དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་ལྔ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་ལྔ་བ།
དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་ལྔ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-16ལྟ་ཀློག (12806)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་ལྔ་བ། 

---རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཆེད་བཀོད་རྩོམ་ཡིག


སེམས་བྱུང་ངག་འགྲོས། 

   མཐོ་གཉིས་གཉིས་པ།  འཇམ་དབྱངས་བཟོད་པ།              
ཁོར་ཟུག་དབེན་སྟོང་ཡངས་བའི་མདུན་རྒྱབ་ན། ། 
གཟུགས་མེད་སྒྱུ་མའི་འགུགས་པའི་ངོ་གདོང་མང་། ། 
རང་སེམས་གཏན་ཆ་ཆགས་པའི་ཨམ་གཙིགས་སྡོམས། ། 
རང་ཚུགས་རྣོ་དབལ་ངར་མའི་ཁེར་ཚུགས་དགོས། ། 

ཁོར་ཟུག་ཟིང་ལོང་ཁྲོམ་གྱི་ཧབ་ཆའི་བར། ། 
འབག་གི་ཞལ་ལྕེ་དམར་པོའི་བསླུ་འོག་ནས། ། 
རང་རློམ་སྙེ་ཡང་མགོ་བོ་སྒུར་ཙམ་བྱོས། ། 
རང་གཤིས་རྣལ་མའི་རྒྱན་གྱི་བརྒྱན་པར་བྱ། ། 

དགའ་སྐྱོའི་ཉིན་སྲིབ་བརྗེ་བའི་གནས་མལ་ནས། ། 
སྐྱིད་ལ་སྣང་བའི་དབུ་འཕང་བཏེགས་ཚད་ཅིག། 
སྡུག་ལ་རྡོག་ཁྲེས་ཁུར་བོ་འདེགས་ཚད་ཅིག། 
བདེན་ལུགས་སྲིད་པའི་འགྲོས་ལ་མཐུན་ན་བཟང་། ། 

རེ་ཆད་ཕོང་བའི་འཁོར་ལ་འཁོས་གཞན་ན། ། 
ཡམས་བཤད་སྤྱི་ཚོགས་ཁྲ་བོའི་མིག་ལ་ཆུང་། ། 
རང་འཚོ་ལག་པའི་སྐྱོང་བའི་ཐབས་ལ་གཞོལ། ། 

རང་ལམ་རང་གི་འདུན་པའི་ལས་ལ་བརྩོན། ། 


ངག་གི་ལྷ་དར།

རཏྣ་རྡོ་རྗེ།        མཐར་ཕྱིན་གཉིས་པ།
གངས་དཀར་ཏི་སེའི་དབུ་འཕང་མཐོ་བའི་རི་རྒྱུད་དང་།།
ཡར་ཀླུང་གཙང་བོ་ལང་ལོང་འབབ་པའི་འགྲམ་ངོགས་སུ།།
ཁ་བའི་ལྗོངས་ལ་མངའ་དབང་བསྒྱུར་ཞིང་སྲིད་བསྐྱངས་པའི།།
བཙན་པོ་རིམ་བྱོན་མཛད་རྗེས་དེབ་ཐེར་ངོས་སུ་གསལ།།

ཐུགས་ནི་མི་རྟོག་ཤིན་ཏུ་སྒམ་པོའི་ཚུལ་འཛིན་པ།།
སྐུ་བརྗིད་བཀའ་ཡིས་འཛམ་གླིང་སུམ་གཉིས་དབང་བསྒྱུར་ཞིང་།།
སྣ་མང་རིག་གཞུང་བོད་དུ་གདན་དྲངས་དམ་ཆོས་སྤེལ།།
མི་རྗེ་སྲོང་བཙན་མཚན་སྙན་ལྗོངས་འདིའི་གནམ་སར་ཁྱབ།།

བཙན་པོའི་བཀའ་བཞིན་སྐུ་ངལ་ཁྱད་བསད་འཕགས་ཡུལ་འགྲིམ།།
ལོ་པཎ་མཁས་པའི་ཞབས་ལ་བསྟེན་ཅིང་མཁས་མཐར་སོན།།
གངས་རིའི་ལྗོངས་འདིར་མུན་སེལ་སྒྲོན་མེ་གསལ་མཛད་པའི།།
སྐུ་དྲིན་གཞལ་མེད་སློབ་དཔོན་ཐོན་མིའི་མཛད་རྗེས་དྲན།།

