༡༨ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 14 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༨ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༨ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (2688)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

               

    སློབ་དཔོན་གྱི་གཏམ་དེས་ཧྲི་ཕན་ཐོའི་སེམས་བདེ་ལྷོད་དུ་གྱུར་ཅིང་མྱུར་དུ་རྟ་ལ་ཞོན་ནས་རྡུལ་འཚུབ་ཅིག་དང་བཅས་འོང་སའི་ལམ་དེ་ཉིད་དུ་ཕྱིར་ལོག་སོང་། ད་ནི་སློབ་དཔོན་གྱི་འགྲམ་ན་དབུགས་ཐོགས་ཤིག་ཡོད་པ་ནི་ཧོར་མི་རྒན་པོ་དེའི་ཁྲིད་ནས་འོངས་པའི་རྟ་རྒན་རྐྱང་དམར་འབའ་ཞིག་ཡིན། ཕྱོགས་གང་དུ་བལྟས་ཀྱང་མཐའ་ཡས་པའི་བྱེ་ཐང་ལས་གཞན་མི་འདུག མི་སྐད་ཁྱི་སྐད་ཅིག་ཕར་ཟད། ཐ་ན་བྱ་བྱིའུ་ཞིག་ཀྱང་གྲག་རྒྱུ་མེད་པར་ཐལ་ཆེ་བའི་ལྷིང་འཇགས་ཀྱིས་གཅིག་པུར་ལུས་པའི་མིའི་སེམས་ལ་སྨྲ་མི་ཤེས་པའི་སྐྱོ་སྣང་ཞིག་དང་སྐྲག་སྣང་ཞིག་དབང་མེད་དུ་སྟེར་རོ།། 

    ཕ་མཐའ་མི་མངོན་པའི་བྱེ་ཐང་དེ་ན་སློབ་དཔོན་རྨད་བྱུང་གཟི་བརྗིད་དང་རྟ་རྒན་རྐྱང་དམར་གཉིས་དལ་བུ་དལ་བུའི་ངང་ནུར་བ་ལྟར་གོམ་པ་གང་རེ་གང་རེ་བཞིན་མདུན་ནས་མདུན་དུ་སྤོ་བཞིན་མཆིས། སྐབས་སྐབས་སུ་བྱེ་མའི་གསེང་ནས་མི་དང་དུད་འགྲོ་ཤི་བའི་ཀེང་རུས་དཀར་སེང་ངེར་གྱུར་བ་རེ་བུད་བྱུང་བ་མཐོང་བས་ལམ་མ་སྟོར་བ་ཤེས། མཚམས་ལན་རེར་རླུང་འཚུབ་དྲག་པོ་དང་འདྲེས་པའི་བྱེ་མའི་རྦ་རླབས་གནམ་ས་གཡོ་བ་རེ་འཁྲུགས་ན་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་ཀྱང་གཏན་མི་གསལ་བས་གང་དུ་འགྲོ་དགོས་པ་མི་ཤེས་མོད། འོན་ཀྱང་ཁ་མལ་ནས་བསྡད་ན་ནི་བྱེ་འོག་ལ་གཏེར་དུ་འཇུག་ཉེན་ཡོད་པས་ཅིས་ཀྱང་བསྐྱོད་དགོས། ཡང་མཚམས་ལན་རེར་རྒྱང་རིང་གི་བྱེ་ཐང་ནས་རྟ་དང་རྔ་མོང་ལ་ཞོན་ཅིང་ལུས་ལ་པགས་པ་གྱོན་པ། ལག་ཏུ་མདུང་དང་རལ་གྲི་ཐོགས་པ་མང་བོ་དཔུང་ལ་དཔུང་བསྡོངས་ཏེ་ཚུར་འོང་བ་ལྟ་བུའམ་འགྱུར་ལྡོག་མ་ངེས་པ། ཐག་རིང་ནས་བལྟས་ན་གསལ་བས། ཇག་པ་སླེབས་པ་མིན་ནམ་སྙམ་དུ་འཇིགས་སྣང་བསྐྱེད་པ། ཉེ་སར་སླེབས་དུས་མི་གསལ་ཞིང་མི་མངོན་པར་ཡལ་ནས་འགྲོ་བས། དངོས་དང་འཁྲུལ་སྣང་གང་ཡིན་འབྱེད་མི་ཐུབ་པ་སྣ་ཚོགས་ཀྱིས་མི་སེམས་རབ་ཏུ་འཁྲུགས་པར་བྱེད་ཅིང་འཇིགས་པ་བསྐྱེད་པ་དུ་མ་མཐོང་བ་ན། སློབ་དཔོན་གྱི་ཐུགས་ལ་འདི་ནི་ཅི་ཞིག་ཡིན་ནམ། སྔར་ཧོར་མི་རྒན་པོ་དེས་མདུན་གྱི་ལམ་འཕྲང་དེ་ན་འདྲེ་གདོན་གྱི་བར་ཆད་མང་བོ་ཡོད་ཟེར་བ་དེ་འདི་འདྲ་ཡིན་ནམ་ཅི་སྙམ་དུ་དགོངས་པ་ན། བར་སྣང་ནས་འཇིགས་མི་དགོས། འཇིགས་མི་དགོས། མདུན་དུ་སོང་ཞིག་ཟེར་བ་ལྟ་བུའི་སྒྲ་ཡང་ཐོས་པས་རང་སེམས་ལ་ཚགས་གྱིས་ཏེ་མདུན་ནས་མདུན་དུ་བསྐྱོད་དོ།། 

