རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར།
གངས་ཅན་དབྱངས་འཚོ་ནི་སྤྱི་ལོ་༡༩༩༠ལོར་བོད་ལྗོངས་ཆབ་མདོ་ཁ་རུབ་ས་ཁུལ་གྱི་སྨན་མདའ་རུ་ཤོད་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་ནས་མཐར་ཕྱིན་རྗེས་བོད་བརྒྱུད་ནང་ཆོས་ཟབ་སྦྱོང་གི་ཞོར་ནས་ཐུན་མོང་རིག་པའི་གནས་སྣ་ཚོགས་ལ་བྱང་བར་སྦྱངས། ༢༠༡༡ལོར་རྭ་རྒྱ་ཤེས་རིག་ནོར་བུ་གླིང་དུ་རྒྱུགས་སྤྲད་དེ་དུས་ཡུན་ལོ་གསུམ་གྱི་རིང་རྒྱ་དབྱིན་དང་རྩིས་འཁོར་ཆེད་སྦྱོང་བྱས་ཐོག་སློབ་གླིང་གི་རྩིས་འཁོར་ཆེད་ལས་དགེ་རྒན་གྱི་འགན་བཞེས། ༢༠༡༥ལོར་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་གི་ལས་གཞི་འགོ་བཙུགས་ཏེ་ད་ལྟའི་བར་ཡུལ་དངོས་དང་དྲ་ལམ་ཅི་རིགས་ནས་སློབ་མ་སྟོང་ཕྲག་ལས་བརྒལ་བ་གསོ་སྐྱོང་བྱས། ༢༠༡༧ནས་བོད་ཡིག་ཆ་འཕྲིན་དྲྭ་རྒྱར་ཉམས་ཞིབ་དང་སློབ་སྦྱོང་གི་གྲུབ་འབྲས་སུ་བཻ་རོ་སློབ་གསོ་དྲ་བ་དང་། བཻ་རོ་གཙུག་ལགAppགསར་སྤེལ་བྱས། མིག་སྔར་བོད་ལྗོངས་བཻ་རོ་ཙ་ན་རྩིས་འཕྲུལ་ལག་རྩལ་སློབ་གྲྭ་དང་། མཚོ་སྔོན་བཻ་རོ་ཙ་ན་རྩིས་འཕྲུལ་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་གི་སློབ་སྤྱི་དང་འགན་འཛིན་དོ་དམ་པ། Adobe རྒྱལ་སྤྱིའི་ཇུས་འགོད་ཆེད་མཁས་པ། བོད་ལྗོངས་ས་ཁུལ་རིམ་པའི་ལས་རིགས་སློབ་གསོའི་ཆེད་ལས་རྒྱུགས་རྟོག་པ་བཅས་ཡིན།
སྔར་དཔར་དུ་བསྐྲུན་ཟིན་པའི་བརྩམས་ཆོས། དཔྱད་རྩོམ་སྐོར་བོད་ཀྱི་སྒྲ་སྦྱོར་རིག་པ། སྒྲ་སྦྱོར་རིག་པའི་ལྷན་ཐབས། སྙན་རྩོམ་སྐོར་མེ་ཏོག་སིལ་ཕྲེང་། སྒྱུར་རྩོམ་སྐོར་འདོད་པའི་རོལ་རྩལ། ཆ་འཕྲིན་ལག་རྩལ་བརྙན་ཁྲིད་སྐོར། PSརྨང་གཞི་ནས་ཚད་མཐོའི་འཇུག་ཐབས། Idརྩོམ་སྒྲིག་འཇུག་སྒོ། Aiསྙི་ཆས་འཇུག་སྒོ། རྩིས་འཕྲུལ་རྨང་གཞི་དང་གཞུང་ལས་ལག་རྩལ་འཇུག་སྒོ། Dnའབུར་གཟུགས་ལག་རྩལ། Prབརྙན་རྩོམ་སྒྲིག་འཇུག་སྒོ། Aeའགུལ་རྣམ་རྩོམ་སྒྲིག་འཇུག་སྒོ། Auསྒྲ་རྩོམ་སྒྲིག་འཇུག་སྒོ། ཀུ་ཤུ་རྩིས་འཕྲུལ་འཇུག་སྒོ། དཔར་དུ་བསྐྲུན་འཆར་ཡོད་པའི་བརྩམས་ཆོས།ནུབ་ཕྱོགས་མཚན་ཉིད་རིག་པ་དང་མི་ཚེ་སྟོད་ཆ། བར་ཆ། སྨན་ཆ། ཐད་ཀོར་གྱི་མཚན་ཉིད་ལོ་རྒྱུས་དང་སྙན་རྩོམ་བཏུས་མ། གཞན་དྲ་རྒྱ་དང་འཛུགས་སྐྲུན་སྐོར་གྱི་བརྙན་ཁྲིད་སྐོར།
