སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བརྒྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བརྒྱད་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བརྒྱད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-12ལྟ་ཀློག (4724)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བརྒྱད་པ། 

         འཇིག་རྟེན་པའི་ཡང་དག་པའི་ལྟ་བ།

     མང་བོ་ཞིག་གིས་ང་ཚོ་འཇིག་རྟེན་ཁྱིམ་པ་བ་ཡིན་ཞིང་ཁ་ལ་བཟའ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ་སོགས་འཚོ་ཚིས་དོན་དུ་གཉེར་དགོས་པས།   རྒྱུ་འབྲས་དྲང་སྙོམས་དང་གཞན་ཕན་གཙོ་བོ།  ལན་ལ་མི་རེ་བ།  ཕྱོགས་སུ་མ་ལྷུང་བ།   རིས་སུ་མ་ཆད་པ།  ཚུལ་ཁྲིམས་སྲུང་བ།  བཟོད་པ་སྒོམ་པ།  སྲོག་བླུ་ཚེ་ཐར།  མཆོད་འབུལ་སྦྱིན་གཏོང་སོགས་དམ་པ་ལྷ་ཆོས་དང་མཐུན་པ་རྐྱང་རྐྱང་བྱས་ནས་སྡོད་ཐབས་མེད་དེ།   འཇིག་རྟེན་ནི་འགྲན་རྩོད་ཀྱི་དོ་ར་ཞིག་ཡིན་པས་ང་རྒྱལ་ཁྱོད་ཕམ་རྩོད་དགོས།  ཕར་ཕན་བཏགས་ན་ཚུར་གནོད་སྐྱེལ་བའི་མི་ཐ་ཤལ་བར་གནོད་ལན་གནོད་ཀྱིས་མ་འཇལ་ན་སྡར་མའི་རྟགས་ཡིན།   ང་ནི་དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་འགྲོ་བ་མི་ཚོར་བས་བསྡུས་པ་ཞིག་ཡིན་པས།  ཉེ་རིང་ཆགས་སྡང་གཉིས་བྲལ་གྱི་བེམ་གཟུགས་ལྟ་བུ་ཞིག་བྱེད་མི་འདོད་པའམ་བྱེད་ཐབས་མེད་པ།   མི་ཆོག་མི་རུང་བའི་ཁྲིམས་མང་བོ་ཞིག་བསྲུངས་ནས་མི་ཚེ་སྡུག་ལ་སྦྱོར་བ་ལས་གུ་ཡངས་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་དགོས་པ།  དེ་ལྟར་རོལ་མ་ཐུབ་ན་མི་ལུས་ཐོབ་པ་དོན་མེད་ཡིན་པ།    སྲོག་བླུ་ཚེ་ཐར་དང་མཆོད་འབུལ་སྦྱིན་གཏོང་སོགས་ནི་དཔལ་འབྱོར་གྱོང་གུད་གཏོང་བྱེད་ཙམ་སྟེ།  ང་ཚོ་ཡར་རྒྱས་སུ་མ་སོང་བའི་འགག་རྩའང་འདི་འདྲའི་རིགས་ལ་ཐུག་ཡོད་ཚུལ་སོགས་གོ་རྟོགས་སད་སད་དང་རྣམ་དཔྱོད་ཡོད་མདོག་མདོག་གིས་བཤད་ཅིང་འབྲིའོ།   །

