༡༩ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༩ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༩ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-07-18ལྟ་ཀློག (2538)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  ༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

   བཛྲ་ཚུལ་ཁྲིམས་རྒྱ་མཚོ། 

    སློབ་དཔོན་རྨད་བྱུང་གཟི་བརྗིད་ནུབ་ཕྱོགས་ཡུལ་དུ་ཕེབས་རྒྱུ་ཡིན་པའི་གཏམ་དང་གནས་ཚུལ་ནི་སྔར་ལིང་ཇུའི་ཡུལ་དུ་སླེབས་པ་ནས་བཟུང་ནུབ་ཕྱོགས་ཀྱི་ཡུལ་ཁམས་སོ་སོར་ཡོངས་སུ་ཁྱབ་ཟིན་པས་ཡེས་ཝུའུ་ཞེས་པའི་ཡུལ་འདིར་ཐོན་དུས་འཚམས་ཞུ་བ་དང་མཇལ་བ་ཧ་ཅང་མང་ལ། ཐ་ན་ཡེས་ཝུའུ་ཡུལ་གྱི་རྒྱལ་བོ་ཡང་འཚམས་ཞུར་ཕེབས་པར་མ་ཟད། སློབ་དཔོན་ཕོ་བྲང་དུ་གདན་འདྲེན་བྱས་ཤིང་གུས་པ་ཆེན་པོས་བསྙེན་བཀུར་བྱས།

    དེ་ཡང་འཇམ་མགོན་ས་སྐྱ་པཎྚི་ཏས། 

ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། 

མ་བསྡུས་པར་ཡང་རང་ཉིད་འདུ། ། 

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། 

བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ། 

ཞེས་གསུངས་པ་ནི་ཇི་འདྲའི་མད་པ་ལ་ཨང་། སློབ་དཔོན་འདི་བ་ཚང་གིས་རང་ཉིད་གཏན་ནས་ཁྱབ་བསྒྲགས་མ་མཛད། གཞན་དག་འབད་པས་ཚུར་བསྡུ་བའི་ཐབས་ཀྱང་གཏན་ནས་བྱེད་ཀྱིན་མེད་མོད། འོན་ཀྱང་མི་རིགས་དང་སྐད་རིགས་མི་གཅིག་པ། དབང་བོ་དང་མོས་པ་མི་འདྲ་བ། ཐོབ་ཐང་དང་མཐོ་དམན་མི་མཚུངས་པའི་མི་མང་བོས་སློབ་དཔོན་ཡུལ་འདིར་ཕེབས་ཡོད་པ་ཐོས་འཕྲལ་འཚང་ཁ་ཞིག་ཞིག་གིས་མཇལ་དུ་འོངས། དེར་མ་ཟད། ཀོ་ཕྲེང་རྒྱལ་ཁབ་ (高昌ཀྱི་རྒྱལ་བོ་ཆུས་བིན་ཐེ་ (麴文泰ཞེས་བྱ་བས་ཀྱང་ཐོས་ཏེ་ཕོ་ཉ་མངགས་ཤིང་འཚམས་ཞུ་དང་ཅིས་ཀྱང་ཕེབས་དགོས་པའི་སྙན་གསལ་ཡང་ཕུལ།    

    སློབ་དཔོན་ཡེས་ཝུའུ་ནས་ཉིན་བཅུ་ཕྲག་ལྷག་བཞུགས་པ་ན། ཀོ་ཕྲེང་རྒྱལ་བོས་མངགས་པའི་གདན་ཞུ་བ་སླེབས་ཏེ་མཇལ་ཁ་ཞུས། སྤྱིར་ཡིན་ན་ཀོ་ཕྲེང་བརྒྱུད་ནས་ཕེབས་རྒྱུའི་འཆར་གཞི་མེད་མོད། འོན་ཀྱང་ཡུལ་དེའི་རྒྱལ་བོས་ཡང་ཡང་ནན་གྱིས་ཞུས་པས་ངོ་མ་བཟློག་པར་དེར་མི་ཕེབས་ག་མེད་དུ་གྱུར། ཕེབས་པའི་ཚེ་ན་ཡང་ཀོ་ཕྲེང་གི་རྒྱལ་བོའི་ཕོ་ཉས་མདུན་ནས་བསུས་ཤིང་། ཡེས་ཝུའུ་རྒྱལ་ཁབ་ཀྱི་མི་ཡིས་གཞུག་ནས་སྐྱེལ་མ་བྱས་པ་སོགས་ཤིན་ཏུ་གཟབ་རྒྱས་ཆེ་བ་ཞིག་ཏུ་གྱུར། ཉིན་དྲུག་ཙམ་ཕེབས་པ་ན་ཀོ་ཕྲེང་གི་མཐའ་མཚམས་ཀྱི་པེ་ལིས་མཁར་(白力城)ཞེས་པར་སླེབས། འདི་ནི་དེང་སང་གི་གི་ཞིན་ཅང་ཐུའུ་ལུའུ་ཧྥན་ (吐鲁番ཞེས་པ་དེ་ཡིན་པར་འདུག དེ་ཡང་ཐུའུ་ལུའུ་ཧྥན་ (吐鲁番ཞེས་པ་ནི་ཡུ་གུར་ (维吾尔语གྱི་སྐད་དེ། དམའ་སའམ་གཤོང་ས་ (低地ཞེས་པའི་དོན་དུ་བཤད་པ་མཐོང་ལ། དེ་ཡིན་ནམ་སྙམ་སྟེ། འདི་ནི་ས་གཤིས་ཧ་ཅང་དམའ་ས་ཞིག་ཡིན་པའི་ཕྱིར་ཏེ། མཚོ་ངོས་ནས་ཀྱང་སྨིད་བརྒྱ་དང་ལྔ་བཅུ་ང་བཞི་ཙམ་གྱིས་དམའ་བར་བཤད་པའི་ཕྱིར་རོ།། འོན་ཀྱང་པེ་ལིས་མཁར་ (白力城ཞེས་པ་འདིའི་ཤུལ་དངོས་དེ་ད་ལྟའི་ས་གནས་གང་ན་ཡོད་པ་ངོས་ཟིན་དཀའ་ཡང་། ཧྥིན་ཁྲིན་ཅུན་(冯承钧)གྱིས་བྲིས་པའི་ནུབ་ཡུལ་གྱི་ས་མིང་ (西域地名ཞེས་པ་ལྟར་ན། ད་ལྟའི་ཞིན་ཅང་གི་ཧྲན་ཧྲན་རྫོང་ (新疆鄯善县ཟེར་བ་འདི་ཡིན་པ་འདྲའོ།།     

