སྐུ་ཞབས་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »སྐུ་ཞབས་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།
སྐུ་ཞབས་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-10ལྟ་ཀློག (6675)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐུ་ཞབས་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།

སྒྲོན་མེ་ཆུང་ཆུང་ངམ་སྐུ་ཞབས་བསོད་ནམས་ཚེ་རིང་ལགས་སྐུ་འཚོ་བཞུགས་སྐབས་ཀྱི་འདྲ་པར།


རང་སེམས་ཟོལ་མེད་དཔང་དུ་བཙུགས་ཏེ་གྲོགས་བཟང་སྒྲོན་མེ་ཆུང་ཆུང་རྗེས་སུ་དྲན་པའི་ཁ་བརྡ།

2022.06.9

བོད་ཀྱི་སློབ་གསོ་གླིང་གི་ཚོགས་གཙོ་དང་དྲ་གྲོགས་རྣམ་པ།

ང་དྲ་གྲོགས་ཧ་ཡིན། དངོས་མིང་གདུགས་དཀར་དང་པིར་མིང་ཆབ་བྲག་གདུགས་དཀར་ཞེས་བྲིས་པའང་ཡོད།

ད་ལོའི་སྤྱི་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། བོད་ཀྱི་སློབ་གསོའི་དྲ་ཚོམས་ནང་ན་སྒྲོན་མེ་ཆུང་ཆུང་ཟེར་ཞིང་། དངོས་མིང་ནི་བསོད་ནམས་ཚེ་རིང་སྟེ་རྨ་ལྷོ་ཁུལ་གྱི་མི་སྣ་གྲགས་ཅན་བསོད་ནམས་ཚེ་རིང་རྣམ་གསུམ་ཞེས་པ་ལས་རྨ་ལྷོ་སོག་རྫོང་གི་བསོད་ནམས་ཚེ་རིང་ཁོང་ནད་གྱི་དབང་གིས་ཚེ་ལས་འདས་སོང་། གཏམ་ངན་འདི་དེའི་ཉིན་ང་རང་ཟི་ལིང་གནམ་གྲུའི་འབབ་ཚུགས་ལས་ཕྱིར་ཕ་ཡུལ་ལོག་བཞིན་པའི་ལམ་བར་ནས་ཐོས་བྱུང་ལ་ནམ་གུང་ཕ་ཡུལ་ལ་ཐོན་དུས་ངོ་མ་ཡིན་འདུག གྲོགས་བཟང་སྒྲོན་མེ་ཆུང་ཆུང་འཇིག་རྟེན་གཞན་ཞིག་ལ་བཞུད་སོང་། ཕངས་སེམས་ཤིན་ཏུ་ཆེ་ན་ཡང་རང་དབང་སུ་ལའང་མེད། ཁོང་ནི་ང་ཚོ་རྨ་ལྷོ་སོག་རྫོང་གི་ས་གནས་སློབ་གསོའི་ཁྱབ་ཁོངས་དང་སོག་རྫོང་གཏམ་དཔེ་གླིང་ན་སྐད་གྲགས་ཡོད་པ་མ་ཟད། རྨ་ལྷོ་ཁུལ་དང་མཚོ་སྔོན་ཞིང་ཆེན། རྒྱལ་ཡོངས་ལ་ཡང་སྐད་གྲགས་ཁྱབ་ཡོད་དེ། ཁོ་རང་ཡོད་པའི་དུས་སུ་སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་ཀུན་སྤྱོད་སློབ་གསོ་གཏོང་མཁན་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱ་བའི་སྔོན་ཐོན་མི་སྒེར་དང་། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། མཚོ་སྔོན་ཞིང་ཆེན་པྲོག་གསར་ནད་དུག་འགོག་རྒོལ་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་བརྩེ་སེམས་བྱ་བའི་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀྱི་ལེའུ་ཧྥུན་སློབ་སྦྱོང་ལས་གནས་དཔེ་སྟོན་མི་སྣ་དང་སྐབས་བཞི་བའི་མཚོ་སྔོན་ཞིང་ཆེན་གྱི་ཀུན་སྤྱོད་མིག་དཔེ་མིང་བཏོན་གཟེངས་བསྟོད་བྱ་དགའ་ཐོབ་པ་སོགས་སྐབས་ཐོག་གི་གསར་འགྱུར་དང་བརྙན་འཕྲིན་སོ་སོ་ན་སྤེལ་བ་དང་སྒྲོག་གིན་ཡོད་ལ། ཉིན་དུ་མའི་སྔོན་དུ་དྲ་གྲོགས་གངས་རིའི་ཁུ་བྱུག་དང་དྲ་གྲོགས་གཞན་དང་གཞན་གྱིས་ཀྱང་དྲ་ཚོམས་འདིའི་ནང་དུ་ཁོང་གི་བྱས་རྗེས་གླེང་ཞིང་བསྐུར་ཀྱིན་འདུག་པ་ལས་ཀྱང་ཤེས་སླ། དེའི་ཕྱིར་ངས་ནི་དམིགས་བཙུགས་ཏེ་རང་གི་གྲོགས་པོ་འདིའི་ཆེ་བ་བཤད་མི་དགོས་མོད། འོན་ཀྱང་དྲ་གྲོགས་ཁ་ཤས་ཀྱིས་བདག་གི་དྲ་མིང་ནས་བོས་ཏེ་ཁོང་ལ་རྒྱུས་ཡོད་ཚོད་ཀྱི་ཁ་བརྡ་ཞིག་བྱ་བའི་རེ་བ་ཞིག་ཞུས་ཡོད་པ་དང་དུ་བླངས་ཤིང་རང་སེམས་ཟོལ་མེད་དཔང་དུ་བཙུགས་ཏེ་གྲོགས་བཟང་རྗེས་སུ་དྲན་པའི་ཁ་བརྡ་འདི་བྱེད་རྒྱུ་ཡིན།

ཁོང་དང་ངེད་གཉིས་ནི་དམའ་འབྲིང་ལོ་གསུམ་རིང་གི་སློབ་གྲོགས་ཡིན་ལ། རྨ་ལྷོ་དགེ་ཐོན་སློབ་གྲྭའི་ལོ་ངོ་བཞིའི་རིང་གི་སློབ་གྲོགས་ཡིན། ཁོང་ནི་གསར་ཡག་ཅིག་ཡིན་ལ་སྡུག་རུས་ཅན་ཞིག་ཡིན། སློབ་སྦྱོང་ལ་བཟང་ཞིང་ལྷག་པར་རྩིས་རིག་ལ་བཟང་། དགེ་ཐོན་སློབ་གྲྭའི་ནང་དུ་ངེད་གཉིས་འཛིན་གྲྭ་གཅིག་པའི་ཐོག་ཅོག་ཙེ་སྔ་གཞུག་ཡིན་ལ། ཐེངས་ཤིག་དགོང་སྦྱོང་གི་སྐབས་སུ་ངས་སློབ་ཁང་ནང་ནས་ལྒང་ལི་རྩེད་ནས་ཁོང་ལ་རང་སྦྱོང་བྱེད་དུ་མ་བཅུག་པས་ངེད་གཉིས་ཀྱིས་རྡུང་རེས་བརྒྱབ། ཁོང་གིས་ངའི་གདོང་དཀྱིལ་ལ་ཁུ་ཚུར་གཞུས་པ་དང་ངས་ཀྱང་ཁོང་ལ་བརྒྱབ་ནས་ཐང་ལ་བསྒྱེལ། སློབ་གྲོགས་རྣམས་ཀྱིས་བར་བཤོལ་བྱས་སོང་། ཉིན་འགའི་རྗེས་སུ་སླར་ཡང་ངེད་གཉིས་ལྷོ་འགྲིག་བྱང་འགྲིག་ཏུ་གྱུར། དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཁོང་ནི་རྨ་ལྷོ་སོག་རྫོང་གི་ས་ཐག་རིང་སའི་མདོ་གསུམ་སློབ་ཆུང་དུ་དགེ་རྒན་དུ་སོང་ལ། ངས་ནི་བྱ་བ་བསྐྱུར་ནས་མཚོ་སྔོན་སློབ་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་སློབ་གྲྭ་འགྲིམས། ང་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་ཡོང་བ་ཡིན། སྐབས་དེར་ཁོང་ནི་སློབ་གསོའི་ལས་གནས་སྟེང་ན་སྐད་གྲགས་ཅན་ཞིག་ཏུ་གྱུར་འདུག ཁོམ་དུས་ཁོམ་དུས་ངེད་གཉིས་ཁ་བརྡ་གློད་པ་ཡིན། ཁོང་ནི་ཁུ་སུན་སློབ་ཆུང་གི་སློབ་གཙོ་ཡིན་པའི་རིང་ལ། ཁུ་སུན་ཞང་གི་སློབ་གསོ་ལ་འགྱུར་བ་ཆེན་པོ་བྱུང་ཞིང་། ལོ་མཇུག་དཔྱད་སྡུར་ཁྲོད་སྟུད་མུར་ལོ་བཅུ་ལ་རྫོང་ཡོངས་ཀྱི་ཨང་དང་པོ་དང་། ལོ་དགུ་ལ་སྔོན་ཐོན་སྡེ་ཁག འདེམས་རྒྱུགས་དང་མཐར་ཕྱིན་གཅིག་གྱུར་རྒྱུགས་ལེན་ཁྲོད་རྫོང་ཡོངས་ཀྱི་ཨང་གསུམ་པའི་མན་ལ་ལྷུང་མ་མྱོང་བས། སློབ་གཙོ་བསོད་ནམས་ཚེ་རིང་ཞེས་མཚན་སྙན་ཤིན་ཏུ་ཆེ་བ་བྱུང་། ད་དུང་རྨ་ལྷོ་སོག་རྫོང་གི་སློབ་གསོའི་ལོ་རྒྱུས་ལ་མཚོན་ན། ཞང་གཞན་གྱི་སློབ་ཆུང་ལ་སློབ་ཁྲིད་ཐོག་ཁང་མེད་དུས་ཁོང་གིས་རྫོང་དཔོན་ཚེ་བརྟན་ལ་ཡང་སྐོར་བསྐྱར་སྐོར་གྱིས་སློབ་ཁྲིད་ཐོག་ཁང་གི་འཆར་འགོད་སྙན་སེང་ཞུས་ཏེ་མཐར་ཞང་རིམ་པའི་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་ཐོག་མ་མངོན་འགྱུར་བྱུང་ཞིང་། ཞང་གཞན་ལ་བྱིས་སྐྱོང་ཁང་མེད་དུས་སུ་ཁོང་གིས་རྫོང་དཔོན་དཀོན་མཆོག་སྐྱབས་ལ་བྱིས་སྐྱོང་ཁང་འཛུགས་པའི་དགོས་གལ་རང་བཞིན་དང་ཆོག་མཆན་ཞུས་ཏེ་ཁུ་སུན་ཞང་གི་བྱིས་སྐྱོང་ཁང་མངོན་འགྱུར་བྱུང་དུ་བཅུག་པ་རེད། ཁོང་གིས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་བྱ་བ་རླབས་ཆེན་ཏག་ཏག་བསྒྲུབས་དང་སྒྲུབ་བཞིན་པའི་སྒང་ལ། གློ་བུར་ནད་ཀྱིས་གནོད་དེ་བྱ་བ་མཚམས་འཇོག་དགོས་བྱུང་བ་དང་ལས་འཁྱུར་ངལ་གསོ་བྱས་ཏེ་ལུས་ཕུང་བདག་སྐྱོང་བྱ་དགོས་བྱུང་སོང་། ཞིང་ཆེན་སྨན་ཁང་དང་སྨན་དང་སྨན་པ་མང་པོར་བསྟེན་མཐར་རིམ་བཞིན་ཇེ་དགའ་ཡོང་མོད། སངས་དྲག་ཏུ་འགྲོ་རྒྱུ་མེད་ཟེར་བ་རེད།  ཅུང་ཙམ་ཇེ་བདེར་སོང་བ་ན། ཁོང་གིས་ཉམ་ཐག་དབང་བོ་སྐྱོན་ཅན་མི་བརྒྱ་ལྷག་ལ་རོགས་སྐྱོར་འཆར་གཞི་འཐེན་རྒྱུ་ཡིན་ཟེར་ཞིང་། རྫོང་གི་མངའ་ཁོངས་ནས་ཞང་གྲོང་རྡལ་དྲུག་གི་སྡེ་བ་སོ་དགུ་ལ་རང་གི་རླངས་འཁོར་བསྐོར་ནས་རྩད་གཅོད་ཞིབ་འཇུག་བྱས་ཡོད་པ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་དག་གི་མིང་ཐོ་བཀོད་ནས་རིམ་པ་བཞིན་རོགས་སྐྱོར་བྱ་འགུལ་སྤེལ། དེ་ལ་ཁོང་གི་ཆུང་མ་ཡང་ཧ་ཅང་དྲིན་ཆེན་ཡིན། ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དངོས་ཟོང་ཉོས་ནས་ཁོང་གི་ཁང་ཁྱིམ་དུ་བརྩིགས་ཡོད་པ་ནི་ཚོང་ཁང་ཞིག་གི་མཛོད་ཁང་དང་འདྲ་ལ། འཆར་གཞི་ལྟར་ལག་བསྟར་བྱས་ཚར་བ་ན་དགའ་ནས་འདུག་པ་རེད། དེ་མིན་ང་རང་ཉིན་མཐའ་ཞང་གི་ཧྲུའུ་ཅི་ཡིན་དུས།ལས་བྱེད་ངོ་མ་མིན་པའི་ངའི་ལས་གྲོགས་བསོད་ཁོ་ཟེར་བ་རང་སྦྱོང་སློབ་ཆེན་འདོན་པར་སློབ་ཡོན་གྱི་དཀའ་ཁག་ལ་འཕྲད་ཡོད་པ་བཤད་པས་དེའི་སློབ་ཡོན་ཁ་ཚང་བྱིན་པ་དང་། གཙང་དགོན་པའི་གྲྭ་བ་ཆུང་ཆུང་སོ་སོའི་སློབ་ཁང་གི་ཡོ་ཆས་ཉོ་སྒྲུབ་ཐད་དཀའ་ཚེགས་སེལ་རྒྱུ་བཤད་པར་སྒོར་སྟོང་ལྔ་བྱིན་པ་དང་། ང་རང་རྫོང་སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱི་མགོ་བ་ཡིན་པའི་སྐབས་སུ། སློབ་གསོའི་སྡེ་ཁག་གི་དགེ་རྒན་དཔུང་ཁག་ལས་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་རྒྱུ་ཟེར་ཞིང་།  དེ་འདྲ་སུ་ཞིག་ཡོར་ཟེར་བས། ངས་སྐབས་དེར་སྨན་ཁང་ལས་གཤགས་བཅོས་བྱས་པའི་དབང་པོ་སྐྱོན་ཅན་དགེ་རྒན་བསོད་པོ་ཡོད་ཅེས་པ་ལ་སྒོར་ཁྲི་གཅིག་བྱིན་ཡོང་ལ། སུས་བྱིན་པའི་མིང་མ་བཤད་ཅེས་བཤད་པ་དང་ངས་ཡང་ཁས་བླངས། དགེ་རྒན་བསོད་པོ་ལ་སྒོར་མོ་ཁྲི་གཅིག་འཕྲོད་རྗེས་འཕྲོད་ཡིག་དང་བཀའ་དྲིན་ཞུ་ཡིག་སྟེར་དུ་བཅུག་པར། ཁོ་རང་ཅུང་ཟད་ཁྲོ་སྟེ་མ་བཤད་ཅེས་པ་བཤད་སོང་ངམ་ཟེར། ངས་ནི་དེ་ལྟར་མ་བཤད་ན་ངས་ཕར་ལ་བྱིན་ཡོད་མེད་ཀྱང་ཤེས་དཀའ། ཁྱོད་བསམ་པ་བཟང་མོད། ངས་ནི་གསལ་བོ་བྱེད་དགོས་པ་གལ་ཆེ་ཞེས་བཤད་པ་ན་ཅང་མི་སྨྲ་བར་གྱུར། ཁོང་གིས་ད་དུང་ཁོར་ཡུག་སྲུང་སྐྱོང་རང་འདུན་ཚོགས་པ་སོ་སོ་ལ་གད་སྙིགས་འཐུ་བྱེད་ཀྱི་ཁུག་མ་དང་ལག་ཤུབས་སྟོང་སྟོང་བྱས་ཏེ་སྟེར་མྱོང་བ་དང་མང་ཚོགས་ཀྱི་ཡིག་རྨོངས་སེལ་བའི་དྲང་ཐིག་རྨོངས་སེལ་ཚོགས་པ་ལ་ཡང་ཁ་པར་གཏོང་གླ་ལ་སྒོར་སྟོང་རེའི་རོགས་སྐྱོར་བྱས་ཡོད་པ་རེད། ནད་ཤིན་ཏུ་ལྕི་བའི་དགེ་རྒན་ཚེ་རིང་དོན་གྲུབ་ལའང་སྒོར་ཁྲི་གཅིག་གིས་རོགས་བྱས་འདུག  གཞན་ཟི་ལིང་ན་ཡོད་པའི་ཕ་ཡུལ་གཅིག་པའི་སློབ་གྲྭ་ཆེན་མོ་རྣམས་འཚོགས་པ་ལ་ཡང་སྒོར་སྟོང་བདུན་བྱིན་པ་རེད། དེ་མིན་ཤིང་བཟའ་དགོན་པའི་གྲྭ་རྒྱུན་གསོ་སྐྱོང་འཛིན་གྲྭའི་ཕྱོགས་ལ་ཕུལ་བ་ནི་དྲ་གྲོགས་གངས་རིའི་ཁུ་བྱུག་ལ་གསལ་བ་དང་། དགོན་པ་གཞན་གསུམ་པོ་ལ་རོགས་སྐྱོར་བྱས་པ་ནི་སྐབས་དེའི་ལས་སྣ་དག་ལ་གསལ་གསལ་ཡིན། གོང་གི་ང་ལ་གསལ་བའི་དོན་བཟང་དེ་དག་ནི་སྤྱིར་དང་ཐོག་གི་ཁོང་ལ་མཚོན་ན། ཕྱི་ལ་བསྒྲག་པའི་བསམ་པ་མེད་ཅིང་གསང་སྟབས་ཀྱིས་ཕན་ཆེ་ཐོགས་ཆུང་ཐོགས་ཀྱིས་བསྒྲུབས་དང་སྒྲུབ་བཞིན་པ་ཞིག་དང་། གྲོགས་ཁ་ཁོག་མཐུན་པ་ལ་དག་ལ་ཁ་བརྡ་རེ་བྱེད་པ་ཙམ་ལས་མིན་མོད། ཝུའུ་ཧན་གྱི་པྲོག་གསར་ནད་དུག་སྔོན་འགོག་ཐད་སྟེར་ཐེངས་གཅིག་གིས་སྒོར་ཁྲི་བཅུ་གཅིག་བྱིན་པ་ལ། གོང་རིམ་རྩ་འཛུགས་ཀྱིས་ཆེད་དམིགས་ཀྱིས་དྲིལ་བསྒྲགས་ཆེན་པོ་བྱས་པ་ན། ད་གཟོད་གཞན་རྣམས་ཀྱང་མ་གསང་བར་ལྷང་ངེར་འབུད་དུ་བཅུག་ཅིང་། འདྲི་མཁན་གྱི་ཚོགས་པ་དང་མི་སྒེར་སུ་ལའང་བཤད་སོང་བ་རེད།  དེ་ནས་བཟུང་རྩ་འཛུགས་ཀྱི་མགོ་ཁྲིད་ཆེན་པོ་རྣམས་ཁོང་གི་ཁྱིམ་ཚང་ལ་འཚམ་འདྲི་བྱེད་དུ་ཡོང་ཞིང་གསར་འགོད་པ་རྣམས་བླུག་ཡོང་བས་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་སོང་བ་རེད།

ཁོང་ནི་ངོ་མ་གངས་རིའི་ཁུ་བྱུག་གིས་བཤད་པ་ནང་བཞིན། ནང་ཕུ་ནུ། ཚ་ཚ་མོ། གཉེན་དང་གྲོགས་ལ་བཟང་བར་མ་ཟད། ཤ་ཁྲག་གཉེན་ཉེ་མ་ཡིན་པ་མང་པོ་ཞིག་ལ་གཉེན་ཉེ་ལས་ཀྱང་ལྷག་པའི་དྲིན་ཆེན་ཡིན་པ་རེད། དེ་ནི་ད་ཐེངས་འདས་མཆོད་ཀྱི་ཉིན་དེའི་རིང་ལ། མྱ་ངན་ཞུ་རུ་ཡོང་བའི་མགྲོན་པོ་རྣམས་ལས་ཀྱང་ཤེས་ཐུབ་སྟེ། ཉེ་རིང་ཡིན་མིན་གཉིས་ཀ སྐྱ་སེར་གཉིས་ཀ དབང་བོ་སྐྱོན་ཅན་ཁྱོགས་འཁོར་ནང་བསྡད་ནས་ཡོང་མཁན་དང་། ཏང་ཡོན་རྒན་པ་ཚོའི་འཐུས་ཚབ། སྤོ་ལོ་གླིང་གི་ཚོགས་པ་སོགས་ཐོན་བྱུང་ལ། ལོ་མང་པོའི་ཡར་སྔོན་གྱི་དགེ་གྲོགས་རྣམས་ཀྱང་ཐོན་བྱུང་ལ།  རྫོང་ཨུའི་ཧྲུའུ་ཅུའི་མངག་བཀོད་ལྟར་རྫོང་གི་སྡེ་ཚན་ཆེན་པོ་བཞིའི་མགོ་ཁྲིད་ཚོ་ཡང་ཡོང་སྟེ་ཁོང་གི་ཆུང་མ་ལ་སྒོར་སྟོང་ཚོ་དགུ་ཡི་འཚམས་འདྲི་དང་སེམས་གསོ་བྱས་པ་རེད། འདི་དག་གིས་ཀྱང་ངའི་གྲོགས་པོ་འདི་ཐུན་མོང་མ་ཡིན་པའི་མི་སྣ་ཞིག་ཡིན་པ་མ་བཤད་ཀྱང་ཤེས་ཐུབ་པ་ཞིག་ཡིནརེད།

ངའི་གྲོགས་པོ་འདི་ལ་ད་དུང་ཁྱད་ཆོས་ཤིག་ཡོད་པ་ནི། ས་གནས་ཀྱི་རྩ་འཛུགས་ལ་བློ་དཀར་ཞིང་རྫོང་ཨུའི་ཡིག་ཆ་གལ་ཆེན་ལ་སློབ་སྦྱོང་བྱེད་པར་ཤིན་ཏུ་དགའ། གྲོགས་ལ་ཕྱི་ཐག་རིང་ཞིང་ངེད་གཉིས་ཀྱིས་ཁ་བརྡའི་ཁྲོད་ནས་མི་མཐུན་པའི་ལྟ་ཚུལ་གྱི་ཁ་རྩོད་དང་ཚིག་རྩོད་གནམ་ས་འགུལ་བ་ལྟར་བརྒྱབ་ཀྱང་མཛའ་བརྩེ་ལ་ནི་གནོད་པ་ཏོག་ཙམ་ཡང་མེད། ད་དུང་སྔར་ལས་ཟབ་ཅིང་སྔར་ལས་མཁོ་བར་འགྱུར།  ཁོང་གི་སྐད་འཕྲིན་ལས་སྐབས་སྐབས་སུ། གྲོགས་མཆོག་དམ་པ། ཁྱོད་ལ་ཁོམ་པ་ཡོད་དུས། ཟ་མ་ཞིམ་པའི་ཟ་ཁང་སྐྱིད་ས་ཞིག་ནས་ཁ་བརྡ་སྐྱིད་པོ་ཞིག་བྱ། ཞེས་སྐད་ཆ་འཇོག་པ་ཡིན།  ཁོང་ནི་ངའི་སློབ་གསོའི་བློ་འདྲི་ས་ཞིག་ཀྱང་ཡིན་ལ། ངའི་འཇིག་རྟེན་གྱི་འཚོ་བའི་གསང་བ་གསང་མི་དགོས་ས་ཞིག་ཀྱང་ཡིན། ཕན་ཚུན་ལ་མི་སླུ་བའི་ཡིད་ཆེས་རྙེད་པའི་མི་ཚེ་གཅིག་གི་གྲོགས་པོ་ཞིག་ཡིན།

གངས་རིའི་ཁུ་བྱུག་གིས་བཤད་པ་ནང་བཞིན། ཁོང་ནི་མཁས་པའི་ཉེ་སར་བཅར་ཏེ་ལེགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འབད་མཁན་ཅིག་ཀྱང་ཡིན་ཏེ། སྔན་ཆད་ངེད་གཉིས་ཁ་བརྡ་བྱེད་སྐབས། གཅན་རོང་བསྟན་འཛིན་གྱི་སློབ་གསོའི་རྣམ་བཤད་དེ་སློབ་གསོའི་དཔེ་ཆ་འཐད་ས་ཞིག་ཡིན་ལ་དེའི་ནང་ན་འདི་ཞེས་ཡོད་ཟེར་བ་དང་། ཤིང་བཟའ་རིན་པོ་ཆེ་སྐུ་གོང་མ་དང་དགེ་བའི་བཤེས་གཉེན་ཆེན་མོ་བླ་བྲང་ཨ་ཁུ་དགེ་འདུན་རྒྱ་མཚོའི་མདུན་ལ་སོང་དུས་འདི་ལྟར་གསུངས་ཞེས་དང་། ཏིན་ཞའོ་ཕེན་གྱི་སློབ་གསོའི་གསུང་བཤད་ལས་ང་ནི་འདི་ལ་དགའ་ཞེས་བཤད་རྒྱུ་མང་། ད་དུང་ཁོང་གི་འཆར་གཞི་ལྟར་ངེད་གཉིས་ཁོམ་སྐབས་བཙལ་ཏེ་བླ་བྲང་གི་བེ་སིའི་གྲགས་པ་ཚང་དང་། རྔ་བའི་སྒོ་ཤེས་རབ་རྒྱ་མཚོ་དང་། མདའ་ཚན་དགོན་པའི་དགེ་བཤེས་ཀྱི་ཚན་ཁག་མདའ་འོ་མའི་འཕྲིན་དང་། མདའ་མེ་ལྕེ། མདའ་སྨྱུག་ཚོན། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་ཀྱི་མདུན་ལ་བཅར་ནས་མཁས་པའི་གསུང་ལ་ཉན་པ་དང་རང་གི་དོགས་པ་དྲིས་པ་དང་། ཕྱིར་ཡོང་རྗེས་དེ་དག་ལས་བློ་སྒོ་གང་དག་ཕྱེས་པའི་སྐོར་ལ་བསམ་གཞིག་གཏོང་བའི་གོམས་གཤིས་དང་ལྡན་པ་ཞིག་ཀྱང་ཡིན།

མདོར་ན་ཁོང་ནི་མི་ཚེ་འདིའི་བདག་གི་གྲོགས་པོ་རྣམས་ལས་གྲོགས་མཆོག་ཅིག་ཡིན་ལ། རྒྱན་གྱིས་སྤུད་མི་དགོས་པའི་གསར་ཡག་ཅིག་ཡིན། སེམས་ཀྱིས་དོགས་མི་དགོས་པའི་གྲོགས་མཆོག་ཅིག་ཡིན་ལ། འུད་ཀྱིས་བསྟོད་མི་དགོས་པའི་མི་སྣ་དཔེ་ལེགས་ཅན་ཞིག་ཡིན། ཁོང་ནི་རྨ་ལྷོ་སོག་རྫོང་འདི་ནས་སློབ་གཙོ་བསོད་ནམས་ཚེ་རིང་ཞེས་གྲགས་མྱོང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ནས་ཀུན་སྤྱོད་དཔེ་ལེགས་མི་སྣ་ཞེས་གྲགས་ཡོད་ལ། གསར་འགྱུར་དང་བརྙན་འཕྲིན་བརྒྱུད་ནས་སྙན་པའི་གྲགས་པ་རྒྱལ་ཡོངས་ལ་ཁྱབ་ཡོད་པ་ཞིག་ཡིན་ལ། སོག་རྫོང་གཏམ་དཔེ་གླིང་དང་བོད་ཀྱི་སློབ་གསོའི་གླིང་སོགས་དྲ་ཚོམས་སྣ་ཚོགས་ན་སྒྲོན་མེ་ཆུང་ཆུང་ཞེས་གྲགས་ཡོད། ཁོང་གི་སློབ་གསོས་ནི་སློབ་མ་མང་པོ་ཞིག་ལ་མི་ཚེ་གང་བོར་ཕན་ཐོགས་པའི་བློ་གྲོས་དང་ཤེས་རབ་ཀྱི་མིག་འབྱེད་ཡོད་ལ། ཁོང་གི་སྦྱིན་པས་ནི་ཉམ་ཐག་པ་མང་པོ་ཞིག་ལ་འཚོ་བའི་རེ་བ་དང་བདེ་སྐྱིད་ཀྱི་དྲོད་ཁོལ་བསྐྲུན་ཡོད། ཁོང་གིས་མི་ལུས་ཐེངས་གཅིག་རྙེད་པའི་རིན་ཐང་གིས་གཞན་དོན་ཁས་བླངས་པ་ཐམས་ཅད་འཆར་གཞི་ལྟར་འགྲུབ་སོང་ལ། གཞན་འགྲུབ་མེད་པར་གཅིག་ལུས་ཏེ་ཡོད་པ་ནི་ས་ཆ་དམའ་ས་དབྱང་རླུང་འཛོམས་ས་ཟི་ལིང་ནས་རང་གི་ཁྱིམ་ཚང་ལ་ཁང་བ་རྙིང་བ་ཞིག་རིན་གོང་རན་པ་ཞིག་ཉོ་རྒྱུའི་འཆར་གཞི་དེ་ཡིན་སོང་། ད་ནི་ཁོང་ཚེ་ལས་འདས་སོང་། ལོ་ལྔ་བཅུ་བརྒལ་ཙམ་ལས་མིན། ཁོང་ཚེ་ལས་འདས་པ་ནི་བཟའ་ཚང་དང་བུ་ཕྲུག གཉེན་ཉེ་དང་གྲོགས་པོའི་གྱོང་གུད་ཙམ་གྱིས་ག་ལ་ཚད་དེ། སྤྱིར་རྨ་ལྷོ་ཁུལ་དང་སྒོས་རྨ་ལྷོ་སོག་རྫོང་གི་གྱོང་གུད་ཆེན་པོ་ཞིག་ཀྱང་ཡིན་ངེས། ཁོང་གིས་བཞག་པའི་བྱས་རྗེས་དེ་འདྲ་ཞིག་དང་། ཁོང་གིས་བླངས་པའི་མཚན་སྙན་དེ་འདྲ་ཞིག ཁོང་གིས་བཟུང་བའི་ལ་རྒྱ་དེ་འདྲ་ཞིག ད་ནི་ཧ་ཅང་ཡང་དཀའ་མོ་ཡིན་རྒྱུ་རེད། ཁོ་རང་བཞུད་སོང་བའི་ཤུལ་གྱི་སྟོང་ཆ་ནི་གཞན་སུས་ཀྱང་སྐོང་ཐབས་མེད་པ་རེད།  ཁོང་གི་མི་ཚེ་ནི་རིང་ཐུང་གིས་བཤད་ན་ཐུང་ཐུང་ཐུང་ཐུང་ཞིག་ཡིན་མོད། འོན་ཀྱང་དོན་སྙིང་སྟོང་གིས་ཕྱུག་པ་ཞིག་རེད། བསོད་ནམས་ཚེ་རིང་གིས་ས་གཞི་འདི་ལ་བསོད་ནམས་ཕུན་སུམ་ཚོགས་པའི་དཔལ་འཕེལ་དུ་བཅུག་ཡོད་ལ། སྒྲོན་མེ་ཆུང་ཆུང་གིས་ཡུལ་ཁམས་ཡོངས་ལ་དགེ་བའི་འོད་སྣང་འབར་དུ་བཅུག་ཡོད།

       སློབ་གྲོགས་བསོད་ནམས་ཚེ་རིང་། དྲ་གྲོགས་སྒྲོན་མེ་ཆུང་ཆུང་ལགས། འཇིག་རྟེན་གཞན་དུ་བཞུད་པའི་ཉིན་བཅུ་གཅིག་གི་རྗེས་ཏེ་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་ཀྱི་རྨ་ལྷོ་ཁུལ་བུད་མེད་ལྷན་ཚོགས་ཀྱི་དྲ་ཚིགས་ངོས་ན། 2022ལོའི་སྐབས་གསུམ་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་བསོད་ནམས་ཚེ་རིང་ཞེས་གཟེངས་བསྟོད་གསར་བ་ཞིག་སྤེལ་འདུག ཚོགས་གཙོ་ཀྱལ་ཕུག་པ་དང་དྲ་གྲོགས་བློ་སངས་སོགས་ཀྱི་རེ་བ་ལྟར་ངས་ནི་རང་སེམས་ཟོལ་མེད་དཔང་དུ་བཙུགས་ཏེ་གྲོགས་བཟང་ཁོང་རྗེས་སུ་དྲན་པའི་ཁ་བརྡ་ཉུང་ཉུང་འདི་བྱས་པ་ཡིན། འདི་ན་རྫུན་དང་སྒྲོ་འདོགས་ཡོད་མེད་ཀྱི་ཆ་ནས་རྩོད་དགོས་བྱུང་ན་ང་ནི་དཔའ་བོ་གཡུལ་ལ་ཆས་པ་ལྟ་བུའི་ངར་ཤུགས་དང་དཔའ་རྩལ་ཅིག་ཡོད་མོད། འོན་ཀྱང་ཞིབ་ཆ་མ་ཐོན་པ་དང་ལུས་སོང་བ་གང་མང་ཡོད་སྲིད་པས་མི་མངོན་དབྱིངས་ནས་བཟོད་གསོལ་གནང་བར་ཞུ་ཞུ།

ཞེས་རང་སེམས་ཟོལ་མེད་དཔང་དུ་བཙུགས་ཏེ་གྲོགས་བཟང་སྒྲོན་མེ་ཆུང་ཆུང་རྗེས་སུ་དྲན་པའི་ཁ་བརྡ་བྱེད་པ་པོ་ནི་བན་ཤུལ་འཇམ་དབྱངས་ཀྱིས་དྲ་ཚིགས་ཀྱི་དགོས་མཁོར་ཞུས་པས་ཡིག་ཐོག་ཏུ་ཕབ་པ་པོའང་ཡིན་ནོ།།

ལོ་ཟླའི་བཞུད་ལམ་ཁྲོད་ཀྱི་གཟི་བརྗིད་རྟགས་མ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྐུ་ཞབས་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།: འབྲོ་དགེ་བ། སྤེལ་དུས:2022/6/10
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། བདེ་བ་ཅན་ནས་སྐྱེ་བར་ཤོག།
  སྐུ་ཞབས་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།: འབྲོ་དགེ་བ། སྤེལ་དུས:2022/6/10
འདས་བོ་ཁོང་ནི་ང་རང་མི་ལོ་ཉི་ཤུའི་ཡར་སྔོན་དུ་སློབ་གསོའི་ལས་གནས་འདིར་ཐོག་མར་ཞུགས་དུས་ནས་བདག་གི་སློབ་གཙོ་ཡིན་ལ། ངའི་མི་ཚེའི་བྱ་གཞག་དང་མི་གཞི་ཀུན་སྤྱོད་ཐད་ལ་ལམ་སྟོན་མཛད་མཁན་གྱི་དྲིན་ཆེན་ཡིན། གཞན་ཕན་ལྷག་བསམ་གྱི་འོད་སྣང་ཡལ་བ་མེད་པའི་སྒྲོན་མེ་ཆུང་ཆུང་ཞིག་ཡིན། མི་རིགས་སློབ་གསོ་གླེང་ན་ཤ་གསེང་ན་རུས་དང་རུས་གསེང་ན་རྐང་ཅན་གྱི་སྐྱེས་བུ་དམ་པ་ཞིག་ཡིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23521800
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།