    དེ་ལྟར་མི་མེད་ཀྱི་བྱེ་ཐང་དེ་ནས་དངོས་དང་འཁྲུལ་སྣང་འདྲེས་མ་ལྟ་བུའི་ངང་ནས་ལེ་དབར་བརྒྱད་ཅུ་ཙམ་ཕེབས་པ་ན། སློབ་དཔོན་སྲུང་ཚིགས་དང་བོ་དེའི་ཉེ་འགྲམ་དུ་སླེབས། སྲུང་དམག་གིས་མཐོང་དུ་དོགས་ནས་བྱེ་ཁུག་ཅིག་ཏུ་ཡིབ་ནས་ས་རུབ་རག་གི་བར་དུ་བཞུགས་ཤིང་ས་རུབ་པ་ན་གསང་སྟབས་ཀྱིས་ཆུ་བཙལ་བ་དང་། སྲུང་ཚིགས་དེའི་ནུབ་ལོགས་ན་ཆུ་ཡོད་པ་གཟིགས། མི་རྟ་གཉིས་ཀས་ཆུ་ཡིད་ཚིམ་པ་ཞིག་བཏུང་ནས་ཆུ་རྐྱལ་གྱི་ནང་དུ་ཆུ་བཅུ་བར་བརྩམས་པ་ན། གློ་བུར་དུ་ཤུར་སྒྲ་དང་བཅས་མདའ་ཞིག་ཚུར་འཕངས་བྱུང་བ་ཅུང་ཙམ་མིན་ན་སློབ་དཔོན་ལ་ཕོག ཅི་ཞིག་ཡིན་པའང་བསམ་དབང་དྲན་དབང་ཙམ་ཡང་མེད་པར་ཡང་བསྐྱར་མདའ་ཞིག་འཕངས་བྱུང་བ་ན། སློབ་དཔོན་གྱིས་སྲུང་དམག་གིས་རང་ཉིད་ཚོར་སོང་བ་མཁྱེན་ནས་སྐད་ཆེན་པོས། བདག་ནི་ཁྲང་ཨན་ནས་འོངས་པའི་གྲྭ་བ་ཞིག་ཡིན། མདའ་མི་འཕེན་རོགས་ཞེས་གསུངས་སོ།།

    དེ་ནས་སྲུང་དམག་གིས་ཀྱང་གྲྭ་བ་ཞིག་ཡིན་པ་མཐོང་སྟེ་སྲུང་ཚིགས་ཀྱི་དམག་དཔོན་ཝང་ཞང་ (王祥ཟེར་བའི་མདུན་དུ་ཁྲིད། དམག་དཔོན་དེས་ཀྱང་དཔལ་འབར་སྒྲོན་ནས་ཞིབ་ཏུ་བལྟས་ཏེ། འདི་ནི་དངོས་གནས་ས་འདི་གའི་གྲྭ་བ་ཞིག་མ་རེད། ཕལ་ཆེར་རྒྱལ་ས་ཕྱོགས་ནས་འོངས་པ་ཡིན་ལས་ཆེ་ཟེར་ཞིང་ཅིའི་ཕྱིར་འདིར་འོངས་པའི་དམིགས་ཡུལ་དྲིས། སློབ་དཔོན་གྱིས་ཐད་ཀར་ལན་མ་བཏབ་པར་དམག་དཔོན་དེ་ལ་སྨྲས་པ། དམག་དཔོན་ལགས། ཁྱེད་ཀྱིས་ལིང་ཇུའི་མི་དག་གིས་ཞོན་ཙང་ཞེས་བྱ་བའི་བཙུན་པ་ཞིག་རྒྱ་གར་ལ་ཆོས་འཚོལ་དུ་འགྲོ་བཞིན་འདུག་ཅེས་བཤད་པ་ཞིག་ཨེ་ཐོས་གསུངས་པས། སྲུང་དམག་གི་དཔོན་པོ་དེས། ཐོས་མོད། འོན་ཀྱང་སློབ་དཔོན་ཞོན་ཙང་ཟེར་བ་དེ་སླར་ཁྲང་ཨན་ལ་ལོག་སོང་ཟེར་ན། ད་འདིར་ག་ལ་སླེབས་ཟེར། དེ་ནས་སློབ་དཔོན་གྱིས་མྱུར་དུ་རང་ཉིད་ཞོན་ཙང་ཡིན་པ་གསལ་བྱེད་ཀྱི་དཔང་རྟགས་བླངས་ཏེ་དེ་ལ་བསྟན་པས། སྲུང་དཔོན་ཝང་ཞང་གིས་སློབ་དཔོན་རྨད་བྱུང་གཟི་བརྗིད་ཡིན་པ་གསལ་བོར་ཤེས་ཏེ་སྨྲས་པ། ནུབ་ཕྱོགས་འཕགས་ཡུལ་ཟེར་བ་དེ་ནི་ཤིན་ཏུ་ཐག་རིང་ལ་བགྲོད་དཀའ་བས་དམིགས་ཡུལ་དེར་སླེབས་པའི་རེ་བ་ཧ་ཅང་ཉག་ཕྲའོ།། ཞེས་བཤོལ་བཏབ་ཀྱང་སློབ་དཔོན་ཕེབས་འདོད་ཀྱི་དམ་བཅའ་ལ་གཡོ་འགུལ་མ་ཐེབས་པ་ན། ཝང་ཞང་གིས་ཡང་འདི་སྐད་དུ། བདག་གི་ལས་དང་འགན་ཁུར་གྱི་དབང་གིས་ཁྱེད་ཀྱི་རྒྱལ་མཚམས་གསང་སྟབས་ཀྱིས་བརྟོལ་བ་ལ་རོགས་རམ་བྱེད་པའི་རྔོ་མི་ཐོགས་མོད། འོན་ཀྱང་བདག་ནི་ཏུན་ཧོང་གི་མི་ཡིན་པས་ངས་སློབ་དཔོན་ཁྱེད་ཏུན་ཧོང་དུ་སྐྱེལ་ན་འདོད། དེར་སངས་རྒྱས་ཀྱི་བསྟན་པ་དར་ནས་ཡོད། ཡུལ་དེ་ན་སློབ་དཔོན་ཀྲང་ཅོ་ (张皎ཞེས་བྱ་བ་སྤྱོད་ཡོན་གཉིས་ལྡན་ཞིག་བཞུགས་ཤིང་། ཁོང་ནི་སྐུ་ཡོན་ཅན་གྱི་དམ་པ་རྣམས་ལ་ཤིན་ཏུ་དགའ་ཞིང་གོང་དུ་བཀུར་མཁན་ཞིག་ཡིན་པས། ཁྱེད་མཐོང་ན་དགའ་བས་བསུ་ཐག་ཆོད་ཡིན། སློབ་དཔོན་ཁྱེད་ལྟ་བུ་ཞིག་ལམ་དུ་ཤི་རུ་འཇུག་པ་ལས་དེར་ཕེབས་ན་ཇི་འདྲ་འདུག་ལགས་ཞེས་ཟེར་བ་ལ། 

    སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས། བདག་གི་ཕ་ཡུལ་ནི་ལོ་དབྱང་ཡིན། ཆུང་དུས་ནས་དམ་པའི་ཆོས་ཉན་པ་ལ་ཤིན་ཏུ་དགའ། ལོ་དབྱང་དང་ཁྲང་ཨན་གཉིས་ན་བཞུགས་པའི་སློབ་དཔོན་མཁས་པ་དེ་དག་བཤད་མི་དགོས། ནུབ་ཧྲུའུ་ཕྱོགས་ན་ཡོད་པའི་བཙུན་པ་མིང་གྲགས་ཅན་དག་གི་མདུན་དུའང་དཔེ་ཆ་ཁུར་ནས་ཆོས་ཀྱི་དོན་མ་ཞུས་ས་མེད་པ་ལྟ་བུར་བྱས་པས། གལ་ཏེ་རང་ཉིད་འབའ་ཞིག་གི་སྒྲུབ་སྦྱོང་ཙམ་དང་ཁེ་གྲགས་འདོད་པ་ཡིན་ན་ནི་བདག་ཏུན་ཧོང་ལ་འགྲོ་དགོས་དོན་ཡོད་དམ། དེ་རིང་བདག་ལམ་ཐག་རིང་བོའི་དཀའ་ངལ་དང་འཇིགས་པ་ལ་མ་འཛེམས་པར་འདིར་སླེབས་པ་ནི། རྒྱ་ཡུལ་ཀུན་ན་རྒྱལ་བའི་གསུང་རབ་ཧ་ཅང་ཉུང་བའི་སྟེང་དུ་བསྒྱུར་ཟིན་པའི་བཀའ་བསྟན་དག་གི་དོན་མི་གསལ་ཞིང་འགྱུར་ཆ་མི་ཚང་བ་ཤ་སྟག་ཏུ་མཐོང་། དེའི་ཕྱིར་ངས་རང་སྲོག་གི་ཉེན་ཁ་ལའང་མ་འཛེམས་པར་ནུབ་ཕྱོགས་འཕགས་པའི་ཡུལ་དུ་ཆོས་ཀྱི་དོན་འཚོལ་བའི་ཕྱིར་འགྲོ་བར་ཐག་བཅད་པ་ཡིན། ཁྱེད་ཀྱིས་བསམ་དོན་དེ་འགྲུབ་པའི་ཕྱིར་རོགས་རམ་མི་བྱེད་པར་འདི་ལྟར་བཀག་འགོག་བྱེད་ན་ནི། འཇིག་རྟེན་ལས་འདས་པའི་ཆོས་མཉམ་དུ་སྒྲུབ། བྱང་ཆུབ་སེམས་ཀྱི་ས་བོན་ཐུན་མོང་དུ་འདེབས་ཞེས་པའི་དོན་ཇི་ལྟར་བཤད། འོན་ཏེ་ཅིས་ཀྱང་བདག་འདི་ནས་བཀག་བསྐྱིལ་བྱེད་དགོས་ཟེར་ན་ནི་འདོད་པ་ལྟར་ཆད་པ་བཅད་ཀྱང་ཆོག འོན་ཀྱང་བདག་ཐོག་མའི་དམ་བཅའ་དང་རྒྱབ་འགལ་བྱས་ཏེ་སླར་ཤར་ཕྱོགས་སུ་ནི་གོམ་པ་གང་ཡང་ནུར་མི་སྲིད་ཅེས་འཇིགས་པ་དང་བག་ཚ་བ་མེད་པར་གསུངས་སོ།།       

    དེ་ལྟར་གསུངས་པ་ཐོས་པས་སྲུང་དཔོན་ཝང་ཞང་ཡིད་རབ་ཏུ་དད་དེ་སྨྲས་པ། བདག་སློབ་དཔོན་ཁྱེད་ལྟ་བུ་ཞིག་དང་མཇལ་བྱུང་བ་ནི་ངའི་བསོད་ནམས་ཡིན་པས། ཁྱེད་ཀྱི་མཛད་པ་ལ་རྗེས་སུ་ཡི་རང་མི་བྱེད་པ་ག་ལ་སྲིད། དེ་རིང་ཁྱེད་ངལ་ཞིང་དུབ་ཡོད་པས་ཅིས་ཀྱང་ངལ་གསོ་གནང་། སང་ཉིན་བདག་རང་ཉིད་ཀྱིས་ཁྱེད་ལ་སྐྱེལ་མ་བྱ་ཞིང་ལམ་གསལ་བོར་སྟོན་པར་བགྱིའོ་ཞེས་ཟེར་ཞིང་སློབ་དཔོན་རྨད་བྱུང་གཟི་བརྗིད་ལ་བཞེས་པ་དྲངས་ནས་གཟིམ་ཁང་ཡང་བཀོད་སྒྲིག་ལེགས་པར་བྱས་སོ།།      

    ཕྱི་ཉིན་སྔ་མོར་སློབ་དཔོན་གྱིས་གསོལ་བ་གྲུབ་པ་ན་སྲུང་མཁར་དེའི་དམག་དཔོན་ཝང་ཞང་གིས་ལམ་སྐབས་སུ་ཉེ་བར་མཁོ་བའི་གསོལ་ཆུ་དང་བྲོ་ཁ་སོགས་ལེགས་པར་ཚགས་སུ་ཚུད་པ་བྱེད་དུ་བཅུག་སྟེ། རང་ཉིད་དངོས་ཀྱིས་ལེ་དབར་བཅུ་ཙམ་གྱི་བར་དུ་སྐྱེལ་མ་བྱས་ཏེ་སྨྲས་པ། སློབ་དཔོན་ཁྱེད་འདི་ནས་ལམ་འདི་བརྒྱུད་དེ་ཤར་མར་ཕེབས་ན་ཐད་ཀར་སྲུང་ཚུགས་བཞི་བར་སླེབས་ཐུབ། དེའི་སྲུང་དཔོན་དེ་ཡང་བདག་དང་རུས་གཅིག་པའི་གཉེན་ཡིན། ཁོའི་མིང་ལ་ཝང་པུའོ་ལོན་ (王伯陇ཟེར། མི་ཞི་ཞིང་དུལ་བ་ནང་བའི་བསྟན་པ་ལའང་ཤིན་ཏུ་དད་པ་ཞིག་ཡིན་པས། ངས་འདིར་ཕེབས་ཟེར་ཞེས་ཁོ་ལ་གསུངས་ན་ཞབས་ཏོག་ལེགས་པར་བསྒྲུབ་ངེས་ཡིན་ལགས་ཞེས་ཞུས་ཤིང་མིག་མཆི་མ་དང་བཅས་སློབ་དཔོན་དང་གྱེས་ཏེ་ཕྱིར་སོང་ངོ་།།