འཕགས་བོད་གཞུང་ལུགས་མ་ལུས་ཇི་བཞིན་མཁྱེན་དཔྱོད་རྒྱས།།
བཀའ་བསྟན་གྲངས་མེད་བོད་དུ་སྒྱུར་མཛད་སྲིད་པའི་མིག །
འཆད་རྩོད་རྩོམ་པའི་དཔལ་ལ་འགྲན་ཟླ་བྲལ་བ་ཡི།།
མཁས་དབང་ལོ་པཎ་རིམ་བྱོན་གཏན་དུ་ཕྱག་གི་ཡུལ།།

ལྷག་བསམ་འོ་མའི་རྒྱུན་ལ་ནམ་ཡང་ཆད་པ་མེད།།
ཡོན་ཏན་མ་ལུས་བུམ་པ་གང་བྱོའི་ཚུལ་གྱིས་གནང་།།
སློབ་འབངས་བརྩེ་བས་བསྐྱངས་ཤིང་མི་ཚེའི་ལམ་སྟོན་གནང་།།
བཀའ་དྲིན་མཚུངས་མེད་སློབ་དཔོན་སྐུ་ཚེ་བརྟན་པར་སྨོན།།


དད་དམ་ཤེལ་གྱི་མེ་ལོང་།

 འཇིགས་མེད་བསྟན་འཛིན།མཐོ་གཉིས་དང་བོ།                             
གང་ཞིག་བརྟེན་ན་བསླུ་བ་མ་མཆིས་པ། །
སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །
འཇིག་རྟེན་འཁོར་བའི་སྒྱུ་འཕྲུལ་རྒྱ་གྲོལ་ནས།།
བློ་ཁ་ཆོས་ཁ་ཕྱོགས་པར་བྱིན་གྱིས་རློབས།།

འགྲོ་བའི་འདྲེན་མཆོག་སྟོན་པ་གཉིས་པ་ཉིད།།
ལུང་དང་རྟོགས་པའི་ཐུགས་རྒྱུད་ཡོན་ཏན་དེ།།
སྐྱེས་བུ་སུ་ཡིས་མཐོང་ཚེ་དད་གུས་འཕེལ།།
སེམས་ཅན་ཀུན་ལ་ཐུགས་རྗེ་བླ་ལྷག་བསྐྱེད།། 

ཡོན་ཏན་གཏིང་མཐའ་རྫོགས་པའི་སེམས་དཔའ་མཆོག།
བྱམས་བརྩེ་འོད་ཀྱིས་ཁྱབ་པའི་ཉི་མའི་བུ།།
སུ་དང་གང་ལ་གཅེས་པའི་བློ་བཟང་གྲགས།།
བཤེས་གཉེན་དམ་པ་མཆོག་དེ་བདག་གི་མགོན།།

རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ།།
དངོས་སུ་མཇལ་བའི་བསོད་ནམས་མ་ལྡན་ཡང་།།
ཆོས་ཀྱི་ཟབ་མོ་ལམ་སྔགས་བཞུགས་པ་ཉིད།།
མཇལ་བའི་སྐལ་བཟང་ཐོབ་དང་ཇི་འདྲའི་མཚུངས།།

གཡེལ་བ་མེད་པའི་འཇམ་མགོན་ཐུགས་རྒྱུད་ཀྱི།།
གཟི་བྱིན་འོད་སྟོང་འབར་བའི་དངོས་གྲུབ་དེ།།
ལེགས་བཤད་བདུད་རྩིའི་ཐིགས་པར་རབ་སྤྲུལ་ཏེ།།
སྐྱེས་བུ་གྲངས་མེད་ཐར་བའི་ལམ་ལ་བཀོད།།

ལུང་རྟོགས་ཆོས་ཀྱི་བདུད་རྩིའི་ཆབ་རྒྱུན་འདི།།
སྲིད་གསུམ་སྐྱེ་འགྲོའི་སྐོམ་སེལ་བདུད་རྩི་ཉིད།།
རྒྱུན་ཆད་མེད་པར་བབ་པས་ཡན་ལག་རྒྱས།།
རབ་མཛེས་ངུར་སྨྲིག་འཛིན་པ་མགོན་དུ་གྱུར།།


