དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཡིན། ཁོང་ནི་༡༩༣༥ལོར་མདོ་སྨད་དཔའ་རིས་ཡུལ་དུ་འཁྲུངས་ཤིང་དགུང་ལོ་བཅུ་གཉིས་སྟེང་ནས་མཆོད་རྟེན་ཐང་གི་བཤད་གྲྭར་ཞུགས་ནས་བསྡུས་ཚད་རྒྱན་འཇུག་སོགས་མཚན་ཉིད་དང་། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ལ་གསན་སྦྱོང་ལེགས་པར་མཛད། དགུང་ལོ་བཅོ་བརྒྱད་པར་ཕར་ཕྱིན་འཛིན་གྲྭ་ཐོན་ནས་དཔའ་རིས་ཡུལ་དུ་དགེ་རྒན་དང་ཡིག་སྒྱུར་གྱི་ལས་ཀར་ཞུགས། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོའི་ཡོངས་འཛིན་བསང་ཁོག་འཇིགས་མེད་ཚང་དང་། ལྷ་མོ་ཚུལ་ཁྲིམས་ཚང་སོགས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཐར་ཕྱིན་པར་མཛད། ༡༩༨༣ལོར་ནུབ་བྱང་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་གདན་དྲངས་ནས་སྔ་ཕྱིར་ལོ་ངོ་བཞི་བཅུ་ཉེ་བའི་རིང་སློབ་བུ་མང་པོར་ནང་བསྟན་དང་རྩོམ་རིག །བརྡ་སྤྲོད། སྙན་ངག །ལོ་རྒྱུས་སོགས་སློབ་ཁྲིད་གནང་ཞིང་། དེ་དག་གི་སྐོར་ལས་དེབ་ཉི་ཤུ་ཙམ་བརྩམས་ནས་བོད་ཀྱི་རིག་གཞུང་ཤིན་ཏུ་ཉག་ཕྲ་བའི་སྐབས་སུ་རིག་གནས་རྒྱུད་འཛིན་གྱི་སློབ་བུ་མང་པོ་གསོ་སྐྱོང་གནང་། ཁོང་ཉིད་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་ལ་ཐུགས་བརྩེ་ཆེ་ཞིང་། ཕྱི་ནང་རིག་གནས་ཀུན་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པས་སྔ་ཕྱིར་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དང་ཚོགས་འདུ་ཆེ་ཆུང་མང་པོར་གདན་ཞུས་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར་གྱི་འཆད་ཁྲིད་མང་པོ་གནང་ཞིང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་ཁོང་ལ་མཛད་རྗེས་ཆེ་བའི་ཆེད་མཁས་པ་ཞེས་པའི་མཚན་མཐོ་བསྩལ་བ་སོགས་གཟིགས་བཟོས་བྱ་དགའ་མང་པོ་ཐོབ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་སྐོར་གྱི་དགོངས་དོན་ཡང་དག་པར་བཀྲལ་བའི་《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ》ཅེས་པའི་དེབ་ཕྲེང་རྒྱའི་སྐད་དུ་བརྩམས་པས་རྒྱའི་ཀློག་པ་པོ་དང་ནང་བསྟན་ཞིབ་འཇུག་པ་ཚོའི་ཁྲོད་དུ་སྐད་གྲགས་ཤིན་ཏུ་ཆེ། གཞན་ཡང་ཁོང་གིས་ཀན་སུའུ་ཞིང་ཆེན་དོར་ཞི་དགེ་ལས་མ་དངུལ་ཐེབས་རྩ་ཚོགས་པ་གསར་འཛུགས་ཀྱིས་བོད་ཀྱི་རིག་གནས་སློབ་གསོ་དང་དགོན་སྡེ་འཛུགས་སྐྲུན་གྱི་ཕྱོགས་ལའང་གཞན་ཕན་གྱི་མཛད་པ་མང་དུ་བསྐྱངས་ཡོད་པ་བཅས་སོ། །
|