       འདི་ནི་རིག་པ་ནར་མ་སོན་ཅིང་བདེན་པའི་རང་ཞལ་འཚོལ་ཚུལ་མ་ཤེས་པ།   ཡར་རྒྱས་ཀྱི་གོ་དོན་མ་རྟོགས་ཤིང་མི་ཚེའི་སྙིང་བོ་ངོས་མ་ཟིན་པ།  དཔའ་བོ་དང་སྡར་མའི་ཁྱད་པར་མ་ཁོར་ཞིང་རྒྱུ་འབྲས་ལ་བློ་མིག་ལྡོངས་པའི་དན་རྟགས་ཤིག་ལས་གཞན་ཅི་ཡང་མིན་ཏེ།   སྤྱོད་འཇུག་ལས།  སྡུག་བསྔལ་ཡིད་མི་བདེ་བ་དང༌།  །འཇིགས་པ་རྣམ་པ་སྣ་ཚོགས་དང༌།  །འདོད་པ་རྣམས་དང་བྲལ་བ་ནི།  །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར།   །ཞེས་དང་། སྡིག་པ་བྱེད་པ་བདེ་འདོད་ཀྱང༌།  །གང་དང་གང་དུ་འགྲོ་འགྱུར་བ།  །དེ་དང་དེར་ནི་སྡིག་པ་དེས།   །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས།   །ཞེས་དང་།  རྗེ་ཐམས་ཅད་མཁྱེན་པས།   འཇིག་རྟེན་རྒུད་པ་ཇི་སྙེད་པ།   །དེ་ཡི་རྩ་བ་མ་རིག་སྟེ།   །ཞེས་གསུངས་པ་ལྟར།   ཚེ་འདིའི་དབང་དུ་བྱས་ན་ཡང་།  རྒུད་ཅིང་ཕོངས་པ་དང་ཡར་རྒྱས་སུ་མི་འགྲོ་བ།  སྡུག་བསྔལ་དང་དཀའ་ཁག་ཡོད་ཚད་མ་རིག་པ་སོགས་ཉོན་མོངས་སྣ་ཚོགས་བསྐྱེད་པའི་མི་དགེ་བའི་ལས་རྣམས་ལས་བྱུང་བ་ཁོ་ན་ཡིན་པའི་ཕྱིར་རོ།   །

         ཚེ་འདིར་བདེ་སྐྱིད་དང་ཡར་རྒྱས།  འདྲ་མཉམ་དང་གུ་ཡངས།  འཁྲུག་རྩོད་མེད་ཅིང་འཆམ་མཐུན་བྱེད་པ།  ཞི་བདེ་དང་འབྱོར་ཕྱུག་གི་འཚོ་བ་ཞིག་ལོངས་སུ་སྤྱོད་འདོད་ན།  མི་དགེ་བ་བཅུ་སོགས་ལ་དུག་བཞིན་དུ་འཛེམས་ཤིང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལ་གནས།   སྐྱབས་འགྲོའི་སྡོམ་པ་དང་།  བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ།  དགེ་བསྙེན་གྱི་སྡོམ་པ།  ལས་རྒྱུ་འབྲས་སོགས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཚུལ་བཞིན་དུ་བསྲུངས་ན།  ལེགས་ཚོགས་ཀྱི་ཕྱྭ་གཡང་དཀར་བོས་རང་འཁོར་བྱེད་ཅིང་མི་ཚེ་དོན་དང་ལྡན་པར་བྱེད་ངེས་ཏེ།  སྤྱོད་འཇུག་ལས།   ཡིད་ལ་བསམས་པའི་དགེ་བྱས་པས།  །གང་དང་གང་དུ་འགྲོ་འགྱུར་བ།  །དེ་དང་དེར་ནི་བསོད་ནམས་དེས།  །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར།   །ཞེས་གསུངས་པའི་ཕྱིར་རོ།   །

   ༢༠༢༢-༦-༥

          མི་ཤེས་ན་སློབ་སྦྱོང་བྱེད་དགོས།