ཁྲིམས་སྲིད་ལ་སྦྱར་བའི་དུང་བརྗོད་སྙན་ངག
རྩོམ་པ་བོ། ཚོའོ་ཚོའོ།[ཧན་ཤར་མའི་སྙན་ངག་པ]
འཇིག་རྟེན་འདི་ནས་མི་ཉིད་ཀུན་གྱི་མཆོག །
གནམ་བདག་གོང་མས་ཁྲིམས་སྲོལ་ལེགས་བཙུགས་ཏེ། །
མཐའ་བཞིའི་ཁྱོན་ལ་ཤིང་རྟའི་རྐང་རྗེས་ཕབ། །
ཕྱི་དགྲ་བཏུལ་ཏེ་ནང་གྲོགས་ཐམས་ཚུལ་གྱིས། །
ལེགས་པར་སྐྱོང་བའི་ལོ་རྒྱུས་སྙིང་དུ་སིམ། །
ཀོང་དང་ཧོ་སོགས་རྗེ་གནས་དྲང་སྙོམས་ལྟར། །
མཛངས་ལ་བཀུར་བས་མངའ་ཐང་ཡུན་དུ་དར། །
རིམ་པར་བརྒྱུད་པའི་རྒྱལ་ཁྲིམས་སྲོག་ཏུ་བྱས། །
ལུགས་མེད་སྤྱོད་པ་ཡུལ་ནས་རིང་དུ་འགོངས། །
སྔ་སྲོལ་བསྒྱུར་ཀྱང་ད་སྲོལ་གསར་བ་ཡིས། །
ཉམས་མེད་རྒྱལ་ཁྲིམས་མངའ་འབངས་ཀུན་གྱི་གཉེན། །
རབ་ཏུ་གནས་པའི་གཞུང་དྲང་བདེན་པའི་མིག །
ཕྱི་རབས་མི་ཡི་གདོང་ལ་མ་བརྐོས་སམ། །
རྒྱལ་རབས་རྗེས་མས་ལུགས་བཟང་རྡུལ་ལྟར་དོར། །
མངའ་འབངས་མི་སེར་སྒོ་ཁྱིའི་ཚུལ་དུ་བཀོལ། །
ལྟོགས་མུག་ཀློང་ནས་འོ་དོད་ཐོས་པའི་ཚེ། །
གནའ་བོ་ཐང་ཡོའི་སྐབས་ཀྱི་ལུད་རྫས་ཀྱང་། །
ད་ལྟ་རང་ལུས་གསོ་བའི་རྒྱན་མཐོང་ན། །
ཀྱེ་མ་རྒྱལ་ཁམས་འཇིག་པའི་གདུང་བ་ཆེ། །
ཀུན་གྱིས་བསྔགས་བྱར་གྱུར་པའི་པོའོ་ཡེ་ཡིས། །
ཁྲིམས་དོར་སྲོལ་ཉམས་མི་དགེའི་མཐུ་ཉིད་དུ། །
གཟིགས་ཏེ་སྔར་ཡོད་ལུགས་བཟང་གང་དུ་སྤེལ། །
ནག་ཉེས་ཡུན་དུ་འགོར་ན་སུ་ཡིས་སེལ། ། །
སྤྱོད་བཟང་ལག་དུ་བླངས་ན་ད་ལྟ་ཉིད། །
མཁས་པ་ཞུས་ཡོའི་ལུགས་ལྟར་ངན་ཁག་རྣམས། །
གཞན་ནས་གཞན་དུ་དཀྲིས་ན་རྫོགས་མཐའ་བྲལ། །
སུ་ལ་གཞུང་དྲང་བརྩེ་བའི་འཛུམ་དཔལ་ལྡན། །
དེ་ལ་ཆ་མེད་གྲོགས་ཀྱང་རྒྱང་ནས་འདུ། །
ཞེས་མཁས་པོའི་དབང་བོ་བེ་རི་འཇིགས་མེད་ལགས་ཀྱི་ཐུགས་སྐུལ་ལྟར་རྒྱ་བོད་ལོ་ཙཱ་བ་གངས་དབྱངས་འཚོར་འབོད་པས་དོན་སྒྱུར་གཙོ་བོར་བྱས་ཏེ་ཤར་མར་ཞུས་པ་ལ་འགལ་ནོངས་ཅི་མཆིས་ཐམས་ཅད་ལོ་ཙཱ་བར་དཀྲི་འོས་སོ།།