    དེ་ནས་སློབ་དཔོན་གཅིག་པུར་ཝང་ཞང་གིས་བསྟན་པའི་ལམ་ཐིག་ལྟར་སྲུང་ཚིགས་གཉིས་པ་དང་གསུམ་པ་གཉིས་ཐབས་ཀྱིས་གཡོལ་ཞིང་ཕེབས་པས། མཚན་མོ་ཙམ་ན་སྲུང་མཁར་བཞི་བའི་ཉེ་འགྲམ་དུ་སླེབས། འདི་ནས་ཀྱང་འགྲོར་མ་བཅུག་ན་དཀའོ་སྙམ་དུ་གསང་སྟབས་ཀྱིས་ཆུ་བླངས་ཏེ་འགྲོ་དགོས་པར་དགོངས། ཆུ་ལེན་པར་བརྩམས་པ་ན། གློ་བུར་དུ་མདའ་ཞིག་འཕངས་བྱུང་བས་སློབ་དཔོན་གྱིས་མྱུར་དུ་སྐད་ཤུགས་ཆེན་པོས་ཡར་ཞུ་བྱས། སྲུང་མཁར་དང་བོ་ནས་ངོ་སྤྲོད་བྱས་པ་ལྟར་ཕེབས་པའི་གནས་ཚུལ་སོགས་ཤེས་པ་ན། སྲུང་དཔོན་ཝང་པུའོ་ལོན་རབ་ཏུ་དགའ་སྟེ་གུས་པས་སྤྱན་དྲངས། ཞབས་ཏོག་ལེགས་པར་བསྒྲུབས། གཟིམས་མལ་ཡང་བཀོད་སྒྲིག་ལེགས་པར་བྱས་སོ།།

    ཕྱི་ཉིན་ཕེབས་གྲབས་མཛད་པ་ན། སྲུང་མཁར་དམག་དཔོན་ཝང་པུའོ་ལོན་གྱིས་ལམ་སྐབས་སུ་ཉེ་བར་མཁོ་བའི་གསོལ་ཆུ་དང་ལམ་བྲོ་སོགས་ལེགས་པར་ཕུལ་ཏེ། སློབ་དཔོན་ཁྱེད་འདི་ནས་སྲུང་མཁར་ལྔ་བ་ལ་གཡོལ་ཏེ་ཕེབས་ན་ལེགས། སྲུང་མཁར་དེའི་དམག་དཔོན་དེ་ཉིད་ཁྲོ་ཞིང་གཏུམ་པ་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་ཡོད་པས་དེར་ཕེབས་ན་དོན་རྐྱེན་མི་ལེགས་པ་འབྱུང་སྲིད། དེ་བས་འདི་ནས་ཐད་ཀར་ལམ་འདི་བརྒྱུད་དེ་ཕེབས་ན། ལེ་དབར་བརྒྱ་ཙམ་ཕྱིན་པ་ན་རྟ་རྒོད་ཆུ་མིག་ (野马泉ཟེར་བ་ཡོད་པས་དེ་ནས་གསོལ་ཆུ་བླངས་ཏེ་ཕེབས་ན་ཉེན་ཆུང་། ཁྱེད་ཀྱིས་ལམ་སྐབས་སུ་བག་ཟོན་ནན་མོ་གནང་དགོས། རང་ཉིད་ཀྱིས་རང་ལ་བདག་སྐྱོང་ལེགས་པར་མཛད་རོགས་ཞེས་ཞུས་པས། སློབ་དཔོན་གྱིས་ཀྱང་དེ་ལ་བཀའ་དྲིན་ཞུས་ཏེ་ཕེབས་སོ།།         

    དེ་ནས་མདུན་དུ་ཕེབས་པས་ཡུད་ཙམ་ན་ནུབ་བསྐྱོད་ཀྱི་ལམ་ན་ཆེས་མིང་དུ་གྲགས་ཤིང་འཇིགས་སུ་རུང་བའི་མྱ་ངམ་གྱི་ཐང་ཆེན་མོ་ཧི་ཡན་ཆིས་ (莫贺延碛ཞེས་བྱ་བ། ལེ་དབར་བརྒྱད་བརྒྱ་ཙམ་ཡོད་པ། གནའ་དུས་བྱེ་ཀླུང་ཆེན་པོར་ (沙河གྲགས་པ། གནམ་ན་འཕུར་བའི་བྱ་མེད་ལ། ཐང་ན་འགྲོ་བའི་རི་དྭགས་མེད་ཅིང་། རྩྭ་ཆུ་སོགས་དེ་ལས་ཀྱང་མཐོང་དུ་མེད་པ་དེར་སླེབས། སློབ་དཔོན་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ཕ་མཐའ་མི་མངོན་པའི་བྱེ་ཐང་ཆེན་པོ་དེར་ཞུགས་པ་ན། མིག་ཆེས་ཆེར་བགྲད་ནས་ཕྱོགས་བཞི་གང་དུ་བལྟས་ཀྱང་བྱེ་ཐང་ནས་ད་དུང་བྱེ་ཐང་མ་གཏོགས་གཞན་ཅི་ཡང་མི་མཐོང་ཞིང་། ལམ་གྱི་སྣེ་མོ་ནི་དེ་ན་ཡོད་པར་འདུག་སྙམ་དུ་གཏན་མི་མཐོང་ངོ་།། ཉིན་དཀར་ནས་ནུབ་མོ། ནུབ་མོ་ནས་སྐྱ་རེངས་མགྱོགས་རག་གི་བར་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་མཚན་གཟུངས་དང་ཤེས་རབ་སྙིང་བོ་ཞལ་འདོན་མཛད་བཞིན་དལ་བུར་ཕེབས། 