     རང་རེ་བོད་ལ་མཚོན་ན་སྔོན་མང་ཚོགས་དཀྱུས་མས་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཤིན་ཏུ་དཀོན་པས་བརྒྱ་ཆའི་མང་ཕྱོགས་ཤིག་ཡིག་རྨོངས་པ་ཡིན།   དུས་འགྱུར་གྱི་རྗེས་སུ་སློབ་གྲྭ་མི་ཉུང་བ་ཞིག་ཡོད་མོད།  བསམ་བློའི་ཆུ་ཚད་དང་སློབ་གསོའི་འདུ་ཤེས།   སློབ་ཁྲིད་ཀྱི་ནང་དོན་དང་བསམ་བློའི་དགོས་མཁོ་སོགས་རྒྱུ་རྐྱེན་མང་བོ་ཞིག་གིས་ལོ་བཅུ་ཕྲག་ཟུང་ཡས་མས་ཀྱི་ཡར་སྔོན་དུ་རང་རྟོགས་ཀྱིས་སློབ་གྲྭར་འགྲོ་མཁན་མང་བོ་མེད།   དགོན་སྡེའི་ཁྲོད་དུའང་སློབ་གཉེར་བ་ལས་སློབ་གཉེར་མི་བྱེད་མཁན་ཧ་ཅང་མང་བོ་ཡིན།   དེ་དག་ལ་བསམ་བློ་བ་དང་ལྷག་བསམ་ཅན་རེ་འགས་སློབ་སྦྱོང་བྱེད་དགོས་པའི་རྟིང་སྐུལ་རེ་བྱས་ན་ཡང་།  ང་ནི་ཡོན་ཏན་མེད་ཅིང་བླུན་པོ་ཡིན་པ་དང་།  ལོ་རྒས་པ།   ཁྱིམ་ཚང་གི་ཆ་རྐྱེན་ཞན་པ།  བུད་མེད་ཡིན་པ།   དབུལ་བོའི་བྱིས་པ་ཡིན་པ་སོགས་རྒྱུ་མཚན་མང་བོ་ཞིག་བཤད་དེ་སློབ་གཉེར་ལ་ཁ་ཕྱོགས་རྒྱུ་ནི་ཤིན་ཏུ་དཀའ།   གལ་ཏེ་རེ་འགའ་ཞིག་ལ་གཞན་གྱིས་ཤུགས་རྐྱེན་ཐེབས་པའམ་རང་ཉིད་གོ་རྟོགས་སད་དེ་སློབ་སྦྱོང་བྱེད་པའི་འགོ་བརྩམས་ན་ཡང་།    མཁྲེགས་འཛིན་གྱི་གོ་ཁྲབ་གྱོན་ཞིང་ཁྲོན་པའི་སྦལ་བའི་བསམ་རྒྱ་ལས་མ་འདས་པ་ཁག་ཅིག་གིས།  དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་བྱེད་པ།   ཟུར་ཟ་དང་མཐོང་ཆུང་རྒྱུན་མི་ཆད་པ་བྱས་ཏེ་ནར་སོན་བཞིན་པའི་བསམ་བློ་ཆུང་ཆུང་དག་དམར་གསོད་བྱས་ཤིང་།  ཁ་ཅིག་གིས་ད་ལྟའང་མཚམས་འཇོག་བྱེད་ཀྱིན་མེད།  མ་འོངས་པར་ཡང་ཉེན་ཁ་ཆེ།   
     འདི་ནི་ཆེས་ཡ་ང་ཞིང་འཇིགས་སུ་རུང་བའི་འདུ་ཤེས་འཛིན་སྟངས་ཤིག་སྟེ།   ང་ཚོ་ཡར་རྒྱས་སུ་མ་སོང་བའི་གནད་དོན་ངོ་མའང་འདི་དང་འདི་འདྲ་བ་དག་གི་སྟེང་ན་ཡོད།   བླུན་པོ་ཡིན་པ་དང་ཉོན་མོངས་ཤུགས་ཆེ་བ།  སོ་སྐྱེས་ཡིན་པ་སོགས་ཀྱིས་སློབ་སྦྱོང་བྱེད་མི་དགོས་པ་དང་བྱས་ཀྱང་ཤེས་རྒྱུ་མེད་པ་ཞིག་ཡིན་ན།   བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་སྐྱེས་ཚེ།  དེང་གི་སྐད་ཆ་བཞིན་བཤད་ན། གློ་བུར་དུ་གོ་རྟོགས་སད་ཅིང་འབད་བརྩོན་གྱི་རྒྱུན་མ་བཏང་བས་མཐར་ཐམས་ཅད་མཁྱེན་པར་གྱུར་བ་དེ་ཡང་ལྷ་སྒྲུང་དུ་ཐལ་ལ།   ཁོང་གིས་སེམས་ཅན་སུ་དང་གང་ཞིག་ཡིན་ཡང་འབད་བརྩོན་བྱས་ན་འཚང་རྒྱ་ངེས་སུ་གསུངས་པ་དེ་ཡང་རྫུན་དུ་འགྱུར་འགྲོ།   