ཞེ་ལ་སིམ་པའི་གནའ་བོའི་དགོན་སྡེ།

མཐོ་གཅིག་གཉིས་པ།      མཛོད་དགེ། འཇིགས་མེད་བརྩོན་འགྲུས།
དཀར་འཇམ་ཟླ་འོད་འཕྲོ་བའི་ལྷིང་འཇགས་ཀྱི་མཚན་མོར།།
ཞེ་ཡི་གཏིང་ལ་སིམ་པའི་དབྱིག་འཛིན་གྱི་དགའ་མ།།
སུམ་རྩེན་དཔལ་ལ་འགྲན་པའི་མཐོ་སྒང་གི་མུ་ཏིག།
དབེན་པའི་རི་སུལ་འདི་ནས་མཛེས་པ་རུ་སྒོམ་མོ།།

བཤད་སྒྲུབ་ཟུང་དུ་སྦྲེལ་པའི་གྲྭ་ཆུང་ངའི་འཚོ་བ།།
རྩྭ་ཆུ་འཛོམས་པའི་དབྱར་གྱི་དུས་ཚིགས་དང་འདྲ་བྱུང་།།
འཆད་ཉན་དར་སའི་ཆོས་སྡེ་འདི་ག་རང་ཁྱད་འཕགས།།
འཛམ་གླིང་ཡང་རྩེར་སོན་པའི་བྱང་རྒྱུད་ཀྱི་མངའ་ཁོངས།།

དམར་སེར་ཅོད་པན་འཛིན་པའི་དགེ་འདུན་གྱི་སྡེ་ཚོགས།།
ཞེན་ཆགས་རླུང་ལ་སྤུར་སའི་རི་གྲོང་གི་དགོན་སྡེ།།
མ་བཅོས་ལྷུན་གྱིས་གྲུབ་པའི་བདེ་ཆེན་གྱི་ཕོ་བྲང་།།
མ་བོས་མགྲོན་དུ་ཆས་པས་བྱིས་པ་ཚོའི་རྩེན་གནས།།

མཚམས་སྤྲིན་ཐང་མལ་བརྡལ་འདྲའི་ངུར་སྨྲིག་གི་སྡེ་ཚོགས།།
སྐར་ཚོགས་ཐང་ལ་ལྷུང་འདྲའི་ཤེས་རིག་གི་ཁྲ་རྒྱན།།
དཔུང་གཉིས་རླུང་ལ་གཤིབ་པའི་གྲྭ་ཚུང་ངའི་འཚོ་གཤིས།།
ང་ཡི་ཡིད་སེམས་ཤོར་སའི་ཚེ་མཇུག་གི་དུར་ཐང་།།

བླ་རྒན་སྐྲ་དཀར་རྒན་པོའི་མན་ངག་ལ་གསན་དུས།།
འདང་བརྩེ་མཚོ་ལྟར་ཟབ་པའི་ཕ་ཡུལ་གྱི་ཆོས་གྲོགས།།
དྲན་པའི་ཡུལ་དུ་འཁོར་དུས་རང་ཤག་ཏུ་ཕྱིན་ཏེ།།
གཅེར་བུའི་སྙན་འབྲི་བ་ཐེངས་གཅིག་ཡང་མིན་ནོ།།

གྲྭ་ཆུང་ང་ཚོའི་ན་བཟའ་མར་ཁུའི་ནང་བཙོ་བཙོ།།
གདངས་ལ་བཀུག་པའི་ཆོས་དབྱངས་རྒྱུད་མངས་ལྟར་སྙན་སྙན།།
ཚུལ་འཆོས་མ་སྤྲས་བཅོས་མིན་གཤིས་ཀ་དེ་མངོན་པའི།།
ས་སྒང་ཁྲི་སྡེའི་སྟེང་གི་ཨ་ཁུ་དེ་དྲན་ནོ།།

ལང་ཚོའི་དབུ་ཁྱུད་འབྲི་སའི་བཙན་པོ་ཡི་དམག་དཔུང་།།
ནར་སོན་ལོ་ཟླའི་ཁྲོད་ཀྱི་བརྗེད་མེད་ཀྱི་དྲན་ཤིང་།།
དང་པོར་ཆོས་སྒོར་ཞུགས་པའི་བྱིས་དུས་ཀྱི་སྣང་བ།།
མཐོན་པོ་དགུང་དང་མཉམ་མོ་འབྲོག་ཕྲུག་ངའི་རང་གཤིས།།