    སློབ་དཔོན་རྨད་བྱུང་གཟི་བརྗིད་འདི་སྔར་ཁྲིན་ཏུ་ན་བཞུགས་སྐབས་ཤིག་ཏུ། གྲྭ་རྒན་གོས་ཧྲུལ་གྱོན་པ། ལུས་ཡོངས་ལ་རྨ་བུད་ནས་རྣག་དང་ཆུ་སེར་གྱིས་གང་བ། དྲི་མ་ངན་པས་སུ་ཡང་གམ་དུ་བཅར་མི་འདོད་པ་ཞིག་དང་ཕྲད་པས། ཐུགས་ལ་སྙིང་རྗེ་ཚད་མེད་པ་འཁྲུངས་ཏེ་དགོན་པར་ཁྲིད་ཅིང་གོས་དང་ཟས་ཀྱི་སྦྱིན་པ་ལེགས་པར་བཏང་བར་མ་ཟད། ནད་གཡོགས་ཀྱང་ལེགས་པར་མཛད་པས་ནད་པ་དེ་སོས་པ་དང་། དེས་དྲིན་ལན་འཇལ་བའི་ཕྱིར་སློབ་དཔོན་ལ་ཤེས་རབ་སྙིང་བོའི་མདོ་ཞིག་བསྩལ། ཚིག་ཉུང་ལ་དོན་ཟབ་ཅིང་རྒྱས་པས་དེ་ཉིད་རྒྱུན་གྱི་ཞལ་འདོན་དུ་མཛད། ཕ་མཐའ་མི་མངོན་པའི་བྱེ་ཐང་དེ་རུ་འདྲེ་གདོན་མང་བོས་སྙིང་རྩ་ལྐོག་མར་འབྱིན་པའི་སྐད་ངན་དང་འཇིགས་སུ་རུང་བའི་གཟུགས་བརྙན་སྣ་ཚོགས་བསྟན་ཏེ་བར་ཆད་བྱེད་པར་བརྩམས་པ་ན། མཚམས་ལན་རེར་སྤྱན་རས་གཟུགས་ཀྱི་གཟུངས་སྔགས་བགྲང་བས་འཁྲུལ་སྣང་དེ་དག་རང་ཡལ་དུ་འགྲོ། འོན་ཀྱང་སྐབས་འགར་གཟུངས་སྔགས་བགྲང་བ་ཙམ་གྱིས་བཟློག་མི་ཐུབ་པས་ཤེར་སྙིང་གསུངས་པ་ན་ལྷག་མ་མེད་པར་རང་ཡལ་དུ་འགྲོའོ།། དེས་ན་གདོན་བགེགས་ཀྱི་འགལ་རྐྱེན་བར་ཆད་སོགས་དང་འཕྲད་པ་ན་སེམས་དད་པ་རྩེ་གཅིག་དང་བཅས་ཏེ་ཤེས་རབ་སྙིང་བོ་བཏོན་ན་བཟློག་ཐུབ་པ་ནི་འདི་ལྟ་བུས་ཀྱང་མཚོན་ནུས་ལ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གི་ཕར་ཕྱིན་མཐའ་དཔྱོད་ཀྱི་བྱམས་གཞུང་གི་བར་སྐབས་ཚིགས་བཅད་དུའང་། 

རྨད་བྱུང་བསྟན་པའི་བདུད་རྩི་ཐོས་བསམ་གྱིས། །

སྐབས་གསུམ་རོ་འཛིན་ཚིམ་ཀྱང་མ་སྦྱངས་པའི། །

སྒྲ་ཙམ་འཛིན་པའི་ཡིད་ཀྱི་ཟུག་རྔུ་ཀུན། །

འབྱིན་ལ་སྨན་དཔྱད་བཀླགས་པས་ནད་བཞིན་ནོ། །

འོན་ཀྱང་སྒྲ་བཅས་སྔགས་འགས་རིམ་འཇོམས་བཞིན། །

ཐུབ་གསུང་ཤེར་ཕྱིན་རིག་སྔགས་ཐོས་པས་ཀྱང་། །

ཉོན་མོངས་ནད་དང་གདོན་སེལ་ལྷའི་དབང་བོས། །

སྐད་ཅིག་བསམ་དང་བརྗོད་པས་བདུད་སོགས་ཞི། །

   ཞེས་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་བདུད་རྩི་ལ་ཐོས་བསམ་གྱིས་ལོངས་སྤྱད་པས་ལྷའི་རོ་འཛིན་ཚིམ་པར་བྱེད་པ་ཙམ་ནུས་ཀྱང་། སྒོམ་ལ་མ་སྦྱངས་པའི་སྒྲ་ཙམ་འཛིན་པའི་ཐབས་ལ་བརྟེན་ནས་ཡིད་ཀྱི་ཉོན་མོངས་པའི་ཟུག་རྔུ་སྟེ་ནད་ཐམས་ཅད་དྲུངས་ནས་འབྱིན་ནི་མི་ནུས་ཏེ། དེ་ལྟར་ནུས་པར་འདོད་པ་ནི་དཔེར་ན་སྨན་མི་འཐུང་བར་སྨན་དཔྱད་ཀྱི་དཔེ་བཀླགས་པས་ནད་ཞི་བར་བྱེད་ནུས་པར་འདོད་པ་བཞིན་ནོ་ཞེས་ཐར་བ་འཐོབ་པ་ལ་སྒོམ་མེད་པར་ཐོས་བསམ་ཙམ་གྱིས་མི་འོང་པར་གསུངས་ནས། མ་སྒོམས་པར་ཉོན་མོངས་སྤང་མི་ནུས་པ་དེ་ལྟ་མོད་ཀྱི། འོན་ཀྱང་དེ་ཉིད་ཐོས་པ་དང་བསམ་པ་ལ་ཕན་ཡོན་མེད་པ་ནི་མིན་ཏེ། སྒྲ་དང་བཅས་པའི་རིག་སྔགས་འགའ་ཞིག་བརྗོད་པས་རིམས་ནད་འཇོམས་པ་དེ་བཞིན་དུ། ཐུབ་པའི་གསུང་མཆོག་ཤེར་ཕྱིན་གྱི་རིག་སྔགས་ཟབ་མོ་འདི་ཐོས་པས་ཀྱང་། ཉོན་མོངས་དང་ནད་དང་གདོན་སེལ་པ་ནི། དཔེར་ན་སྔོན་ལྷའི་དབང་བརྒྱ་བྱིན་གྱིས་ཤེར་ཕྱིན་གྱི་དོན་དུས་སྐད་ཅིག་ཙམ་ལ་བསམ་པ་དང་བརྗོད་པས་ཀྱང་བདུད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་ཡིན་པས། ཐོས་པ་དང་བསམ་པ་ཙམ་ལའང་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ་ཞེས་གསུངས་པ་ཡིན་པས་ན། ལུང་དང་རིགས་པ་ཁས་ལེན་ཤེས་ན་ཆོས་ཟབ་མོ་ཁ་ཏོན་དུ་བགྱིས་པ་དང་གཟུངས་སྔགས་ཟབ་མོ་བཟླས་བརྗོད་བྱས་པ་ལ་གཏན་ནས་ཕན་ཡོན་མེད་དོ་ཞེས་ཟེར་མི་རུང་ངོ་།།

    སློབ་དཔོན་དེ་ལྟར་བྱེ་ཐང་དུ་ལེ་དབར་བརྒྱ་ཙམ་སོང་ཡང་རྟ་རྒོད་ཆུ་མིག་ཅེས་པ་དེ་རྙེད་པར་མ་གྱུར་བས་ལམ་ནོར་བ་ཡིན་ནམ་སྙམ་དུ་སེམས་ལ་བྲེལ་ཤ་ལངས། ཅུང་ཟད་ངལ་གསོ་ཞིག་བྱས་ནས་གསོལ་ཆུ་བཞེས་པ་ན་སྟབས་མ་ལེགས་པར་ཆུ་སྣོད་འགྱེལ་ཏེ་ཆུ་ཡོངས་རྫོགས་བྱེ་མའི་ནང་དུ་ཟགས་སོང་། མཐའ་མི་མངོན་པའི་བྱེ་ཐང་དུ་འགྲོ་ཚེ་ཆུ་མེད་ན་ནི་འཆི་བ་ལས་འོས་མེད་དོ།། དེ་ནས་སློབ་དཔོན་ཡང་ཐབས་ཟད་དེ་སླར་སྲུང་མཁར་བཞི་བར་ལོག་སྟེ་ཆུ་ལེན་ནོ་སྙམ་དུ་ལེ་དབར་བཅུ་ཙམ་ཕྱིར་ལྡོག་སྟེ་ཕེབས་པ་ན། གློ་བུར་དུ་སྔོན་རང་གིས་དམ་བཅས་པའི་དོན། གལ་ཏེ་ང་ཕར་རྒྱ་གར་ལ་མ་སླེབས་པར་ཕྱིར་ཤར་ཕྱོགས་སུ་གོམ་པ་གང་ཡང་མི་ལྡོག་གོ་ཞེས་པ་ཐུགས་ལ་དྲན་ནས་ཆོས་ཀྱི་དོན་དུ་འཆི་བ་ནི་བླ་ཡི། དམ་བཅས་པ་ལས་ཉམས་ནས་གསོན་པའི་ཐབས་འཚོལ་བ་ནི་ཅིས་ཀྱང་མི་རིགས་སོ་སྙམ་དུ་སླར་ཡང་དད་པ་རྩེ་གཅིག་གིས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་གསུངས་བཞིན་ནུབ་བྱང་ལ་འཁོར་ཏེ་མདུན་ནས་མདུན་དུ་བསྐྱོད་དོ།།

    ཕ་མཐའ་བྲལ་བའི་མྱ་ངམ་གྱི་བྱེ་ཐང་དེ་ན་སློབ་དཔོན་རྨད་བྱུང་གཟི་བརྗིད་གཅིག་པུར་ཉིན་མཚན་གྱི་དབྱེ་བ་མ་ཕྱེ་བར་མདུན་ནས་མདུན་དུ་བསྐྱོད། ཕྱོགས་བཞིར་བལྟས་ན་མཐའ་མེད་པའི་བྱེ་མའི་རྒྱ་མཚོ་ལས་གཞན་ཅི་ཡང་མཐོང་རྒྱུ་མེད་ལ། རྩྭ་ཆུ་གང་ཡང་མེད་པས་དབུགས་ཀྱང་བདེ་མོ་ཞིག་འབྱིན་རྔུབ་བྱེད་མི་ཐུབ་པ་ལྟ་བུའི་སྣང་བ་འཆར་རོ།། གྲོད་པ་ལྟོགས་ན་བྲོ་སྐམ་པོ་ཅུང་ཙམ་རེ་བཞེས་ཤིང་། ངལ་ཞིང་དུབ་ན་མི་རྟ་གཉིས་ཀ་དེ་མ་ཉིད་དུ་རང་ཤུགས་ཀྱིས་སར་འགྱེལ་དུ་བཅུག་ནས་ངལ་གསོ་ཅུང་ཙམ་རེ་བྱས། ཉིན་དཀར་བྱེ་རྡུལ་དང་བཅས་པའི་རླུང་རྒོད་གཡུགས་དུས་མིག་ཀྱང་འབྱེད་མི་ཐུབ་ལ། དབུགས་འབྱིན་རྔུབ་ཀྱང་ཤིན་ཏུ་དཀའ་བའི་ཚོད་དུ་འགྱུར། མཚན་མོར་འདྲེ་གདོན་འབྱུང་བོའི་རིགས་ཀྱིས་འཇིགས་ཤིང་སྐྱི་གཡའ་བའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་བཞིན་རྗེས་སུ་འབྲངས་ཏེ་མཐོ་བརྩམས་པས་སྙིང་ཆུང་ཞིག་ཡིན་ན་སྙིང་རྩ་ལྐོག་མར་འབྱིན་པར་བྱེད་མོད། འོན་ཀྱང་སློབ་དཔོན་འདི་འགྱུར་མེད་ཀྱི་དད་པ་བརྟན་པོ་ཅན་ཞིག་ཡིན་པས་སྙིང་ནས་འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་དང་ཤེས་རབ་སྙིང་བོའི་མདོ་རྒྱུན་མ་ཆད་པར་ཞལ་འདོན་གནང་བཞིན་ཕེབས་པསའཇིགས་སྐྲག་གི་སྣང་བ་ཅི་ཡང་མ་བྱུང་ངོ་།།