འཇིག་རྟེན་ནས་རྒྱང་ཐག་རིང་ཤོས།
རྩོམ་པ་བོ། ཐེ་ཀོར།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྐྱེ་བ་དང་འཆི་བའི་བར་ཐག་མིན་པར།
ང་རང་ཁྱོད་ཀྱི་མདུན་དྲུང་དུ་འགྲེང་ཚེ།
ཁྱོད་ཀྱིས་ང་ཅི་ཙམ་ད་དུང་ཁྱོད་ལ་དགའ་བ་མི་ཤེས་པའི་ཧེ་བག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ང་རང་ཁྱོད་ཀྱི་མདུན་དྲུང་དུ་འགྲེང་ཚེ།
ཁྱོད་ཀྱིས་ང་ཅི་ཙམ་ཁྱོད་ལ་དགའ་བ་མ་ཤེས་པའི་ཧེ་བག་དེ་མིན་པར།
བརྩེ་འདུན་གྱིས་མྱོས་པའི་འཁྲུལ་སྣང་དང་ང་ཁྱོད་ལ་
དགའ་ཞེས་བཤད་མི་སྤོབས་པའི་བར་ཁྱད་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
བརྩེ་འདུན་གྱིས་མྱོས་པའི་འཁྲུལ་སྣང་དང་ང་ཁྱོད་ལ་དགའ་ཞེས་བཤད་མི་སྤོབས་པའི་བར་ཁྱད་དེ་མིན་པར།
ཁྱོད་ཉིད་དྲན་པའི་གདུང་སེམས་ལྕི་མོ་འདི་དང་།
སྙིང་མཐིལ་ཁོ་ནར་རུམ་པའི་གསང་གཏམ་དེའི་བར་ཐག་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཁྱོད་ཉིད་དྲན་པའི་གདུང་སེམས་ལྕི་མོ་འདི་དང་།
སྙིང་མཐིལ་ཁོ་ནར་རུམ་པའི་གསང་གཏམ་དེའི་བར་ཐག་མིན་པར།
ཕན་ཚུན་སེམས་གཏིང་ནས་དུང་ཞེན་གྱིས་སྦྲེལ་ནའང་།
ལྷན་དུ་འགྲོ་བར་མི་བཟོད་པའི་བར་ཁྱད་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཕན་ཚུན་སེམས་གཏིང་ནས་དུང་བའི་བརྩེ་བ་དང་།
ལྷན་དུ་འགྲོ་བར་མི་བཟོད་པའི་བར་ཁྱད་དེ་མིན་པར།
ཐབས་བཀོད་བྲལ་བའི་བཀག་འགོག་གི་གནས་ཚུལ་གསལ་བོར་མཐོང་ཡང་།
ད་དུང་ཞེ་སེམས་ཀྱི་འདུན་པ་ཆད་མེད་དུ་འབྲེལ་བའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཐབས་བཀོད་བྲལ་བའི་བཀག་འགོག་གསལ་བོར་མཐོང་བའི་གནས་ཚུལ་དང་།
ད་དུང་ཞེ་སེམས་ཀྱི་འདུན་པ་ཆད་མེད་དུ་འབྲེལ་བའི་བར་ཐག་དེ་མིན་པར།
སུ་ཞིག་གིས་སྲིན་ལག་བསྲིངས་ཏེ་(སྣང་མེད་དུ་བསྐྱུར་བའི་སེམས་)ཁྱོད་དང་ཁྱོད་ཀྱི་བརྩེ་བའི་བར་དུ།