    སྤྱིར་ཡིན་ན་སློབ་དཔོན་གྱིས་གནས་དེར་ངལ་གསོ་མཛད་དགོས་པར་དགོངས་མོད། འོན་ཀྱང་སྲོད་ཀྱི་དུས་སུ་ཆེད་དུ་བསུ་མར་འོངས་པའི་ཀོ་ཕྲེང་རྒྱལ་བོའི་ཕོ་ཉ་དང་བློན་པོ་དག་གིས། འདི་ནས་རྒྱལ་བོའི་ཕོ་བྲང་ལ་ཧ་ཅང་ཐག་རིང་རྒྱུ་མེད། རྒྱལ་བོ་ཁྱེད་ལ་མཇལ་འདོད་ནི་ཇི་ལྟར་སྐོམ་པས་གདུངས་པའི་མི་ཆུ་ལ་རེ་བ་ལྟར་མྱུར་དུ་མཇལ་ཐུབ་ན་ཅི་མ་རུང་སྙམ་དུ་རེ་བསྒུག་བྱས་ནས་བཞུགས་ཡོད་པས། ཅིས་ཀྱང་ཁྱེད་ཀྱིས་ཐུགས་རྗེ་གཟིགས་ནས་ཕེབས་རོགས་གནོང་ཞེས་ནན་གྱིས་ཞུས་པས་ཆེས་ཆེར་ངལ་ཞིང་དུབ་ནའང་དེ་དག་གི་རེ་འདོད་ལྟར་ཕེབས་པས་མཚན་ཕྱེད་ཙམ་ན་རྒྱལ་སར་སླེབས་སོ།།    

    རྒྱལ་བོས་སློབ་དཔོན་དེར་སླེབས་པ་ཐོས་པས་རབ་ཏུ་དགའ་ཞིང་མཁར་སྒོ་ཆེར་ཕྱེ་སྟེ་མཁར་ནང་དུ་སྤྱན་འདྲེན་བྱེད་དགོས་པའི་བཀའ་བསྒྲགས། སློབ་དཔོན་མཁར་ནང་དུ་སླེབས་པ་ན། སྒྲོན་མེ་གྲངས་མེད་པ་བསྒྲོན་ནས་མཁར་ནང་གི་ཁོར་ར་ཁོར་ཡུག་ཡོངས་སུ་རྫོགས་པ་ཉིན་དཀར་ལྟར་སྣང་བར་བྱས་ཤིང་། རྒྱལ་བློན་བཙུན་མོ་གཡོག་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་སྒྲོན་མེ་བཏེགས་ཏེ་བསུ་མ་ལ་ཕེབས། རྒྱལ་བོ་རང་ཉིད་དངོས་སུ་ཕེབས་ཏེ་ཤིན་ཏུ་གུས་པ་དང་བཅས་སློབ་དཔོན་རྟ་ལས་བབ་པ་ན་ཕྱག་ནས་བསྐྱོར། རྒྱུ་སྤུས་ཤིན་ཏུ་བཟང་ཞིང་བཀོད་པ་ཧ་ཅང་ལེགས་པའི་མགྱོགས་བྱམས་ལ་བཞུགས་སུ་གསོལ་ཞིང་། སིལ་སྙན་རོལ་མོ་བསམ་གྱིས་མི་ཁྱབ་པ་དང་བཅས་རྒྱལ་བོའི་ཕོ་བྲང་དུ་སྤྱན་དྲངས་ནས་རིན་པོ་ཆེའི་ཁྲི་ལ་བཞུགས་སུ་གསོལ། དེ་ནས་རྒྱལ་བློན་བཙུན་མོ་འཁོར་དང་བཅས་པ་ཡོངས་སུ་རྫོགས་པས་མཇལ་ཁ་ཞུས་ཤིང་བཀུར་བསྟི་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་ཞིག་སྔར་སུ་ལའང་བྱེད་མ་མྱོང་བར་གྲགས། དེ་ནས་ཀོ་ཕྲེང་རྒྱལ་བོས་ཤིན་ཏུ་གུས་པའི་ཉམས་དང་བཅས་ཏེ། བདག་གིས་ཁྱེད་ཀྱི་མཚན་ཐོས་པ་ནས་བཟུང་སྟེ་ཡིད་རབ་ཏུ་དགའ་ཞིང་། ཉིན་དཀར་གྱི་ཟས་དང་མཚན་མོའི་གཉིད་ཀྱང་མི་དྲན་པར་ནམ་ཞིག་ན་མཇལ་དུ་འོང་སྙམ་ནས་རེ་བསྒུག་བྱས་ནས་བསྡད་པ་ཡིན་ལགས། ཁྱད་པར་དུ་དོ་དགོང་འདིར་སླེབས་ཐུབ་པའི་གཏམ་དང་གནས་ཚུལ་ཐོས་པས། ངེད་ཅག་རྒྱལ་བློན་བཙུན་མོ་འཁོར་དང་བཅས་པ་ཐམས་ཅད་མ་ཉལ་བར་སྤོས་སྒྲོན་པ་དང་མདོ་འདོན་བཞིན་མདུན་བསུ་བའི་ཕྱིར་བསྒུག་ནས་བསྡད་པ་ཡིན་ལགས་ཞེས་ཞུས་པས་སློབ་དཔོན་ཡང་ཐུགས་རབ་ཏུ་མཉེས་སོ།།

