༡༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (2512)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

  ༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    ད་ནི་སླར་ཡང་དཀྱུས་ལ་འཇུག་པར་བྱ་སྟེ། ཕྱི་ཉིན་ཉི་ནུབ་ཙམ་ན་ཧྲི་ཕན་ཐོ་ཡང་དུས་ཆད་བྱས་པ་ལྟར་སླེབས་པར་མ་ཟད། རྟ་རྐྱང་རྐྱང་ན་སོ་མཐོ་ལ་ལུས་རིད་པ་ཞིག་ཁྲིད་ཡོད་པའི་ཧོར་མི་རྒན་པོ་ཞིག་དང་མཉམ་དུ་སླེབས་འདུག སློབ་དཔོན་གྱིས་འདི་ཅི་ཡིན་སྙམ་པ་ན། ཧྲི་ཕན་ཐོ་ཡིས། རྒན་པོ་འདི་ནི་ནུབ་བསྐྱོད་ཀྱི་ལམ་ཐིག་ལ་ཆ་རྒྱུས་ཧ་ཅང་ཆེ་བ་ཞིག་ཡིན། འདི་དང་ཡིས་ཝུའུ་བར་ལ་འགྲོ་འོང་ཐེངས་སུམ་ཅུ་ལྷག་བྱས་མྱོང་། དེའི་ཕྱིར་ངས་ཆེད་དུ་ཁོང་འདིར་ཁྲིད་ནས་འོང་བ་ཡིན། བགྲོད་ལམ་གྱི་ཕྱོགས་ནས་དཀའ་གནས་འདྲ་འདྲི་རྒྱུ་ཡོད་ན་དྲིས་ཤིག་ཟེར་རོ།། འོན་ཀྱང་རྒན་པོ་དེ་ནི་ངག་སྒོ་ཧ་ཅང་ཡངས་པོ་ཅན་ཞིག་ཡིན་པས། སློབ་དཔོན་གྱིས་ཅང་མ་དྲིས་གོང་ནས་ཚུར་སྨྲས་པ། ནུབ་བསྐྱོད་ཀྱི་ལམ་འཕྲང་ནི་ཧ་ཅང་ཐག་རིང་ལ་ཤིན་ཏུ་འཇིགས་སུ་རུང་བ་ཞིག་སྟེ། བྱེ་མའི་ཀླུང་འཁོར་གྱི་འཇིགས་པ། འདྲེ་གདོན་བགེགས་རིགས་ཀྱི་བར་ཆད། ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ་སོགས་བསམ་ཡུལ་ལས་འདས་པ་ཞིག་མྱོང་དགོས། སྔར་མི་མང་བོ་ལྷན་དུ་སོང་བ་ཡང་ལམ་སྟོར་ནས་བོར་བ་མང་ན། ད་རེས་ཁྱེད་གཅིག་པུར་བསྐྱོད་པ་ག་ལ་རུང་། ད་དུང་ཁྱེད་ཀྱིས་ཐུགས་བསམ་ཞིབ་ཏུ་བཞེས་རོགས་ཞེས་ཟེར། འོན་ཀྱང་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱིས་ཐེ་ཚོམ་ཙམ་ཡང་མ་གནང་བར་འདི་སྐད་དུ། བདག་ནི་ཆོས་དོན་དུ་གཉེར་ནས་འགྲོ་བ་ཡིན་པས། རྒྱ་གར་དུ་མ་སླེབས་པར་ཤར་དུ་མི་ལོག་པའི་དམ་བཅའ་བྱས་ཡོད། གལ་ཏེ་ལམ་ནས་ཤི་བར་གྱུར་ཀྱང་འགྱོད་པ་ཅི་ཡང་མེད་དོ་ཞེས་གསུངས་པས། རྒན་པོས་སློབ་དཔོན་གྱི་མི་བཟློག་པའི་ཐུགས་དམ་བརྟན་པོ་མཐོང་སྟེ་སྨྲས་པ། གལ་ཏེ་དེ་ལྟར་ཅིས་ཀྱང་ཕེབས་པར་བཞེད་ན་ནི་ཁྱེད་ཀྱི་རྟ་དང་རྟ་འདི་བརྗེས་པར་གྱིས་ཤིག འདི་ལུས་རིད་ཅིང་ན་སོ་མཐོ་བས་ཅི་ལྕོགས་མི་དགོངས་རོགས། རྟ་འདི་ཡིས་ཝུའུ་དང་འདིའི་བར་ལ་ཐེངས་བཅོ་ལྔ་ཙམ་འགྲོ་འོང་བྱས་མྱོང་། འགྲོས་ཀྱང་མགྱོགས་པར་མ་ཟད། ལམ་ཡང་ཤེས་སོ་ཞེས་ཟེར་བས་དགྱེས་བཞིན་རྟ་གཉིས་བརྗེས་སོ།།           

    དེ་ནས་ནམ་གུང་ཙམ་ན་སློབ་དཔོན་དང་ཧྲི་ཕན་ཐོ་གཉིས་མཚན་བརྒྱབ་ནས་སོང་བས་ཀ་བེད་ཆུ་ཀླུང་གི་འགྲམ་དུ་སླེབས། གསལ་ལ་མི་གསལ་བའི་ཟླ་བའི་འོད་ངོགས་ནས་ཡུས་མིན་འགག་ (玉门关གམ་གཡང་ཊི་སྒོའི་འགག་ཅེས་པ་དེ་ཡང་རྒྱང་རིང་ནས་མཐོང་ངོ་།། དེའི་སྐབས་སུ་ཡུལ་དེ་ཡང་དེང་སང་ལྟར་རྩི་ཤིང་གཏན་མེད་པ་འདི་ལྟ་བུ་ཞིག་མ་ཡིན་པས་ཤིང་སྡོང་ཡང་མང་བོ་ཡོད་པས། ཧོར་མི་ཧྲི་ཕན་ཐོ་ཟེར་བས་གྲི་བཏོན་ནས་སྡོང་ཤིང་འགའ་བཅད་དེ་ཆུ་ལ་བཙུགས། དེའི་སྟེང་དུ་རྩྭ་དང་བྱེ་མ་བཏིང་སྟེ་ཟམ་པ་ལྟར་བྱས་ཤིང་མི་རྟ་ཐམས་ཅད་ཆུའི་ཕ་རོལ་ཏུ་སྒྲོལ། འདིར་རྒྱ་སྐད་དུ་ཧོའི་ལོའུ་ཧི་(葫芦河ཞེས་པ་ཀ་བེད་ཆུ་ཀླུང་ཞེས་སྒྲ་ཐད་བསྒྱུར་བྱས་མོད། འོན་ཀྱང་ཡི་གེ་ལ་ལར་ཁོའུ་ཧྲུས་ཧི་ (苦水河ཞེས་པའི་སྒྲ་འགྱུར་ནས་ཧོའི་ལོའུ་ཧི་ཞེས་ཐོགས་པར་བཤད་ལ། ཡང་ཧོའི་ལོའུ་ཧི་ཞེས་པ་གྲུ་གུའི་སྐད་དུ་ཧ་ར་ (喀剌སྟེ་ཆུ་ནག་ཅེས་པ་རེད་ཅེས་བཤད་པའང་མཐོང་ངོ་།།

    གང་ལྟར་ཡང་ཆུ་ཀླུང་དེ་དང་ཤིན་ཏུ་བརྟོལ་དཀའ་བའི་ཡུས་མིན་འགག་ཀྱང་གསང་སྟབས་ཀྱིས་བདེ་བླག་ངང་བརྟོལ་ཐུབ་སོང་བས་སློབ་དཔོན་ཐུགས་རབ་ཏུ་དགྱེས། དེ་ཡང་ཡུས་མིན་འགག་གམ་གཡང་ཊི་སྒོའི་འགག་ཅེས་པ་འདིའི་ཕ་རོལ་ནི་ཡུལ་ཡིད་དུ་འོང་བས་བསྐྱེད་པའི་ཚོར་བ་བདེ་བ་དང་། ཡུལ་ཡིད་དུ་མི་འོང་བ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་གྱིས་མཚོན་པའི་དགའ་སྐྱོ་ཆགས་སྡང་སོགས་ཡི་གེར་བཀོད་ནས་སྨྲ་བ་ལ་དགའ་བའི་རྒྱའི་སྙན་ངག་པ་དག་གི་སེམས་ནང་ན་ཡིད་སྐྱོ་ཞིང་སྐྱི་གཡའ་བའི་ས་ཆ་ཞིག་གི་དཔེ་མཚོན་ལྟ་བུར་འཇོག་ཆོག་པ་དང་། ཤེས་རིག་ལྡན་པའི་ཡུལ་དང་བླུན་རྨོངས་དམུ་རྒོད་གནས་པའི་ཡུལ་གཉིས་ཀྱི་ས་མཚམས་ལྟ་བུ་དང་། ཁྲ་ཁྲ་རིག་རིག་གི་ལྟད་མོ་མེད་ལ། དཔྱིད་གསུམ་ཁུ་བྱུག་གི་སྐད་སྙན་མེད་ཅིང་། དབྱར་གསུམ་མེ་ཏོག་གི་མཛེས་སྡུག་མི་མཐོང་བས་ནམ་ཡང་འགྲོ་མི་འདོད་སའི་ས་ཆ་ཞིག་ཡིན་པར་འདུག་སྟེ། དཔེར་ན་ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཝང་ཀྲི་དཔན་ (王之涣གྱི་མཐའ་མཚམས་ལས་བུད་པ་ (出塞ཞེས་པའི་སྙན་ངག་ཏུ། རྨ་ཀླུང་རྒྱང་རིང་སྤྲིན་དཀར་གསེབ་ནས་མཐོང་།། མཁར་ཧྲེངས་རབ་མཐོ་ལྷུན་པོ་དགུང་ལ་བསྙེགས།། འཇང་གླིང་སྦྱར་ལྕང་དབྱངས་ལ་ཅི་ཕྱིར་འཁང་།། དཔྱིད་རླུང་ཡུས་མིན་འགག་ལས་བརྒལ་མི་ནུས།། (黄河远上白云间,一片孤城万仞山。羌笛何须怨杨柳,春风不度玉门关。ཞེས་པ་ལྟ་བུ་ལས་ཤེས་ཐུབ་པོ།། འདིར་འཇང་གླིང་ཞེས་པ་ནི་ནུབ་ཕྱོགས་འཇང་རིགས་ཀྱི་རོལ་མོ་གླིང་བུའི་སྒྲ་ལ་བྱ་ཞིང་། སྦྱར་ལྕང་དབྱངས་ཞེས་པའང་རོལ་དབྱངས་ཤིག་གི་མིང་ཡིན་ནོ།།

    འོན་ཀྱང་རང་གི་ལུས་སྲོག་ལས་ཕྱིའི་རྒྱུ་ནོར་ལ་གཅེས་པར་འཛིན་པའི་ཚོང་འགྲུལ་བ་རྣམས་ལ་མཚོན་ན་ཡུས་མིན་འགག་གམ་གཡང་ཊི་སྒོའི་འགག་གི་ཕ་རོལ་ནི་འབྱོར་ཕྱུག་གཡང་གི་མཛོད་ཀྱི་སྒོ་འཕར་ལྟ་བུ་ཞིག་ཡིན་ཏེ། འགག་འདི་ལས་བརྒལ་ཏེ་དར་གོས་འདྲེན་ལམ་བརྒྱུད་ནས་སོང་ན་རིན་པོ་ཆེ་སོགས་ཚོང་རྫས་མང་བོ་རྙེད་ཐུབ་པར་འགྱུར་བས་སོ།། སློབ་དཔོན་རྨད་བྱུང་གཟི་བརྗིད་ལྟ་བུས་མཚོན་སྙིང་ཐག་པ་ནས་ནུབ་ཕྱོགས་འཕགས་པའི་ཡུལ་ལ་ཆོས་དོན་གཉེར་བྱེད་དུ་འགྲོ་བ་རྣམས་ལ་མཚོན་ན། ཡུས་མིན་འགག་གམ་གཡང་ཊི་སྒོའི་འགག་གི་ཕ་རོལ་ནི་དེ་ལས་ཀྱང་དགའ་བ་བསྐྱེད་པའི་གནས་ཤིག་ཏུ་ཡོད་དེ། འགག་འདི་ལས་ཐར་ན་དམིགས་ཡུལ་རྒྱ་གར་ལ་ཐག་ཇེ་ཉེར་སོང་ཞིང་། ནམ་འཕེན་ཆ་མེད་ཀྱི་སྲུང་དམག་གི་མདའ་གཞུའི་འཇིགས་པ་ཡང་ཇེ་ཉུང་དུ་སོང་བས་སོ།།       

    འོན་ཀྱང་དེའི་འཇིགས་པ་ལས་ཡོངས་སུ་ཐར་བ་ནི་མ་ཡིན་ཏེ། ད་དུང་བརྡ་གཏོང་དམག་རྫོང་ལྔ་སྟེ། སྟག་སྐྱའི་འགག་ (白虎关་དང་། ཀྱལ་རྟའི་ཚལ་ (红柳园དང་། ཆུ་མིག་ཆེན་པོ་ (大泉དང་།  སྐྱེར་མའི་(བལ་བ་ཛ་ཡང་ཟེར་)ཁྲོན་པ་ (马莲井དང་། སྐར་མའི་གྲོག་རོང་ (星星峡)རྣམས་བརྟོལ་ནས་ཞིན་ཅང་ངམ་ལི་ཡུལ་ཡིས་ཝུའུ་ལ་སླེབས་དགོས་པས་སོ།།       

    དེ་ལྟར་ཁོང་དཔོན་སློབ་གཉིས་མཚན་བརྒྱབ་སྟེ་ཀ་བེད་ཆུ་ཀླུང་བརྒལ། སྲུང་དམག་གི་འགག་སྒོ་འཇབ་བུས་བརྟོལ་ནས་ཕ་རོལ་ཏུ་ཕྱིན་པ་ན་ངལ་ཞིང་དུབ་པས་གོམ་པ་ལྔ་བཅུ་ཙམ་གྱི་བར་ཐག་བཞག་ནས་རང་རང་སོ་སོའི་སར་ཉལ་ལོ།། སློབ་དཔོན་ནི་གཉིད་མ་སད་དུ་འདུག་པ་ན། ཁོང་གིས་དགེ་བསྙེན་བསྒྲུབས་ཤིང་སློབ་མ་དང་ལམ་མཁན་དུ་གྱུར་བའི་ཧོར་མི་ཧྲི་ཕན་ཐོ་ཟེར་བ་དེ་ཡར་ལངས་ཤིང་རལ་གྲི་དལ་བུར་བཏོན་ཏེ་སློབ་དཔོན་གྱི་ཕྱོགས་སུ་འཇབ་སྟེ་གོམ་པ་བཅུ་ཙམ་འོངས། འོན་ཀྱང་ད་དུང་ཅི་ཞིག་ཐག་གིས་མ་ཆོད་པ་ལྟར་ཐེ་ཚོམ་དང་བཅས་སླར་རང་མལ་དུ་ལོག དེ་ཅི་ཡིན་སྙམ་ན། ཧྲི་ཕན་ཐོ་ཟེར་བ་འདིས་སྔར་ལམ་དུ་མ་ཆས་གོང་ལམ་དེ་བགྲོད་དཀའ་བར་ཤེས་ཀྱང་། ལམ་དུ་ཞུགས་ནས་འདིའི་བར་དུ་འོངས་པ་ན་ཤིན་ཏུ་ནས་ཀྱང་དཀའ་བ་དང་འཇིགས་པ་དང་བཅས་པར་ཤེས་ནས་ཕར་འགྲོ་བ་ལས་འདི་བསད་དེ་ཕྱིར་ལོག་ན་དགའ་སྙམ་པ་ཡིན་མོད། འོན་ཀྱང་ཅི་མི་སྙམ་པར་གསོད་རྒྱུ་ནི་སེམས་ནས་དེ་ཙམ་མ་ཕོད་པ་དང་། སློབ་དཔོན་གཉིད་མེད་པའང་ཅུང་ཙམ་ཚོར་བྱུང་བས་ཕྱིར་ལོག་པ་ཡིན་པར་མངོན་ནོ།། སློབ་དཔོན་གྱིས་ཚུལ་དེ་མཐོང་བ་དང་མྱུར་དུ་སྐྱིལ་ཀྲུང་བྱས་ཏེ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བགྲང་ཞིང་མཚན་ཕུད་དོ།།     

    ཕྱི་ཉིན་སྔ་མོ་ནམ་མ་ལངས་ཙམ་ལ་སློབ་དཔོན་ཡར་བཞེངས་ཤིང་ཧྲི་ཕན་ཐོ་ལའང་བོས། ཅི་ཡང་མ་ཚོར་བ་ལྟར་ཆུ་ཁྱེར་འོང་དུ་བཅུག་ནས་ཞལ་ཁྲུས་མཛད་ཅིང་། བྲོ་ཁ་ཡང་ཅུང་ཙམ་བཞེས་ཏེ་ལམ་ལ་ཆས་པ་ན། ཧྲི་ཕན་ཐོས་མདའ་གཞུ་ལག་ཏུ་བླངས་ནས་སློབ་དཔོན་མདུན་དུ་ཕེབས་སུ་བཅུག་ཀྱང་དེའི་བསམ་པ་མི་གཙང་བ་སློབ་དཔོན་གྱིས་མི་ཚོར་བ་ག་ལ་སྲིད་པས་མདུན་དུ་མ་ཕེབས་པས།  ཇི་སྐད་དུ།ཞག་གསུམ་ལོན་ན་ཨ་བ་བསད་ཀྱང་བརྗེད།། ནོར་རྫས་བསྟན་ན་ཨ་མའི་སྐེ་ཡང་ལེན།། གལ་ལ་ཐུག་ན་བླ་མའི་དབུ་ཡང་སྐོར།། འདོད་པ་ཡོད་ན་རང་གི་བུ་ཡང་བཙོང་།། དུས་ངན་མི་ངན་སྤྲིན་བར་ཉི་མ་འདྲ།། ཞེས་གསུངས་པ་ནི་ཇི་འདྲའི་བདེན་པ་ལ་ཨང་། ཧྲི་ཕན་ཐོ་ཟེར་བའི་མི་ངན་འདིས་ཀྱང་ལམ་གྱི་ཉེན་ཁ་ལ་འཇིགས་ནས་བླ་མ་གསོད་འདོད་པ་ལ་ལྟོས་ཤིག ཐལ་མོ་སྦྱར་ནས་བླ་མར་འཕྱ་བ་ཡི།། དད་པ་མེད་ལ་སློབ་མར་བསྟེན་པ་མཚང་།། ཞེས་པ་དང་། ཅི་ཙམ་འབད་ཀྱང་ཕན་ངོ་མི་ཤེས་པའི།། ཁྲེལ་གཞུང་མེད་པ་གྲོགས་པོར་བསྟེན་པ་མཚང་།། ཞེས་པའི་བསླབ་བྱ་དག་ནི་རང་ཅག་གིས་ཀྱང་ནམ་ཡང་སེམས་ལ་འཛིན་དགོས་པ་ཡིན་ནོ།།

      དེ་ནས་ཡང་ཧྲི་ཕན་ཐོ་གོམ་པ་ཁ་ཤས་སྤོས་ནས་བྱ་ཐབས་ཟད་དེ་དