ་ལེགས་པར་སྦྲན་ནས་ལོག་པར་རྟོག་པའི་དྲི་མ་སྣ་ཚོགས་པ་འདི་ཐམས་ཅད་སེལ་བར་བྱ་ཞིང་བློས་བཅོས་ཀྱིས་བསླད་པའི་བཤད་ཚུལ་ཕྱིན་ཅི་ལོག་ཐམས་ཅད་མེད་པར་བྱ་བར་འདོད་ལ། ཆད་པ་རྣམས་ཁ་བསྐང་སྟེ་རྒྱལ་བའི་དགོངས་དོན་ཕྱིན་ཅི་མ་ལོག་པ་གང་ཡིན་པ་དེ་ཉིད་ལེགས་པར་གཏན་ལ་ཕབ་སྟེ་ཁྱེད་ཀྱི་དྲིན་ལན་འཇལ་བར་འདོད་དོ།། ལམ་ཐག་ཧ་ཅང་རིང་བས་ད་ནི་འདིར་སྡོད་ལོང་མེད། དེས་ན་སང་ཉིན་ཁྱེད་དང་གྱེས་ཕྱག་འབུལ་རན་པས་སེམས་སྐྱོ་ཡང་ཅིས་ཀྱང་ལམ་ལ་ཆས་དགོས། དེའི་ཕྱིར་ཁྱེད་ཀྱི་གཞལ་མཐའ་མེད་པའི་བཀའ་དྲིན་དང་བརྩེ་བ་ཟབ་མོ་སྙིང་ནས་ཚོར་བའི་མཚོན་བྱེད་དུ་ཡི་གེ་འདི་བྲིས་པ་ལགས་སོ།།

    ཀོ་ཕྲེང་རྒྱལ་བོས་མིག་མཆི་མ་དང་བཅས་ཏེ་སློབ་དཔོན་གྱི་ཕྱག་ཡིག་དེ་བཀླགས་ཚར་རྗེས་འདི་སྐད་དུ། སློབ་དཔོན་ཁྱེད་བདག་དང་སྤུན་མཆེད་དུ་གྱུར་བ་འདི་ལྟ་ལགས་པས་ངའི་རྒྱལ་ཁབ་འདི་ལ་ཅི་ཡོད་ཐམས་ཅད་ཁྱེད་དང་ཐུན་མོང་བ་འབའ་ཞིག་ལགས་པས་བཀའ་དྲིན་ཞུ་ཅི་ལ་དགོས་ཞེས་ཞུས་སོ།།

    ཕྱི་ཉིན་ཡུལ་ཀོ་ཕྲེང་གི་རྒྱལ་བློན་བཙུན་མོ་སྐྱ་སེར་འབངས་འཁོར་དང་བཅས་པ་ཐམས་ཅད་ཀྱིས་སློབ་དཔོན་རྨད་བྱུང་གཟི་བརྗིད་གྲོང་ཁྱེར་གྱི་ཕྱི་རོལ་གྱི་བར་དུ་སྐྱེལ་མ་བྱས། ཀོ་ཕྲེང་རྒྱལ་བོ་སློབ་དཔོན་ལ་འཐམས་ཏེ་ངུས་པས་སློབ་དཔོན་གྱིས་ཀྱང་སྤྱན་ཆབ་མང་དུ་བསིལ། དེར་ཡོད་བློན་འབངས་དང་བཅས་པས་ཀྱང་ཚུལ་དེ་མཐོང་བས་སྐད་ཕྱུང་སྟེ་ངུས་སོ།། དེ་ལྟར་དཔོན་སློབ་རྣམས་གྱེས་བྲལ་གྱི་གདུངས་པའི་སྨྲེ་ངག་ཆེས་ཆེར་བཏོན་པས་གྲོང་ཁྱེར་ཕྱི་རོལ་གྱི་རི་ལུང་གི་ལྷིང་འཇགས་ཡོངས་སུ་དཀྲོགས། དེ་ནས་རྒྱལ་བོས་བཙུན་མོ་འབངས་འཁོར་དང་བཅས་པ་རྣམས་སླར་གྲོང་ཁྱེར་གྱི་ནང་ལ་ལོག་ཏུ་བཅུག རྒྱལ་བོ་རང་ཉིད་བློན་ཆེན་ཁ་ཤས་དང་བཙུན་པ་འགའ་ཞིག་དང་བཅས་ཏེ་རྟ་ལ་ཞོན་ནས་ལེ་བར་བཅུ་ཙམ་གྱི་བར་དུ་སློབ་དཔོན་ལ་སྐྱེལ་མ་བྱས། དེ་ནས་ཤིན་ཏུ་འཁྲེང་ཞིང་འབྲལ་མི་བཟོད་ཀྱང་ཅིས་ཀྱང་འབྲལ་དགོས་པ་ཆོས་ཉིད་དུ་སོང་བས་སེམས་སྐྱོ་ལྷང་ངེར་སླར་ལོག་གོ །