     དེ་བས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།  བརྩོན་པ་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན།   །ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས།   ཤེས་རབ་མེད་པའི་རྒྱུ་མཚན་གྱིས། །བླུན་པོ་ཡོན་ཏན་མི་སློབ་ལོ། །བརྟགས་ན་ཤེས་རབ་མེད་ཉིད་ཀྱིས། །བླུན་པོས་འབད་པ་ལྷག་པར་དགོས། ། ཞེས་པའི་གདམས་པ་ཟབ་མོ་སྙིང་ལ་བཅིངས་ཏེ།   མཁས་བླུན་དང་དབུལ་ཕྱུག  རྒན་གཞོན་དང་ཕོ་མོར་དབྱེ་བ་མེད་པར།  ཐམས་ཅད་ཀྱིས་གནའ་དེང་རིག་པའི་གནས་མཐའ་དག་ལ་ཕྱོགས་སུ་མ་ལྷུང་བའི་སློབ་གཉེར་མཐའ་ཆོད་པ་ཞིག་བྱེད་རྒྱུ་ནི།  རང་དོན་ཡིན་ལ་སྤྱི་དོན་ཡང་ཡིན་ནོ།   །
༢༠༢༢-༦-༧
     ཇི་འདྲ་ཞིག་ལ་ཤེས་རབ་འཆལ་བ་ཟེར།
          ཡང་དག་པ་མ་ཡིན་པའི་ཤེས་རབ་བམ་ཚུལ་བཞིན་མ་ཡིན་པའི་ཤེས་པ་ལོག་པ་ཞིག་ལ་ཤེས་འཆལ་ལམ་ཤེས་རབ་འཆལ་བ་ཞེས་བྱ་སྟེ།    ལེགས་སྦྱར་སྐད་དུ་དུཥྤྲ་ཛྙཿ  ་ཞེས་པའང་ཤེས་རབ་སྐྱོན་ཅན་ཞེས་པའི་དོན་ཡིན། གཞུང་ལུགས་ཐན་ཐུན་ཞིག་ལ་སྦྱངས་ཏེ་ཡོན་ཏན་ཅུང་ཙམ་ཡོད་པ་ལྟ་བུར་སྣང་ན་ཡང་།  དོན་གྱིས་དེའི་ཤེས་རབ་ཉམས་ཤིང་རྒུད་དེ་བློ་མི་གསལ་བར་གྱུར་བ་དང༌། བློ་མི་བརྟན་པའམ་བརྗེད་ངས་ཆེ་བར་གྱུར་བ། བློ་བུལ་བ། ཡུལ་མི་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་དང་བཅས་པར་གྱུར་ཚེ།   གཞུང་ཆེན་པོ་རྣམས་སུ་དེའི་རིགས་ལ་བླུན་པོ་ཤེས་རབ་འཆལ་བ་ཞེས་གསུངས། ལས་རྣམ་པར་འབྱེད་པ་ལས་ཤེས་འཆལ་རྣམས་ཀྱི་སྐྱོན་བཅུ་གསུངས་ཏེ།གང་ཟག་དགེ་སྦྱོང་དང་། བྲམ་ཟེ་མཁས་པ་དང་།མཁས་པའི་གྲངས་སུ་གཏོགས་པ་གང་ཡིན་པ་དེ་དག་གི་གན་དུ་འགྲོ་ཡང་ཡོངས་སུ་མི་འདྲི།  ཡོངས་སུ་འདྲི་བར་མི་བྱེད། མི་བསྙེན། མི་བསྟེན། བསྙེན་བཀུར་མི་བྱེད་པ། འཆལ་བའི་ཤེས་རབ་ཅན་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བྱེད་པ། མཁས་པ་རྣམས་ཀྱི་མི་འཇིགས་པ་གཅོད་པ། ལེགས་པར་བཤད་པ་རྣམས་ཡོངས་སུ་སྤོང་བ།  ཉེས་པར་བཤད་པ་རྣམས་ཀུན་ཏུ་འཛིན་པ།  དམ་པའི་ཆོས་མ་ཡིན་པ་ཡོངས་སུ་སྟོན་པ། དམ་པའི་ཆོས་ཡོངས་སུ་སྤོང་བ།  ཆོས་སྨྲ་བ་རྣམས་ལ་ལེགས་སོ་ཞེས་བྱ་བ་མི་སྦྱིན་པ།  ལོག་པར་ལྟ་བ་བསྔགས་པར་བྱེད་པ།  ཡང་དག་པར་ལྟ་བ་ལ་སྨད་པའོ། །ཞེས་པའོ།   །