བརྒལ་ཐབས་མེད་པའི་ཡུར་བུ་ཞིག་སྔོག་འདོན་བྱས་བའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྡོང་བོ་དང་སྡོང་བོའི་བར་ཁྱད་དེ་མིན་པར།
རྩ་བ་ལྷན་དུ་འབུས་པའི་ཡལ་ག་ཟུང་གཅིག
དྲག་རླུང་ཁྲོད་ཕན་ཚུན་འཁེན་པར་མི་ནུས་པའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཡལ་ག་ཕན་ཚུན་བརྟེན་ཐབས་མེད་པའི་ཧེ་བག་དེ་མིན་པར།
ཕན་ཚུན་ལ་རེ་བའི་རྒྱུ་སྐར་གྱི་ཚོམས་བུ་དག
ཤུལ་རྗེས་ཟབ་མོ་ཞིག་ལྷན་དུ་འཇོག་པའི་གོ་སྐབས་དབེན་པའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྐར་ཚོམས་ཕན་ཚུན་གྱི་འཁོར་ལམ་དེ་མིན་པར།
གལ་ཏེ་རྗེས་ཤུལ་མཉམ་དུ་འཇོག་པའི་དབང་དུ་བཏང་རུང་།
སྐད་ཅིག་མའི་འཁོར་བསྐྱོད་ཁྲོད་ཟིན་མེད་དུ་ཡལ་བའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྐད་ཅིག་མའི་འཁོར་བསྐྱོད་ཁྲོད་ཟིན་མེད་དུ་ཡལ་བའི་བར་ཐག་དེ་མིན་པར།
འཕྲད་པའི་གོ་སྐབས་རྫོགས་པ་དང་།
འདུ་བའི་ཐབས་ལམ་དབེན་པའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཉ་མོ་དང་འདབ་ཆགས་ཀྱི་བར་ཐག་དེ་ཡིན།
གཅིག་ནི་ནམ་མཁའི་མཐོངས་སུ་གནས་ཤིང་།
གཅིག་ཤོས་ནི་མཚོ་མོའི་གཏིང་རུམ་དུ་འཚོ།
སྟོན་མཚན་རིང་མོའི་མཛའ་གཞས།
རྩོམ་པ་བོ། ལེ་བྷེ། [ཐང་གི་སྙན་ངག་པ]
ཁྲང་ཨན་མཁར་ལ་སྟོན་ཟླའི་འཛུམ་དཔལ་བཞད། །
གྲོང་དང་ཁྱིམ་མིའི་འུར་ཟིང་རྣ་བར་གཟན། །
སྟོན་རླུང་བསེར་བུ་ངེས་མེད་ལྡང་བ་ཡིས། །
གཡང་ཊིའི་སེམས་རྟེན་དྲན་པའི་རུམ་དུ་འཁྱིལ། །
ཞུང་ནུའི་འཐབ་འཛིང་ནམ་ཞིག་མཇུག་གྲིལ་ཏེ། །
མཛའ་གྲོགས་ཁྱོ་བོ་དམག་མཚམས་འཇོག་པར་བྲེལ།།
སྨྱུག་སྤྱིལ།
རྩོམ་པ་བོ། ཝང་ཝེ། [ཐང་གི་སྙན་ངག་པ། ]
ཁུ་སིམ་ལྗོན་ཚལ་གཅིག་པུར་གནས་པའི་ཚེ། །
དངན་པ་རིང་མོ་རྒྱུད་མངས་སྒྲ་ལས་མཆེད། །
མི་མེད་གསང་བའི་བསྟི་གནས་ཉམས་དགའ་བར། །
ཟླ་གཞོན་ཁོ་ནས་བདག་གི་སྐྱོ་བ་བསངས། །
དཔྱིད་ཀྱི་ཞོགས་པ།
རྩོམ་པ་བོ། མེན་ཁུ་རིན། [ཐང་གི་སྙན་ངག་པ། ]
གང་སར་བྱེའུ་གླུ་གྱེར་བའི་གདངས་དབྱངས་དང་། །
སྐྱ་རེངས་མདངས་ཀྱིས་སྟུག་པོའི་རྨི་ལམ་བཅོམ། །
ནམ་གུང་དལ་བུར་རྒྱུ་བའི་ཆར་རླུང་གིས། །
དཔྱིད་བཞད་མེ་ཏོག་འདབ་མ་དུ་ཙམ་བྲུལ། །
རྫ་ཆའི་མགྲིན་གླུ།
རྩོམ་པ་བོ། ཝང་བེ། [ཐང་གི་སྙན་ངག་པ། ]
དཔྱིད་མཚན་ཁུ་སིམ་ཀློང་དུ་གྱར་བའི་ཚེ། །
དྲི་ལྡན་མེ་ཏོག་འགའ་ཞིག་ཐང་དུ་ཟགས། །
ཟླ་གཞོན་མཁའ་ལ་རྩེན་པས་རི་ཀླུང་གི། །
བྱེ་འུའི་མགྲིན་གླུ་སྣ་ཚོགས་རྫ་ཆུར་བསྐྱལ། །
སྟོན་གྱི་དྲན་པ།
རྩོམ་པ་བོ། ཀྲང་ཅིས།[ཐང་གི་སྙན་ངག་པ]
ལུའོ་དབྱང་མཁར་ལ་སྟོན་རླུང་བསིར་བུར་རྒྱུ། །
སྙན་ངག་པ་ལ་ཡུལ་འཕྲིན་འབྲི་འདུན་སྐྱེས། །
དྲན་པའི་གདུང་བ་ཤིན་ཏུ་ཟབ་ལྕི་བས། །
འཕྲལ་དུ་བྲིས་ཀྱང་འདོད་འདུན་མི་རྫོགས་ཤིང་། །
ཡུལ་བགྲོད་འགྲུལ་བར་བར་ཆད་བྱེད་པར་འཇིགས། །
བྲུལ་བའི་མེ་ཏོག
རྩོམ་པ་བོ། ལིས་ཧྲིང་ཡན། [ ཐང་གི་སྙན་ངག་པ། ]
ཐོག་བརྩེཊ་འགྲུལ་བ་རྒྱང་དུ་གཤེགས་ཤུལ་ནས། །
ལྡུམ་ར་ཆུང་ཆུང་མེ་ཏོག་འདབ་མས་ཁེངས། །
སྡོང་རྐང་ཡལ་ག་ཀྱག་དཀྱོག་འཁྱུད་པའི་མོད། །
ལོ་མ་རེ་རེ་མི་སྡུག་ཉམས་ཀྱིས་མནར། །
ཚུལ་འདི་མཐོང་བས་ཕྱགས་པའི་སྤོབས་པ་ཕྲ། །
འཕྲང་ལ་ཅེར་ཡང་འགྲུལ་བ་སྔར་བཞིན་ལོག །
མེ་ཏོག་བསུང་ངད་དཔྱིད་དང་ལྷན་དུ་རྫོགས། །
འདོད་དོན་དྲན་ཚེ་མཆི་མས་ལུས་ཟུང་བརླན། །
གྱེས་ཕྱག་འབུལ་བ།
རྩོམ་པ་བོ། ཏུའུ་མོ། [ཐང་གི་སྙན་ངག་པ། ]
མཛའ་བོ་འབྲལ་ཁར་བཅོས་མའི་མཛུམ་མདངས་ཀྱིས། །
ཆང་ཕོར་ཁ་ནས་དགོད་སྒྲ་ག་ལ་ཐོན། །
སྒྲོན་མེ་འདིས་ཀྱང་གྱེས་བྲལ་གདུང་བ་ཡིས། །
འུ་ཅག་སླད་དུ་མཚན་ནམ་མིག་ཆུས་བསྐྱལ། །
མཚན་དུས་ཀྱི་ཕིང་ཅིན་གཙང་བོ།
རྩོམ་ཁུངས། [ཆུ་ངོགས་གཏམ་རྒྱུད། ]
སྨུག་ཆར་དཀྲིགས་པའི་ཕིང་ཅིན་གཙང་བོ་ལགས། །
ཁྱེད་ལས་མཛེས་སྡུག་སྲིད་འདིར་ཡོད་རེ་སྐན། །
རབ་རིབ་ཟླ་གཞོན་མཚོ་ལ་ལྷུང་བ་ནི། །
མཛེས་མའི་ལན་བུས་བཞིན་དཔལ་འཆིང་བ་འདྲ། །
ཟླ་ངོགས་པི་ཝང་འཁྲོལ་བའི་སྒྲ་སྙན་དེ། །
ཡུན་དུ་བོར་ཚེ་སྐྱ་མདོག་འདམ་གླིང་འདི། །