ཚེ་རབས་ལས་ཀྱི་བསྐོས་པའི་མཐོ་སྒང་གི་དབྱངས་རྟ།།
སྨྲེང་གཞས་གདངས་ལ་འགུགས་སའི་དབེན་སུལ་གྱི་རི་ཁྲོད།།
དྲན་དྲན་སུ་ལ་མི་བཤད་ཁེར་རྐྱང་གི་སྡུག་བསྔལ།།
སྐྱོ་བ་སེམས་སུ་སྦས་ཏེ་ཁྱེད་ཕྱོགས་ལ་བལྟམས་ཡོད།།

རི་སྐྱེས་རི་ནས་འབབ་སའི་ལྗང་མདོག་གི་རྩྭ་ཐང་།།
བསང་ངད་ལྷ་ཡི་ཚོར་བའི་སེར་ཆེན་གྱི་མེ་ཏོག།
དྲན་འཛིན་རི་བོའི་ངོས་ཀྱི་ལྷིང་འཇགས་ཀྱི་དགོན་སྡེ།།
ང་ཡི་སྙིང་ཁར་བཞད་པའི་ཚེ་རབས་འདིའི་སྐྱབས་སོ།།

ཙག་རླུང་ཤུར་ཤུར་ལྡང་བའི་སྒེའུ་ཁང་གི་འགྲམ་ནས།།
ཁ་བའི་རྣམ་ཤེས་རྒོད་པོས་ཤ་གཅུར་རེ་རྒྱག་དུས།།
མེ་དྲོད་གླིང་ལ་ཁྱབ་སའི་གནའ་དུས་ཀྱི་དགོན་སྡེ།།
ཞེ་ཡི་གཏིང་ལ་སྒོམ་ཏེ་འཁྲེང་ཞེན་ཤིག་བྲིས་པ།།


འོད་ལམ་ལམ་དུ་འཚེར་བའི་སྒྲོན་མེ།

 མཐོ་གཅིག་དང་བོ། འཇིགས་གྲོལ།

བདེ་ཆེན་ཏིང་འཛིན་ཞི་བའི་དག་ཞིང་གི་ཁམས་ན། །
མཚན་དཔེ་མེ་ཏོག་འབུམ་ཕྲག་སྣ་ཚོགས་ཀྀས་བརྒྱན་པའི། །
བསམ་གཏན་མཁན་པོས་ཉམས་བཞག་བདག་མེད་དེ་བསྒོམསནས། ། 
ལུང་རིགས་གནས་ལྕགས་ཐོག་གི་སྒྲ་དབྱངས་དེ་གྲགས་བྱུང་། །

ཁང་ཆུང་སྐྱ་བོའི་དྲིད་ཁོལ་བར་མེད་དུ་རྒྱུ་སྟེ། །
ལྷོ་ཡངས་འཁོར་བའི་ལུས་པོ་ལྷིང་འཇགས་སུ་གནས་པའི། །
འབྱུང་འགྱུར་མི་ཚེ་གཏད་སོ་དམིགས་ཡུལ་དུ་བསྒོམས་ནས། །
དཀར་འཇམ་ཁ་བའི་མེ་ཏོག་རི་གསེབ་ནས་འཚོལ་ལོང་། །

སྔོ་ལྗང་གཡུ་ལོ་བཀྲ་བའི་དགའ་ཚལ་གྱི་ཁྲོད་ན། །
འཕུར་ལྡིང་གལ་ལ་རྩེན་པའི་རྐང་དྲུག་གི་ཚོགས་རྣམས། །
གཤོག་ཟུང་ཡངས་པོར་བསྐྱོད་པའི་ཤེས་རིག་གི་ཚལ་ནས། །
གསུང་སྙན་དྲུག་ཅུའི་དབྱངས་དང་ལྷན་ཅིག་ཏུ་ཆས་འགྲོ། །

རྨ་ཆུ་སྔོན་མོའི་བཞུར་སྒྲ་རི་གསེབ་ནས་མཆེད་དེ། །
སྐྱོ་བའི་ཤུགས་ཀྱི་རྦ་རླབས་སེམས་ཁོང་དུ་ཉར་ནས། །
ལམ་གྱི་སྣང་གཟུགས་དོག་མོ་རྒྱང་རིང་ལ་བསྲིངས་ཏེ། ། 
ལོ་ཟླ་ཤིང་རྟའི་འགྲོས་བཞིན་དལ་མོའི་ངང་བསྐྱོད་དོ། །