    དེ་ཡང་མི་རིགས་གང་ཞིག་ཡིན་ཡང་རུང་། དུས་སྐབས་ནམ་ཞིག་ཡིན་ཡང་ཆོག རང་གི་མིས་རང་གི་མི་ཕལ་ཆེར་མི་བརྩི་ཞིང་མི་བཀུར། རྒྱུ་མཚན་ཡང་དེ་ཙམ་གསལ་བོ་མི་ཤེས་པའི་མཁས་པར་གྲགས་པ་དང་དམ་པར་གྲགས་པ་གཞན་ཞིག་ཕེབས་ན་མཁས་མི་མཁས་དང་དམ་མི་དམ་ལ་དཔྱོད་པ་ཡང་ཆེར་མི་བྱེད་པར་ཡུད་ཙམ་ལ་གོང་དུ་བཀུར། དོན་དངོས་གནས་ལ་མཁས་པ་ཞིག་ཡིན་ནའང་རང་ཡུལ་ལས་གཞན་ན་བཀུར་མཁན་མང་བར་འགྱུར་ཏེ། ཇི་སྐད་དུ་འཇམ་མགོན་ས་སྐྱ་པཎྚི་ཏས། 

མཁས་པ་རང་གི་ཡུལ་ལས་ཀྱང་། །

ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །

ནོར་བུ་གཞན་དུ་བྲིན་པ་ཙམ། །

རྒྱ་མཚོའི་གཏིང་དུ་ག་ལ་བྲིན། །

ཞེས་གསུངས་པ་ནི་ཤིན་ཏུ་མད་པར་འདུག་གོ།

    འདིར་ཀོ་ཕྲེང་རྒྱལ་ཁབ་ཅེས་པ་འདི་ཅུང་ཙམ་ངོ་སྤྲོད་བྱེད་དགོས་པར་འདུག་སྙམ་མོ།། དེ་ཡང་སྤྱི་ལོའི་དུས་རབས་ལྔ་བའི་སྨད་དཀྱིལ་ནས་དུས་རབས་བདུན་པ་ཡས་མས་སུ། ཧི་ལོན་ (河陇ཕྱོགས་ནས་མཆེད་ཅིང་རིམ་པར་འཁྱམས་ཏེ་སོང་བའི་རྒྱ་མི་སྐོར་ཞིག་དེང་སང་གི་ཞིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་འདིར་སླེབས་ཏེ་རྒྱལ་ཕྲན་ཞིག་བཙུགས་པ་ལ་ལོ་རྒྱུས་རྣམས་སུ་ཀོ་ཕྲེང་ཞེས་གྲགས་སོ།། འདིར་ཧི་ལོན་ (河陇ཞེས་པ་ནི། གནའ་བོའི་ས་མིང་ཞིག་སྟེ། ཕལ་ཆེར་སྔོན་དུས་ཀྱི་རྨ་ནུབ་དང་ལོན་གཡས་ (河西与陇右ཏེ། དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ནུབ་ཁུལ་ཀྱི་ཆར་གཏོགས་པ། ཏུན་ཧོང་ (敦煌དང་། ཅཱ་ཡུས་འགག་(嘉峪关)གམ་ལུང་བཟང་འགག་དང་། ཝུའུ་ཝེའམ་འགུ་ཚང་ (武威དང་། ཅིན་ཁྲང་ (金昌དང་། འབྲོང་ཡུལ་ (张掖དང་། ཅུའུ་ཆོན་ (酒泉དང་བཅས་པའི་ཡུལ་ལ་ཟེར་བར་མངོན་ནོ།། འོན་ཀྱང་ཀོ་ཕྲེང་གི་རྒྱལ་བོ་ཆུས་བིན་ཐེ་ནི་རྨ་ནུབ་གསེར་མཁར་གྲོང་ཁྱེར་གྱི་ནུབ་ཀྱི་ཆ་སྟེ། དེང་སང་ཡུས་ཀྲུང་རྫོང་ (榆中县དུ་གྲགས་པ་འདི་ནས་ཕར་མཆེད་པའི་རྒྱ་རིགས་ཡིན་པར་བཤད་དོ།།