ད་ལྟ་གཙང་བོའི་རླབས་ཀྱིས་ཡོམ་ཡོམ་སྒུལ། །
མཚན་མོ།
རྩོམ་པ་བོ། ཕུ་ཞིན་ཅིན། [ཨུ་རུ་སུའི་སྙན་ངག་པ། ]
བརྩེ་ཞེན་འཇུ་ཐག་དམ་དུ་སྦྲེལ་བ་ཡིས། །
ལྷིང་འཇགས་མཚན་མོ་སྐྱོ་བའི་གླུ་ལ་གཏད། །
སྒྲོན་འོད་ངོགས་ནས་སྙན་ཚིག་འཚོལ་བའི་ཚེ། །
དྲན་པའི་གཅོང་གིས་ལང་ཚོ་ཉམས་འགྱུར་ཞིང་། །
འོ་དོད་ཀློང་ནས་ཁྱོད་ལ་དགའ་ཞེས་བོས། །
རོལ་དབྱངས་འཚོལ་བ།
རྩོམ་པ་བོ། ཞི་ལེ། [དབྱིན་ཇིའི་སྙན་ངག་མ། ]
བདག་ནི་རོལ་དབྱངས་འཚོལ་བའི་ལམ་དུ་ཞུགས། །
འདུན་པ་འདི་ནི་སུས་ཀྱང་འགོག་ཐབས་བྲལ། །
དབྱངས་རྟགས་རེ་ལ་ཆང་གི་བྲོ་བ་རེ། །
རོལ་དབྱངས་པང་དུ་དངུལ་མདོག་འོད་ཀྱིས་འཐིགས། །
ཇི་ཙམ་གཞིབ་ཀྱང་ངོམས་མེད་བྲོ་བ་འདིས། །
སེམས་ཀྱི་འཆིང་ཐག་དལ་གྱིས་རབ་འཁྲོལ་ཞིང་། །
བདེ་དགའི་ཀློང་དུ་སྒྲ་མེད་ལྷོད་ཀྱིས་འཁྱམས། །
རྩོམ་བཅད།
རྩོམ་པ་བོ། པཎ་ཀྲི་ལན། [རྒྱའི་དེང་རབས་སྙན་ངག་པ། ]
ཁྱོད་ཉིད་ཟམ་སྟེང་འགྲེང་སྟེ་ཡུལ་ལ་གཡེངས། །
གཡེངས་པའི་མི་དེས་ཐོག་ཁང་དྲྭ་མིག་ཅེར། །
ཅེར་བའི་ཚེ་ན་སྒེའུ་ཁུང་ཟླ་བས་བརྒྱན། །
བརྒྱན་པའི་དུས་དེར་རྒྱང་གི་རྨི་ལམ་རྒུམ། །
བརྩེ་དུང་གི་གོད་ཆག
རྩོམ་པ་བོ། R.S ཐོ་མ་སི། [ཨུ་རུ་སུའི་དུང་བརྗོད་སྙན་ངག་པ།]
ཁོ་བོ་གཏན་དུ་ཁྱེད་ལ་འཁྲེང་བའི་སེམས། །
ཁྲུས་རོལ་ངང་བའི་མགྲིན་གླུར་ལྷོད་ཀྱིས་སིམ། །
བགྲང་བྱའི་གཉེར་ཐག་ཐོད་དུ་འཆིང་བའི་དུས། །
བརྩེ་དུང་དུས་སྐལ་ཅི་འདྲའི་ཡུན་ཐུང་ཞིག །
སྒེག་མཛེས་ལང་ཚོའི་མེ་ཏོག་ཚོམས་བུ་དག །
སྐྱོ་ངལ་མིག་ཆུས་གཏིང་ནས་གཟན་པའི་ཚེ། །
འཆི་བདག་བདུད་ལ་བཅོས་མའི་འཛུམ་དཀར་གྱིས། །
རིང་ནས་བསུ་མ་བྱེད་ལ་དགའ་བ་འཕེལ། །
གསལ་བཤད།
གཟའ་འཁོར་རེའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རེ་འོས་སྦྱོར་བྱེད་འཆར་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ། སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས། (0975) 838 9857 སྐད་འཕྲིན། 15109745084
|