    འོན་ཀྱང་གསོལ་ཆུ་ཅུང་ཟད་ཙམ་ཡང་མེད་པར་ཉིན་ཁར་མཚན་མཐུད་པ་དང་། ལྷག་པར་ཡང་ཕ་མཐའ་མི་མངོན་ཞིང་དྲོ་གྲང་གི་འགྱུར་བག་ཤིན་ཏུ་རྒོད་པའི་བྱེ་ཐང་དུ་ཆུ་མེད་པར་འགྲོ་དགོས་ན་སུ་ཞིག་གིས་ནུས། དེ་ལྟར་ཉིན་ལྔ་དང་མཚན་བཞིའི་བར་དུ་མི་རྟ་གཉིས་ཀར་ཆུ་ཐིག་གཅིག་ཙམ་ཡང་འཐུང་རྒྱུ་མེད་པར་བསྐྱོད་པས། ཁ་ལྕེ་སྐམ་ཐག་ཆོད། སྐུ་ལུས་ལ་ཚ་བ་རྒྱས། མགོ་ཡུ་འཁོར། མིག་རབ་རིབ་ཏུ་གྱུར་ཏེ་མཐར་མི་རྟ་གཉིས་ཀ་བྱེ་ཐང་དུ་འགྱེལ་བར་གྱུར་ཅིང་དབུགས་མ་ཆད་པ་ཙམ་དུ་ལུས་སོ།། དེ་ལྟ་བུའི་སྐབས་སུའང་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས་དད་པ་རྩེ་གཅིག་གིས་ཡི་དམ་སྤྱན་རས་གཟིགས་ལ་གསོལ་བ་འདི་ལྟར་བཏབ་སྟེ། བདག་འདི་ལྟར་རྒྱ་གར་དུ་འགྲོ་བ་ནི་ཟང་ཟིང་གི་རྒྱུ་འབྱོར་གྱི་ཆེད་དུ་མིན་ལ། སྙེད་བཀུར་སྙན་གྲགས་ཀྱི་ཆེད་དུའང་མིན་གྱི། བླ་ན་མེད་པའི་དམ་པའི་ཆོས་ཡང་དག་པ་ཞིག་བསླབ་སྟེ་འགྲོ་བ་སེམས་ཅན་ལ་དེའི་དགོངས་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་བྱ་བ་འབའ་ཞིག་གི་ཆེད་ལགས་ན། བྱམས་དང་བརྩེ་བའི་མངའ་བདག ཉམ་ཐག་སྐྱོབ་པའི་གཉེན་གཅིག་ཁྱེད་ཀྱིས་བདག་ཅིས་ཀྱང་བར་ཆད་འདི་ལས་བསྐྱབ་ཏུ་གསོལ་ཞེས་སྙིང་ནས་གསོལ་བ་ཡང་ཡང་བཏབ་པོ།།

    མཚན་ལྔ་བའི་ནམ་གུང་ཙམ་ལ་གློ་བུར་དུ་རླུང་བསིལ་མོ་ཞིག་ལངས་ཏེ་སྐུ་ལུས་ལ་ཕོག་པས་སྐུ་ལུས་བསིལ་ཞིང་བདེ་བ་དང་། སེམས་ལ་བདེ་ཞིང་གསལ་བའི་སྣང་བ་ཞིག་སྐྱེས། རབ་རིབ་ཏུ་གྱུར་ཟིན་པའི་མིག་ཟུང་སླར་ཡང་ཇེ་གསལ་དུ་སོང་། རྟ་ཡང་གློ་བུར་དུ་ཡར་ལངས་བྱུང་ངོ་།། འོན་ཀྱང་ཐང་ཆད་དྲག་པས་སློབ་དཔོན་རང་དབང་མེད་པར་གཉིད་དུ་ཡུར་བའི་རྨི་ལམ་དུ། ལུས་གཟིགས་ཧ་ཅང་ཆེ་བའི་སྐྱེ་བོ་ཞིག་རང་གི་མདུན་ན་ཀྲོང་ངེར་ལངས་འདུག་པ་ཞིག་མཐོང་ཞིང་། སེམས་ཤུགས་བསྐྱེད་ནས་ལམ་དུ་མི་འགྲོ་བར་འདིར་འགྱེལ་ནས་སྡོད་པ་ཅི་ཡིན་ཞེས་བཀའ་བཀྱོན་གནང་བ་ཞིག་རྨིས་སོང་། རྨི་ལམ་དེས་སློབ་དཔོན་གཉིད་ལས་དཀྲོགས། ལུས་སེམས་ཤིན་ཏུ་ངལ་ཞིང་དུབ་ཡོད་ནའང་། སྡོད་མ་ཚུགས་པར་མྱུར་དུ་ཡར་བཞེངས་ཏེ་མདུན་དུ་བསྐྱོད་པས་ལེ་དབར་བཅུ་ཙམ་ཕེབས་པ་ན། ཆིབས་པ་གློ་བུར་དུ་ལམ་གྱི་ཁ་ཕྱོགས་གཞན་ཞིག་ཏུ་འཁོར་ནས་སོང་། ཁ་ཇི་ལྟར་འཐེན་ནའང་མ་ཐོན་པར་ལེ་དབར་ཁ་ཤས་སོང་བ་ན་ཕ་རོལ་ནས་ཉམས་དགའ་བའི་རྩྭ་ཐང་ཞིག་མིག་ལམ་དུ་མངོན་བྱུང་། དེ་ནས་ཆིབས་རྟ་དེ་སྨྱོས་སོང་བ་མིན་ནམ་སྙམ་པ་ལྟར་མདུན་དུ་ཤུགས་ཀྱིས་རྒྱུགས་ནས་རྩྭ་ཁམ་བུ་གང་རེ་གང་རེ་བཞིན་རྔམ་ཟ་བྱས། དེ་ནས་གོམ་པ་བཅུ་གྲངས་ཙམ་གྱི་མཚམས་ན་ཆུ་མིག་མེ་ལོང་ཕྱིས་པ་ལྟར་ཤིན་ཏུ་དྭངས་མོ་ཞིག་ཡོད་པའང་མཐོང་བྱུང་བས་ཡིད་རབ་ཏུ་དགའ་ཞིང་དེར་རྒྱུགས་ཏེ་བཞེས་པས་བདུད་རྩི་ལྟར་ཞིམ་པོ་ཞིག་བྱུང་། མི་རྟ་གཉིས་ཀས་ཆུ་ཡིད་ཚིམ་པ་ཞིག་འཐུང་བས་ལུས་སྟོབས་སྔར་བས་ཀྱང་རྒྱས་སོང་བ་འདྲ་སྙམ་པ་ཤར། མྱ་ངམ་གྱི་ཐང་འདི་ལྟ་བུ་ནས་གློ་བུར་དུ་འདི་འདྲའི་རྩྭ་ཆུ་ཕུན་སུམ་ཚོགས་པ་ཞིག་དང་འཕྲད་པ་ནི་ངེས་པར་ཡི་དམ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་ལས་མ་འདས་སོ་སྙམ་དུ་དད་པ་ལྷག་པར་ཇེ་བརྟན་དུ་སོང་ངོ་།།

    སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས་རྩྭ་ཆུ་ལེགས་ཤིང་ཉམས་དགའ་བའི་ས་དེ་ནས་ཉིན་གཅིག་གི་རིང་ལ་ངལ་གསོ་མཛད། དེ་ནས་ཆུ་སྣོད་དུ་ཆུ་བླངས། རྩྭ་ཡང་ཐེག་ཚོད་ཅིག་བརྔས་ཏེ་མདུན་དུ་བསྐྱོད་པས། ཉིན་གཉིས་ཙམ་ཕེབས་པ་ན། དྲན་ནའང་སྙིང་རྩ་འདར་བར་བྱེད་པའི་བྱེ་ཀླུང་ཆེན་པོ་མོ་ཧི་ཡན་ཆིས་ཞེས་བྱ་བ་དེའི་མཐར་ཕྱིན་ཏེ་ཡེས་ཝུའུ་ (伊吾བྱ་བ་དེང་སང་གི་ཞིན་ཅང་ཧྭ་མིས་ (新疆哈密ཞེས་པའི་ཡུལ་དུ་སླེབས། མཁར་ནང་དུ་ཕེབས་ཏེ་བརྩད་བཅད་པས་དགོན་པ་ཞིག་ཡོད་པ་ཐོས་པས། དེར་སོང་ནས་གནས་ཚང་གཡར་རོ་སྙམ་དུ་དགོངས་ཏེ་ཕེབས་པ་དང། དགོན་པ་དེ་ན་རྒྱའི་བཙུན་པ་རྒན་གཞོན་གསུམ་ཡོད་པས་ཀྱང་ཡུལ་ཕྱོགས་གཅིག་པའི་བཙུན་པ་ཞིག་སླེབས་འདུག་པ་ཐོས་པ་ན། དེ་དག་ལས་ལོ་ན་རྒན་པའི་བཙུན་པ་དེ་ཤིན་ཏུ་དགའ་དྲག་སྟེ་ན་བཟའ་ལ་སྐ་རགས་བཅིངས་རྒྱུ་ཡང་བརྗེད། ལྷམ་གྱོན་ལོང་ཡང་མ་བྱུང་བར་མཆོངས་སྟབས་ཀྱིས་རྒྱུགས་ཐེངས་གཅིག་གིས་སློབ་དཔོན་རྨད་བྱུང་གཟི་བརྗིད་ལ་འཐམ་ཞིང་བྱིས་པ་ལྟར་སྐད་ཕྱུང་སྟེ་ངུས་ངུས་པའི་མཐར། ད་ལན་ཡུལ་འདི་ནས་འདི་ལྟར་ཕ་ཡུལ་གཅིག་པ་ཞིག་དང་འཕྲད་འོང་སྙམ་པ་ཞིག་ཡིད་ཀྱི་གུད་ལའང་མ་དྲན་ཞེས་ཟེར། དེ་ནས་རྒྱའི་བཙུན་པ་གཞན་གཉིས་ཡོད་པའང་སླེབས། སློབ་དཔོན་ཡང་སྤྱིར་ལམ་ཐག་རིང་བོ་ནས་ཕེབས་ཤིང་ལམ་བར་དུ་བསམ་ཡུལ་ལས་འདས་པའི་དཀའ་བ་མང་བོ་མྱོང་ནས་འདིར་སླེབས་པ་དང་། ཆ་མེད་རྒྱུས་མེད་ཀྱི་ཡུལ་ནས་ཕ་ཡུལ་གཅིག་པའི་མི་དང་འཕྲད་པས་དགའ་སྐྱོ་འདྲེས་མར་གྱུར་ཏེ་སྤྱན་ཆབ་དབང་མེད་དུ་བཞུར། 

    སྨྲས་པ། 

ཡོན་ཏན་ལྡན་ཞིང་ལྷག་བསམ་དཀར་བ་ཡིས། །

མི་དང་མི་ཡི་བར་ཆད་དག་ལས་གྲོལ། །

ཐུགས་བསྐྱེད་ཟབ་ཅིང་རང་བཞིན་བརྟན་པ་ཡིས། །

བྱེ་རླུང་དྲག་པོས་མ་ཁོག་མདུན་དུ་བསྐྱོད། །

 

ཡི་དམ་ལྷ་ལ་ཡིད་ཆེས་རབ་བརྟན་པས། །

གདོན་དང་བགེགས་ཀྱིས་མ་ཚུགས་དམིགས་ཡུལ་བསྙེག །

ཕྱག་ན་མཚོན་མེད་དམག་གི་དཔུང་མེད་ཀྱང་། །

བར་ཆད་གཡུལ་ལས་རྒྱལ་ཁྱོད་དཔའ་བོ་ཉིད། །

 

དེང་དུས་ཕལ་ཆེར་ཚན་རིག་ཁོ་ན་ལ། །

རྨོངས་ཞེན་ཆེ་ཡང་ཚན་རིག་ལས་བརྒལ་བའི། །

བསམ་གྱིས་མི་ཁྱབ་གསང་བ་ཁྲི་མ་འབུམ། །

ད་དུང་མདུད་པ་མ་འཁྲོལ་ལུས་པ་མང་། །

 

དེ་ཕྱིར་རང་གི་བློ་ཡིས་དཔོག་ནུས་ཙམ། །

ཚད་མར་བཟུང་ནས་གཞན་ཀུན་མི་འགོག་པར། །

ཤིན་ལྐོག་གནས་ལའང་ཡིད་ཆེས་རྗེས་དཔག་གིས། །

དཔྱད་ལ་གོམས་ན་དཔྱོད་པའི་སྒོ་འཕར་ཡངས། །

 

ཡིད་ལ་དྲན་པ་ཡིས་ཀྱང་ཁོག་གི་སྙིང་། །

སྐད་ཅིག་ཉིད་ལ་ལྐོག་མར་འབྱིན་བྱེད་པའི། །

བྱེ་ཀླུང་ཆེན་པོ་མོ་ཧི་ཡན་ཆིས་ཀྱི། །

ཕ་མཐར་སོན་པའང་ཤིན་ཏུ་ངོ་མཚར་ཆེ། །

 

ཡེས་ཝུའུ་ཞེས་བྱའི་རྒྱུས་མེད་གཞན་ཡུལ་ནས། །

སྐད་དང་མི་རིགས་གཅིག་པའི་བཙུན་པ་དང་། །

འཕྲད་པས་འཐམས་ཤིང་ངུ་བཞིན་སྙིང་གི་གཏམ། །

གླེང་བའི་ཚུལ་དེ་ཐོས་ནའང་མིག་ཆུ་ལྷུང་། །

 

ཕལ་བའི་ཕལ་བ་བདག་དང་བདག་འདྲས་ཀྱང་། །

དམ་པའི་དམ་པ་རྣམས་ཀྱི་སྙིང་སྟོབས་དང་། །

ལྷག་པའི་ལྷག་པར་གྱུར་བའི་བསམ་པའི་ཤུགས། །

མཚར་བའི་མཚར་བ་ཐོས་ན་སྙིང་སྟོབས་འཕེལ། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23630983
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།