    དེ་ཡང་ཀོ་ཕྲེང་ཞེས་པའི་རྒྱལ་ཕྲན་འདི་ལ་རུས་མི་གཅིག་པའི་རྒྱལ་རབས་བཞི་བྱུང་བར་མངོན་ཏེ། རུས་ཁན་ (ཅན་དང་། རུས་ཀྲང་ (ཅན་དང་། རུས་མཱ་ (ཅན་དང་། རུས་ཆུས་ (ཅན་རྣམས་བྱུང་བས་སོ།། དེ་ལས་རུས་སྔ་མ་གསུམ་གྱིས་ལོ་བཞི་བཅུར་དབང་བསྒྱུར་ལ། རུས་བཞི་བའི་ཆུས་ཅཱ་ (麴嘉ཞེས་བྱ་བའི་མི་ཞིག་གིས་སྤྱི་ལོ་ལྔ་བརྒྱ་ཐམ་པའི་ལོར། རྒྱལ་ཕྲན་འདི་ལ་དབང་བསྒྱུར་བ་དང་། ཐང་གུར་གྱི་གོང་མ་ཐེ་ཙོང་གི་དྲིན་བཀྭན་སྲིད་ལོ་བཅུ་བཞི་བ་ (贞观十四年སྟེ། སྤྱི་ལོ་དྲུག་བརྒྱ་བཞི་བཅུ་ཐམ་པའི་ལོར་ནུབ་པར་བཤད་པས། དེ་ལ་རྒྱལ་བོ་བཅུ་བྱུང་ཞིང་ལོ་ངོ་བརྒྱ་དང་བཞི་བཅུ་ཞེ་གཅིག་གི་ཡུན་ལ་གནས་པར་མངོན་ལ། ཆུས་བིན་ཐེ་ཟེར་བའི་རྒྱལ་བོ་འདི་ནི་ཀོ་ཕྲེང་དུ་ཆུས་ཀྱི་རུས་ལས་བྱུང་བའི་རྒྱལ་བོ་བཅུ་བ་ཡིན་ནོ།། སློབ་དཔོན་རྨད་བྱུང་གཟི་བརྗིད་ཀོ་ཕྲེང་དུ་ཕེབས་པའི་དུས་ནི་དྲིན་བཀྭན་སྲིད་ལོ་བཞི་བ་སྟེ། སྤྱི་ལོ་དྲུག་བརྒྱ་སུམ་ཅུ་ཐམ་པའི་ལོ་ཡིན་པར་བཤད་དོ།།

    ད་དུང་ཤེས་རྒྱུ་ཞིག་ལ། ནུབ་ཀྱི་ཀོ་ཕྲེང་ཞེས་པའི་རྒྱལ་ཁབ་འདི་ནི། རྒྱ་ནག་དབུས་ཁུལ་གྱི་རིག་གནས་དང་ནུབ་ཡུལ་རིག་གནས་གཉིས་འདྲེས་ཤིང་འདུས་ནས་ཡོད་པའི་ཡུལ་ཁམས་ཤིག་རེད། ཡུལ་འདིའི་རྒྱལ་བོ་རྒྱ་རིགས་ཡིན་པར་མ་ཟད། འབངས་མི་ཡང་མང་བོ་ཞིག་རྒྱ་ཡུལ་ནས་མཆེད་དེ་འོངས་པ་ཡིན་པར་གྲགས་ལ། སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་དེར་ཕེབས་དུས་རྒྱལ་ཁབ་གཞུང་ཕྱོགས་ཀྱི་སྐད་རིགས་ཀྱང་རྒྱ་སྐད་ཡིན་པར་བཤད་དོ།། ཡུལ་འདི་སྔར་དར་གོས་འདྲེན་ལམ་གྱི་གནད་འགག་ཅིག་ཡིན་པས་ལམ་ཐིག་དེར་བརྒྱུད་པའི་ཚོང་བ་དག་གིས་འདི་ནས་ཁྲལ་འཇལ་དགོས་པས་ཁྲལ་བསྡུའི་ཡོང་འབབ་དང་ས་གནས་ཐོན་རྫས་ལ་བརྟེན་ནས་ཡུལ་འདི་ཅུང་དར་བར་བཤད་དོ།།     

    ཀོ་ཕྲེང་ཞེས་པའི་རྒྱལ་ཁབ་དེ་ནུབ་པར་གྱུར་ཀྱང་མཁར་རྙིང་གི་གནའ་ཤུལ་ད་ལྟའང་མཐོང་རྒྱུ་ཡོད་ལ། ཡེས་ཝུའུ་གནའ་མཁར་ནི་ཧ་མེས་གྲོང་ཁྱེར་རྒྱ་བསྐྱེད་ནས་འཛུགས་བསྐྲུན་བྱེད་སྐབས་ཡོངས་སུ་བསྣུབས་ཟིན་མོད། འོན་ཀྱང་ད་ལྟའི་ཧ་མེས་གྲོང་ཁྱེར་ལིའུ་ཧྲུའུ་ཆོན་ཞིང་ར་པེ་དབྱང་ལུང་གཞུང་སྡེ་ (哈密市柳树泉农场白杨沟村བའི་ཤར་གྱི་སྤྱི་ལེ་གཅིག་ཙམ་གྱི་སར་པེ་དབྱང་ལུང་གཞུང་གི་ནང་བསྟན་དགོན་ཤུལ་ (白杨沟佛寺遗址ཞེས་པ་ཞིག་ཡོད་པ་དེ་ཡེས་ཝུའུ་གནའ་མཁར་ཟེར་བ་ཞིག་བྱུང་མྱོང་བའི་ཆེས་མཐའ་མཇུག་གི་བདེན་དཔང་ལྟ་བུར་གྲུབ་ཡོད། འདི་དག་ལ་བརྟེན་ནས་འགྱུར་ལྡོག་མང་བོ་ཞིག་ཤེས་རྒྱུ་ཡོད་པས་ངས་ཞར་བྱུང་དུ་བཤད་པ་ཡིན་ནོ།།

    ད་ནི་སླར་ཡང་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལྟར་ཀོ་ཕྲེང་གི་རྒྱལ་བློན་བཙུན་མོ་འབངས་འཁོར་དང་བཅས་པ་ཐམས་ཅད་ཀྱིས་དགའ་བསུ་ཆེན་པོས་བསྙེན་བཀུར་བྱས་པས་སྐྱ་རེངས་མགྱོགས་ཉེ་བ་ཙམ་ན། ད་གཟོད་སློབ་དཔོན་གཟིམ་མལ་དུ་ཕེབས་ནས་ངལ་གསོ་མཛད་དོ།། དེ་ཡང་འདིར་སླེབས་རག་གི་བར་དུ་ཕྱི་མིག་ཅིག་བལྟས་ན། ཐོག་མར་གཞུང་ཕྱོགས་ཀྱི་ཆོག་མཆན་དང་ལམ་ཡིག་ཀྱང་མ་ལོན་པར་གྲོགས་མེད་ཁེར་རྐྱང་དུ་ལམ་ལ་ཆས་ཤིང་། བྲོས་བཤོལ་གྱི་མིང་ངན་ཁུར་ནས་ཉིན་དཀར་བསྐུང་ཞིང་མཚན་མོར་ལམ་ལ་ཆས་ཏེ་ཕེབས། དེ་ནས་མ་ཧཱ་ཡན་ཆིས་སམ་༼རྒྱའི་ཚིག་མཛོད་འགའ་ཞིག་ཏུ་(莫贺延碛)མོ་ཧི་ཡན་ཆིས་པ་ཞེས་པ་འདི་ལེགས་སྦྱར་དང་རྒྱ་སྐད་འདྲེས་མ་ཡིན་པར་བཤད་ཅིང་། མོ་ཧི་ཞེས་པ་ཆེན་པོའམ་ཡངས་པ་ལ་འཇུག་པར་བཤད་པ་ལྟར་ན་མོ་ཧི་ཞེས་པ་མ་ཧཱ་ཡིན་ནམ་སྙམ་མོ།།༽བྱེ་ཀླུང་ཆེན་མོ་ལྟ་བུའི་ཤི་གསོན་གྱི་ས་མཚམས་བརྒལ་ནས་འདིར་སླེབས་པ་ན། གློ་བུར་དུ་ཆེས་དགའ་བསུ་བྱེད་ས་དང་། ཆེས་གུས་བཀུར་བྱེད་ས་དང་། ཆེས་གལ་ཆེན་རྩ་ཆེན་གྱི་མི་སྣ་དང་། ཀུན་གྱི་སྤྱི་གཙུག་གི་ཉི་མ་ལྟར་གྱུར་སོང་བས། མི་གཅིག་ཉིད་ཡུལ་ལུང་མི་གཅིག་པའམ། ཁོར་ཡུག་མི་གཅིག་པའམ། མོས་པ་མི་གཅིག་པའི་མིའི་སྣང་ངོ་དང་བསྟུན་ནས་གདེང་འཇོག་དང་ཐོབ་ཐང་གཏན་མི་གཅིག་པར་འགྱུར་བ་འདི་ཡང་སེམས་ཙམ་པའི་ཕྱི་དོན་དུ་མ་གྲུབ་པར་བཞེད་པ་དང་། དབུ་མ་རང་བརྒྱུད་པའི་བདེན་པར་མ་གྲུབ་པར་བཞེད་པ་དང་། དབུ་མ་ཐལ་འགྱུར་བའི་རང་བཞིན་གྱིས་མ་གྲུབ་པ་དང་རང་ངོས་ནས་མ་གྲུབ་པ་དང་རང་མཚན་གྱིས་མ་གྲུབ་པར་བཞེད་པའི་ལྟ་བ་སོགས་ལ་སྦྱར་ནས་དཔྱད་ན་ཤེས་རྒྱུ་དང་སེམས་ལ་འབབ་རྒྱུ་མང་བོ་ཞིག་འདུག་སྙམ་མོ།།

    ཕྱི་ཉིན་ཞོག་པ་སྔ་མོར། སློབ་དཔོན་ཡར་མ་བཞེངས་གོང་ནས་རྒྱལ་བློན་བཙུན་མོ་འཁོར་དང་བཅས་པ་གཟིམ་ཁང་གི་སྒོ་དྲུང་དུ་འོངས་ཏེ་བསྒུག་ནས་བསྡད། བཞེངས་པ་དང་ཐམས་ཅད་ཀྱིས་མཇལ་ཁ་ཞུས་ཞིང་རྒྱལ་བོས་སློབ་དཔོན་ལ། བྱེ་ཐང་ནི་ཕ་མཐའ་མེད་ཅིང་བར་ཆད་མང་ལ་ཤིན་ཏུ་བགྲོད་དཀའ་བ་དེ་ལྟ་ལགས་ལ། སློབ་དཔོན་ཁྱེད་མི་རྐྱང་རྟ་རྐྱང་དུ་ཕེབས་པ་འགལ་རྐྱེན་སྣ་ཚོགས་ཀྱིས་མ་ཚུགས་པར་ཐར་ནས་འདིར་སླེབས་པ་ནི་ཇི་ལྟར་བསམས་ནའང་ཆེས་ཤིན་ཏུ་ངོ་མཚར་བ་ཞིག་གོ་ཞེས་བསྟོད་ཅིང་མཆི་མ་དབང་མེད་དུ་བཞུར། གསོལ་ཇ་ལེགས་པར་དྲངས་ཤིང་གྲུབ་པ་ན། རྒྱལ་བོ་རང་ཉིད་ཀྱིས་སློབ་དཔོན་གདན་དྲངས་ཏེ་ཕོ་བྲང་གི་ཉེ་འགྲམ་ན་སྒོམ་གྲྭ་ཞིག་ཡོད་པ་དེར་བཀོད་སྒྲིག་བྱས་ཤིང་། སྔར་ཐང་གི་རྒྱལ་ས་ཁྲང་ཨན་དུ་སློབ་གཉེར་ལ་ཕེབས་མྱོང་བའི་ཀོ་ཕྲེང་གི་བཙུན་པ་མཁས་ཤིང་མིང་གྲགས་ཡོད་པའི་ཐུའན་ (彖法师ཞེས་པའང་རྒྱལ་བོས་ཁྲིད་དེ་འོངས་ནས་སློབ་དཔོན་ལ་མཇལ་དུ་བཅུག དེར་མ་ཟད་དགུང་ལོ་བརྒྱད་ཅུ་ལྷག་བཞེས་པའི་ཀོ་ཕྲེང་གི་སློབ་དཔོན་གོ་ཐོན་ཝང་ (国统王法师ཞེས་པའང་སློབ་དཔོན་རྨད་བྱུང་གཟི་བརྗིད་དང་མཇལ་འཛོམས་བྱེད་དུ་བཅུག་ཅིང་། ནུབ་ཕྱོགས་ལ་མི་ཕེབས་པར་འདི་ནས་རྒྱལ་བོའི་དབུ་བླར་བཞུགས་དགོས་པའི་རེ་བ་རྣམས་ཐབས་ཀྱིས་ཞུ་རུ་བཅུག་མོད་སློབ་དཔོན་གྱིས་ཞལ་གྱིས་མ་བཞེས་སོ།།

    ཉིན་བཅུ་ཕྲག་ལྷག་ཙམ་སོང་བ་ན། སློབ་དཔོན་ཕེབས་པའི་གྲབས་བྱེད་པ་ལ་རྒྱལ་བོས། ཉིན་འགའི་སྔོན་དུ་སློབ་དཔོན་གོ་ཐོན་ཝང་ཚང་གིས་བདག་གི་རེ་འདོད་རྣམས་ཁྱེད་ལ་ཆེད་དམིགས་ཀྱིས་ཞུས་ཡོད་མོད། ཁྱེད་ཀྱི་ཐུགས་དགོངས་ཇི་ལྟར་ཡིན་ལགས་ཞེས་ཞུས། སློབ་དཔོན་གྱིས། རྒྱལ་བོ་ལ་དེ་འདྲའི་ཐུགས་དགོངས་ཡོད་པ་ནི་ཤིན་ཏུ་བཀའ་དྲིན་ཆེ། འོན་ཀྱང་དེ་ནི་བདག་གི་རྩ་བའི་དམ་བཅའ་དང་མི་མཐུན་པས་བཀའ་དང་དུ་ལེན་མི་ཐུབ། ཅིས་ཀྱང་དགོངས་འགལ་མེད་པར་ཞུ་ལགས་ཞེས་གསུངས། རྒྱལ་བོས། བདག་སྔར་ཡབ་རྒྱལ་བོ་དང་ལྷན་དུ་ཁྱེད་ཅག་གི་རྒྱལ་ཁབ་ལ་འགྲོ་མྱོང་ལ། སུའེ་རྒྱལ་བོ་ནས་ཤར་ནུབ་གཉིས་སུ་གྱེས་པའི་སློབ་དཔོན་མང་བོ་ལའང་མཇལ་མྱོང་མོད། འོན་ཀྱང་ཁྱེད་ཀྱི་མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོས་པ་འདི་ལྟ་བུ་ཞིག་སུ་ལའང་དད་པ་སྐྱེས་མ་མྱོང་ལགས་ན། ད་འདིར་སླེབས་པས་ཅིས་ཀྱང་བདག་གི་མཆོད་གནས་སུ་བཞུགས་པར་མཛོད་ལ། བདག་ཅག་འབངས་འཁོར་དང་བཅས་པ་ཐམས་ཅད་ཀྱི་མགོན་སྐྱབས་དང་ལེགས་ཉེས་བླང་དོར་སྟོན་པའི་སྟོན་པ་མཛོད་ཅིག ད་ནི་ནུབ་ཕྱོགས་རྒྱ་གར་ལ་ཕེབས་རྒྱུའི་ཐུགས་བཞེད་དེ་འདོར་དུ་གསོལ་ལགས་ཞེས་ནན་གྱིས་ཞུས།  

    དེའི་ལན་དུ་སློབ་དཔོན་གྱིས། རྒྱལ་བོ་ཆེན་པོས་དེ་ལྟར་བདག་ལ་མཐོང་ཆེན་དང་བཀུར་བསྟི་གནང་བ་ནི་ཤིན་ཏུ་བཀའ་དྲིན་ཆེ་ལགས། འོན་ཀྱང་བདག་ད་རེས་ནུབ་ཕྱོགས་སུ་འོངས་པ་མཆོད་བཀུར་ཐོབ་པའི་ཆེད་མིན། ངའི་ཕ་ཡུལ་གྱི་རྒྱལ་ཁབ་དེ་ན་སྤྱིར་བཀའ་དང་བསྟན་བཅོས་ཉུང་བ་དང་། དེའི་བསྟན་དོན་དེ་ཙམ་མི་རྒྱས་པ་དང་མི་གསལ་བ་ཡང་མང་བས་ན་དེའི་དོན་ལ་ཐེ་ཚོམ་དང་རྩོད་པའང་མང་དུ་ཡོད་པས། ཇི་ལྟར་སྔོན་དུས་སུ་གཞོན་ནུ་ནོར་བཟང་གིས་ཆོས་ཀྱི་ཟབ་དོན་ཤེས་པར་བྱ་བའི་ཕྱིར་ཕྱོགས་བཞིར་དགེ་བའི་བཤེས་གཉེན་འཚོལ་དུ་ཕེབས་པ་ལྟར་བདག་ཀྱང་འདི་ལྟར་དཀའ་སྤྱད་དང་འཇིགས་པ་ལ་མ་འཛེམས་པར་ནུབ་ཏུ་འོངས་པ་ཡིན་ལགས་པས། དམིགས་ཡུལ་དེ་འབད་པས་སྒྲུབ་པར་རིགས་ཀྱི། བར་ལམ་ཞིག་ནས་འདོར་དུ་ག་ལ་རུང་། རྒྱལ་བོ་ཆེན་པོས་བདག་གི་རེ་སྨོན་འདི་ལེགས་པར་དགོངས་ལ་བཀའ་ཕབ་པ་སླར་བཞེས་པར་མཛོད་ལགས་ཞེས་གསུངས།