འདས་སོང་ལོ་ཟླ་རིང་མོ་རྒྱང་བཞུད་ཀྱི་འཇའ་ཚོན། །
སྐྱིད་སྡུག་རྨི་ལམ་རིང་མོ་ཁ་སང་གི་གཏམ་རྒྱུད། །
མི་ཡུལ་བདེ་སྣང་ལམ་སྣ་མིག་ཀོང་གིས་བསྙེགས་ཏེ། །
མུན་པས་བསྒྲིབས་པའི་སྤྲིན་པ་ཤུལ་མེད་དུ་ཁྱེར་སོང་། །

ཕ་མས་ངག་ལས་བརྡོལ་བའི་ཡིག་དྲུག་གི་དབྱངས་རྟ། །
ཐར་བའི་ལམ་སྣ་ཟིན་པའི་སྐྱབས་འཇུག་གི་སྣ་འདྲེན། །
བཀའ་དྲིན་འཛད་མེད་བདག་གི་སྙིང་ཁོང་ནས་འཕོས་ཏེ། །
བསུབ་མེད་མཛད་རྗེས་རྡོ་རོང་རི་མོ་ལ་གཏད་ཡོད། །

མུན་པའི་ན་བུན་ཁྲོད་ཀྱི་སྒྲོན་མེ་དེ་སྦར་ནས། །
སྐྱ་རེངས་དང་བོའི་དུས་ཀྱི་ཅོང་བརྡ་དེ་གྲགས་བྱུང་། །
ཨ་གསར་མ་ཡིན་མ་འོངས་མགོ་མཇུག་གི་བྱ་བཞག །
རྨ་འགྲམ་རིག་པའི་ལྡིང་ཀར་ཡང་ཡང་དུ་གྲག་བྱུང་། །

དྲན་གདུང་པང་རིམ་བརྩེགས་པའི་ལོ་ཟླ་དེའི་ཁྲོད་ན།། 
མར་མེ་སྟོང་འབར་བྱེད་པའི་སྐྱོ་བ་དེའི་ཁ་ཚར། །
འདྲེན་བྱེད་མཆི་མ་འཐོར་བའི་དངན་པ་དེའི་ཤུགས་རིང་། །
བླ་མ་ཡི་དམ་སྙིང་གི་དཀྱིལ་དབུས་སུ་བསྒོམ་ཤོག །

སྐད་ཀྱི་ངོ་བོ་འགྱུར་མེད་རང་གཤིས་སུ་གྲུབ་སྟེ། །
གྱ་གྱུའི་ལམ་སྣ་དོག་མོ་རྡོག་མགོ་ཡིས་གཏད་དེ། །
ངེས་འབྱུང་རླུང་བུ་དེད་ནས་རི་གསེབ་ལ་ཐོན་དུས། །
ཐོག་མའི་དམ་བཅའི་མདུད་པ་རྒྱབ་རི་ལས་བརྗིད་དོ། །

གཟི་འོད་འབར་བའི་གནའ་བོད་མཁར་གྲོང་གི་ནང་ནས། །
ལྷ་སྒྲུང་རི་མོའི་སྒྱུ་རྩལ་རྩོམ་ཡིག་ལ་བསྐྱུར་ནས། །

འགྲོ་ཀུན་རྣ་བའི་གསོས་སུ་འཇེབས་མིན་ཀྱང་ཐེ་ཚོམས། །

འོན་ཀྱང་ཐོལ་བྱུང་རྩོམ་འདི་མལ་ཁང་ནས་སྦྱར་རོ། །          

  


ལོ་ཟླའི་འགྲོས་ལ་བཏབ་པའི་སྐྱ་ཐིག
མཐར་ཕྱིན་དང་བོ། གོང་བའི་འཇིགས་མེད།
          ཉི་མའི་འོད་ཐིག་རི་བོའི་རྐེད་དུ་འཁྱུད།།
          འཁྱུག་རླུང་དལ་གྱིས་རུས་རྐང་གསེབ་ལ་འཛུལ།།
          དགུང་ཁའི་གྲུབ་གཟུགས་ཉེ་བའི་ཕྱོགས་སུ་རྒྱུ།།
          ཁོ་བོ་སྔར་བཞིན་སྒེའུ་ཁུང་འགྲམ་དུ་ལྷག།

           བྱིས་དུས་ལས་ཀྱིས་བསྡུས་པའི་ཕ་ཁྱིམ་བཞག།
          གཞོན་དུས་འདུན་པས་དབེན་པའི་ཡུལ་དང་བྲལ།།
          ཚོར་བའི་སྣ་ཐག་རིང་མོའི་ཐ་གུ་ཡིས།།
          དལ་བའི་ལུས་རྟེན་འཁོར་བའི་ཟབ་སར་འཁྲིད།།