    སྨྲས་པ།

བླ་མར་དད་ཀྱང་དད་ཚུལ་མ་ཤེས་ན། །

དད་པ་དེས་ཀྱང་བླ་མའི་ཐུགས་དགོངས་དཀྲུགས། །

རང་བཞིན་བཟང་ཡང་མཐོན་པོའི་སྣང་བ་དེས། །

རང་གཞན་ཕུང་ལ་སྦྱར་བ་མང་བོ་ཡོད། །

 

རྒྱལ་བོའི་བཙན་གཏམ་རྫིག་པའི་ཉམས་འགྱུར་གྱིས། །

ཕལ་བ་དག་གི་སྙིང་ལ་འཇིགས་བསྐྱེད་ཀྱང་། །

ཆོས་ཀྱི་དོན་དུ་ཅི་ཡང་གཏོང་ཕོད་པའི། །

དམ་པ་འདི་འདྲ་དེ་ལྟས་ག་ལ་ཞུམ། །

 

འགྱུར་མེད་རྡོ་ལ་བྲིས་པའི་རི་མོ་བཞིན། །

ཐོག་མའི་དམ་བཅས་མི་ལྷོད་སྙིང་སྟོབས་དེས། །

ང་རྒྱལ་དབུགས་ཀྱིས་ཁེངས་པའི་གྲོད་རིལ་ཡང་། །

ཡོངས་སུ་བརྟོལ་ནས་ཞབས་ཟུང་གཙུག་ཏུ་བླངས། །

 

དད་པ་མེད་པའི་སློབ་མ་གཡོ་ཅན་དང་། །

ལྷག་བསམ་མེད་པའི་བླ་མ་སྒྱུ་ཅན་གཉིས། །

འཕྲད་ན་རྣམ་དག་ཆོས་ཀྱང་ངན་སོང་གི །

རྒྱུ་རུ་གྱུར་བའི་འཆད་ཉན་བྱེད་པའང་མང་། །

 

འོན་ཀྱང་དད་དམ་གཙང་བའི་སློབ་མ་དང་། །

ཐུགས་རྒྱུད་ཆོས་ཀྱིས་ཕྱུག་པའི་བླ་མ་གཉིས། །

འཛོམས་ན་རྣམ་དག་ཆོས་ཀྱི་འཆད་ཉན་གཡང་། །

རང་གཞན་འདི་ཕྱིར་ཤིས་པའི་དཔལ་དུ་འགྱུར། །

 

ཤར་ཕྱོགས་མ་ཧཱ་ཙི་ནའི་སློབ་དཔོན་དང་། །

ནུབ་ཕྱོགས་ཀོ་ཕྲེང་ཡུལ་གྱི་རྒྱལ་བོ་གཉིས། །

ཆོས་ཀྱིས་འཕྲད་དུ་བཅུག་ཅིང་ཆོས་ཀྱི་ཕྱིར། །

གྱེས་བྲལ་གདུངས་པའི་དབྱངས་འདིས་མཆི་མ་ཕྱུང་། །

ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

---  མུ་འགོད། ---


རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23623629
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།