    རྒྱལ་བོས་ད་དུང་ཨུ་ཚུགས་ཀྱིས། བདག་ནི་ཁྱེད་ལ་ཤིན་ཏུ་དད་པས་ཅིས་ཀྱང་མཆོད་གནས་སུ་བཞུགས་དགོས། ཙོང་ལ་རི་བོ་གཞན་དུ་སྤོ་ཡང་རུང་མོད། བདག་གི་བསམ་པ་འདི་ནམ་ཡང་འགྱུར་མི་སྲིད། ཁྱེད་ཀྱིས་ཀྱང་བདག་གི་འགྱུར་མེད་ཀྱི་དད་པ་དང་ལྷག་བསམ་ལ་ཐུགས་འཇགས་གནང་རོགས་ཞེས་སོགས་ཐབས་སྣ་ཚོགས་ཀྱིས་བཞུགས་དགོས་ཚུལ་ཞུས་ཀྱང་ཞལ་གྱིས་མ་བཞེས་པ་ན། རྒྱལ་བོ་འུ་ཐུག་ཅིང་ཁྲོས་ཏེ་སྐད་ཆེན་པོས། ད་ནི་བདག་གིས་ཐམས་ཅད་ལེགས་པར་བཀོད་སྒྲིག་བྱས་ཟིན་པས། ཁྱེད་ཕེབས་འདོད་ན་ཕེབས་རྐྱང་ག་ལ་ཡིན། འདི་ནས་ཅིས་ཀྱང་བཞུགས་དགོས། གལ་ཏེ་མི་བཞུགས་ན་བདག་གིས་སློབ་དཔོན་ཉིད་ཁྱེད་ཅག་གི་རྒྱལ་ཁབ་ལ་ཕྱིར་སྤྲོད་རྒྱུ་ཡིན། ཁྱེད་ཀྱིས་ཐུགས་བསམ་ལེགས་པར་བཞེས་རོགས། ངས་བལྟས་ན་བདག་ཅག་གི་རེ་བ་ལྟར་མཛད་ན་ལེགས་སྙམ་ཞེས་རྒྱལ་བོའི་བཙན་ཤུགས་བཀོལ་ལོ།།     

    སློབ་དཔོན་གྱི་ཐུགས་ཅུང་ཟད་ཀྱང་གཡོ་བ་དང་འཇིགས་པ་མེད་པར་རྒྱལ་བོ་ལ་སྨྲས་པ། ཞོན་ཙང་བདག་ནུབ་ཕྱོགས་སུ་འོངས་པ་ནི་ཆོས་འཚོལ་བ་འབའ་ཞིག་གི་ཆེད་དུ་ཡིན། གལ་ཏེ་ཁྱེད་ཀྱི་རྒྱལ་ཁབ་འདི་ནས་འགྲོར་མི་སྟེར་བར་བར་ཆད་བྱེད་འདོད་ན་ནི་འདོད་པ་ལྟར་གྱིས་ཤིག འོན་ཀྱང་ཁྱེད་ཀྱིས་འདི་ནས་འགོག་ཐུབ་པ་ནི་བདག་གི་རོ་དང་རུས་གཞི་ཙམ་ཡིན་གྱི། སེམས་དང་བསམ་པ་ནི་གཏན་ནས་འགོག་མི་ཐུབ་པོ་ཞེས་གྲོས་བསྡུར་ཙམ་ཡང་བྱེད་རྒྱུ་མེད་པའི་ཐ་ཚིག་བརྟན་པོ་བསྒྲགས་པར་མཛད་དོ།། འདི་ལྟར་ཆོས་འཚོལ་བའི་བློ་དེ་འདོད་ཡོན་སོགས་ཕྱིའི་རྒྱུ་འབྱོར་མངའ་ཐང་གིས་ཅུང་ཟད་ཀྱང་གཡོ་བ་མེད་པ་ནི་ངེས་པར་བསྟོད་ཅིང་བསྔགས་པར་འོས་པའི་ཡོན་ཏན་གྱི་ནང་གི་ཡོན་ཏན་ཞིག་ཡིན་པའང་ཤེས་དགོས་སོ།། ང་དང་ང་ལྟ་བུ་ཆོས་སྒྲུབ་མཁན་གྱི་གྲལ་ན་ཡོད་ཀྱང་ཆོས་རྣམ་དག་གཙང་སིང་ངེ་བ་གཅིག་ཀྱང་སྒྲུབ་ཀྱིན་མེད་པ། གཞན་དོན་སྒྲུབ་མཁན་གྱི་མིང་བཏགས་པ་རྣམས་ཀྱི་གྲས་སུ་ཡོད་ཀྱང་རང་དོན་ཡིད་བྱེད་ཀྱིས་མ་སྦགས་པའི་གཞན་དོན་གཙང་མ་གཅིག་ཀྱང་སྒྲུབ་ཐུབ་ཀྱིན་མེད་པར་མ་ཟད། རང་གི་སེམས་ཀྱི་འདོད་སྲེད་དྲག་པོའི་མགོ་མ་མནོན་པའི་སྐྱོན་མཚང་ཐམས་ཅད་གསང་ཞིང་སྦེད་པར་བྱ་བའི་ཆེད་དུ་ཆོས་སྒྲུབ་པའི་ཆ་རྐྱེན་དང་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་མཁོ་རབས་ཐབས་བརྒྱ་ཇུས་སྟོང་གིས་སྒྲུབ་པ་ལ་འབད་ཅིང་རང་མགོ་རང་གིས་གཡོག་བཞིན་བསྡད་ཡོད་པ་ལ་ལྟོས་དང་། ཡོན་ཏན་དེ་ཡོན་ཏན་གྱི་མཆོག་ཡིན་མིན་སེམས་ལ་འབབ་རྒྱུ་གསལ་བོ་ཞིག་ཡོད་དོ།།    

    དེ་ཡང་མཉམ་མེད་ཇོ་བོ་ཆེན་པོས། རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ།། བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། ། ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམ་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། ། འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱིར་ནོར་རྣམས་གཏེར་དུ་སྦོས། །

ཞེས་རྙེད་པ་དང་བཀུར་བསྟི་མང་ན་ཆོས་སྒྲུབ་པ་ལ་ཕན་མི་ཐོགས་པར་མ་ཟད། བདུད་ཀྱི་ཞགས་པ་ཐེབས་པ་ལྟར་ཐར་བའི་སྲོག་རྩ་གཅོད་བྱེད་དུ་འགྱུར་བའི་ཉེན་ཁ་ཡོད་པས་སྲང་ལམ་ནང་གི་རྡོ་བཞིན་སོལ་ཅིག་སྟེ་མེད་པར་བྱེད་དགོས་པར་གསུངས་པ་དང་། རང་ཅག་རྣམས་ནི་བསྟོད་པ་བྱེད་མཁན་ཇི་ཙམ་མང་ན་དེ་ཙམ་དགའ་ཞིང་སྙན་གྲགས་ཇི་ཙམ་རྒྱས་ན་མཛད་འཕྲིན་རྒྱས་པ་ཡིན་ཞེས་མིང་སྙན་མོ་རེ་འདོགས་པར་བྱེད་མོད། འོན་ཀྱང་དོན་དངོས་སུ་དེ་ནི་ཆོས་གཤའ་མ་སྒྲུབ་པའི་མཐུན་རྐྱེན་དུ་མི་འགྱུར་བར་མ་ཟད། ཐར་ལམ་སྒྲུབ་ཏུ་མི་སྟེར་བའི་བསླུ་བྲིད་ཡིན་པས། དེ་ལ་ཅུང་ཟད་ཀྱང་ཆགས་པ་མེད་པར་གྱིས་ལ་མཆིལ་སྣབས་སོགས་མི་གཙང་བ་རྣམས་མར་ཕྱགས་དར་གྱི་ཁྲོད་དུ་འཕེན་པ་ལ་སེར་སྣ་མེད་པ་ལྟར་འདོར་དགོས་པར་གསུངས་པ་ལྟར་ཡིན་པས། སྔོན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོ་དེ་ཉིད་ཀྱིས་རྒྱལ་སྲིད་ཀྱི་འབྱོར་བའང་མཆིལ་མའི་ཐལ་བ་བཞིན་དོར་ནས་རང་བྱུང་གི་བསྙེན་པར་རྫོགས་པ་དང་། བོད་ཀྱི་བཀའ་གདམས་གོང་མ་དེ་དག་ཐམས་ཅད་ཀྱང་འདོད་ཡོན་དང་འདུ་འཛི་སྤངས་ནས་གད་ཁུང་ནང་ནས་ཆོས་སྒྲུབ་པ་ཤ་སྟག་ཡིན་པ་ལྟར་སློབ་དཔོན་འདི་ཡང་འདོད་ཡོན་གྱིས་ཐུགས་ཅུང་ཟད་ཀྱང་གཡོ་བ་མེད་པ་འདི་ནི་ཇི་འདྲའི་ངོ་མཚར་བ་ལ་ཨང་། དེས་ན་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས།  

མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །

ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ། །

འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས། །

དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས། །

འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང་། །

ཞེས་གསུངས་པ་ལྟར་རང་ཅག་རྣམས་ཀྱིས་ཀྱང་ཆོས་སྒྲུབ་པའི་འགལ་རྐྱེན་ལ་མཐུན་རྐྱེན་དུ་མི་འཛིན་པར་དམ་པ་དེ་དག་གི་རྣམ་ཐར་བཞིན་དུ་ཆོས་ཀྱི་ཕྱིར་འཇིག་རྟེན་འདོར་ནུས་ན་ཇི་འདྲའི་དགའ་བ་ལ་ཨང་ཞེས་པ་ནི་ཞར་ལ་བཤད་པའོ།།

སུ་ལ་དམ་པའི་ཡོན་ཏན་ལྡན་ངེས་ན། །

མི་རིགས་གང་ཡིན་མི་རྩོད་གཟུར་གནས་བསྟོད། །
གང་ལ་དོན་གྱི་གནས་ལུགས་ལྡན་ངེས་ན། །

སྐད་རིགས་གང་ཡིན་མི་ལྟ་མཁས་པས་བརྩི། །

རྒྱ་གར་རྒྱ་ནག་བོད་དང་ཧོར་ལ་སོགས། །

སུ་དང་གང་ཞིག་ཡིན་ཡང་བསྟན་འགྲོའི་དོན། །
སྲོག་དང་བསྡོས་ནས་བསྒྲུབས་པའི་རྣམ་པར་ཐར། །

མཇལ་ན་བདག་ནི་སྙིང་ནས་དད་པ་སྐྱེས། །

དེང་དུས་བདག་འདྲ་ཆོས་པར་རློམ་པ་འགའ། །

འདོད་ཡོན་འཚོལ་ཕྱིར་ཆོས་ལ་རྒྱབ་ཀྱིས་ཕྱོགས། །
ཆོས་པ་འདིས་ནི་ཆོས་ཕྱིར་འདོད་ཡོན་མཆོག །

མཆིལ་མ་བཞིན་དུ་འདོར་ནུས་ངོ་མཚར་ཆེ། །

ཞེས་ཀྱང་ཐོལ་བྱུང་དུ་སྨྲས་སོ།།

 

---  མུ་འགོད། ---


རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23627127
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།