         འདུ་བྲལ་འཚོ་བས་དགའ་སྐྱོ་མང་དུ་འཕེལ།།
         རྣམ་རྟོག་ཕྲ་མོས་སྲིད་གསུམ་ལན་མང་བསྐོར།།
         རྨི་ལམ་ཞིང་དུ་རེ་བའི་མྱུ་གུ་འཁྲུངས།།
         ཉིན་མཚན་ཀུན་ལ་སེམས་པ་མདུན་དུ་འདུར།།
 
         འཇིག་རྟེན་ཆོས་ཉིད་མི་རྟག་འཇིག་པའི་ཚུལ།།
         མི་ལོ་ཉི་ཤུར་ཐོས་ནས་འོང་ན་འང་།།
         ཞེན་ཆགས་མདུད་པ་གྲོལ་བར་མ་ནུས་པར།།
         འཁོར་བའི་སྟན་དུ་བྱིས་པའི་སྣ་གླུ་འཐེན།།

         ཁ་བའི་འདབ་མ་འཛིན་མའི་སྙིང་ལ་འགོས།།
         སང་ལོའི་དཔྱིད་ཀྱི་དཔལ་མོའི་ལང་ཚོ་འདར།།
         དམ་པས་གསུང་གི་བདུད་རྩི་མང་བསྩལ་ཀྱང་།།
         རང་སེམས་སྔར་བཞིན་འཁོར་བའི་འདམ་ལ་ཟུག།

         ཡིད་ཀྱི་གདུང་བ་གཅིག་པུས་ག་ལེར་འཐབ།།
         ལོ་ཟླའི་འགྲོས་ལ་གཏམ་རྒྱུད་སྣ་ཚོགས་བཏབ།།
         དགའ་སྐྱོའི་རླབས་ཕྲེང་ལས་ཀྱི་མཚོ་མོར་འཕྱུར།།
         ལྷོད་ཀྱིས་གཙང་བོའི་ངོགས་སུ་སེམས་ངལ་གསོས།།

         ཐོག་མར་མིག་ཟུང་ནམ་མཁའི་མཐའ་ལ་བསྲིངས།།
         ཡུན་གྱིས་རྒྱུགས་སྐར་གྲངས་ལ་སེམས་པ་གཤིབ།།
         ད་ནི་ཆུ་ཚོད་འཁོར་ལོའི་གྲངས་ཆ་བརྩི།།
         ཨ་གསར་རྒོད་པོས་བཞུད་ལམ་རྡུལ་ལ་བསྲེས།།

        གཞོན་པའི་ལང་ཚོའི་གཟི་དཔལ་འཛུམ་པ་འང་།།
        ལོ་ཟླའི་ཁུགས་པར་མདངས་ཀྱི་རི་མོ་ཡལ།།
        ཆོས་ཉིད་རང་ཞལ་རྗེན་པར་གསལ་ནའང་།།
        མལ་གྱི་རྨི་ལམ་ཡིད་ཀྱི་གྲོགས་སུ་བསྡེབས།།



        དེང་དུས་གསར་བཤད་གཏམ་གྱི་རླབས་ཕྲེང་རྩེན།།
        བྱིས་པའི་མིག་ཟུང་མདའ་མོ་སྟོང་ལས་ཤོར།།
        ནམ་ཞིག་རླབས་ཀྱིས་འགུལ་བའི་གྲུ་ཟུར་འདིར།།
        ཉམ་ཆུང་དབུགས་རྒྱུན་འབྱུང་བཞིའི་ངོས་ལ་འཐིམ།།

        སྲིད་པའི་འཁོར་ལོའི་མེ་ལོང་ངོས་ཡངས་ལ།།
        འཇིག་རྟེན་སྐྱེ་འཆིའི་དར་རྒུད་གཟུགས་སུ་གྲུབ།།
        གམ་དུ་ལས་ཀྱི་དགེ་སྡུག་ལྷོད་པ་ན།།
        ཟླ་འོད་མོག་པོའི་འཁྲིས་སུ་མགོ་བོ་སྨད།།

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་གཞུང་ལས་ཁང་དང་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གཉིས་མཉམ་འབྲེལ་སྒོས་སྤེལ། 




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23525461
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།