      དེང་གི་དུས་འདིར།   སློབ་སྦྱོང་ཕྲན་བུ་རེ་བྱས་པའམ་སྔོན་ཐོན་རྒྱལ་ཁབ་འགའ་རེར་སོང་བ།  ཚན་རིག་ཕྱོགས་ཀྱི་དཔེ་ཆ་ཉུང་ཤས་རེ་བཀླགས་པ་སོགས་རྒྱུ་མཚན་དུ་བྱས་ཏེ།  རང་ཉིད་རིགས་པ་སྨྲ་བ་ཡིན་སྣང་གིས།  རྒྱལ་བ་རྒྱལ་སྲས་དང་རླབས་ཆེན་སྐྱེས་བུ་དག་ལ་རྒོལ་ཞིང་དམོད་པ།   ནང་བའི་གཞི་ལམ་འབྲས་གསུམ་མ་འགྲིག་ཅིང་བོད་པའི་ཆོས་རིག་གོམས་སྲོལ་དང་བཅས་པ་རྗེས་ལུས་ཡིན་པ།   བཀའ་དང་བསྟན་བཅོས་དག་ལྷའི་རིག་གནས་ཡིན་པ་ལས་མིའི་འཚོ་སྡོད་ལ་མི་ཕན་པ།   རྟེན་བཞེངས་མཆོད་འབུལ་སོགས་དགེ་བ་མ་ཡིན་ཞིང་སྲོག་བླུ་ཚེ་ཐར་ལ་སྙིང་བོ་མེད་པ།  ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སོགས་ད་ལྟའི་མིའི་འཚོ་བ་དང་གནས་བབས་ལ་མི་མཐུན་པ།   ཐེག་པ་ཆེ་ཆུང་དང་གྲུབ་མཐའི་ཁྱད་པར་ཚན་རིག་གི་དཔྱད་ཐབས་བེད་སྤྱད་དེ་ཞིབ་འཇུག་བྱེད་པ།   སྤྲུལ་སྐུ་དང་གྲུབ་ཐོབ་ཡིན་མིན་དྲ་རྒྱའི་ནང་ནས་འཚོལ་བ།   ནང་ཆོས་ཡང་དག་ཡིན་མིན་ཚན་རིག་དང་བསྡུར་ཏེ་ཐག་གཅོད་དགོས་པར་སྨྲ་བ་སོགས། བགྲོ་གླེང་དང་དཔྱད་བརྗོད།  ཞིབ་འཇུག་དང་རྟོགས་ཞིབ་ཏུ་བསྙད་པ་མང་བོ་ཞིག་ཀྱང་།  བསོད་ནམས་དམན་ཞིང་ཤེས་རབ་སྐྱོན་ཅན་གྱི་ཕྱོགས་སུ་ལྷུང་བ་ལས་མ་འདས་པས། བདག་ལེགས་སུ་འདོད་པ་དག་གིས། བརྟག་པར་བྱ་བའི་དངོས་པོ་རྣམས་ཀྱི་སྐྱོན་དང་ཡོན་ཏན་སོ་སོར་རྣམ་པར་འབྱེད་པའི་རིག་པ་དང་ཤེས་རབ་ཡང་དག་པ་སྟེ།  ལུང་ལ་བརྟེན་པ་ཐོས་བྱུང་གི་ཤེས་རབ་དང་།རིགས་པ་ལ་བརྟེན་པ་བསམ་བྱུང་གི་ཤེས་རབ།  མྱོང་བ་ལ་བརྟེན་པ་སྒོམ་བྱུང་གི་ཤེས་རབ།  ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ། ཟབ་གསལ་མྱུར་བའི་ཤེས་རབ་སོགས་རྒྱུད་ལ་སྐྱེ་བར་འབད་དེ་སྨོན་ལམ་ཚུན་ཆོད་ཀྱིས་ཀྱང་མཚམས་སྦྱོར་བར་རིགས་སོ།    །
 ༢༠༢༢-༦-༡༢


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oles བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528403
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།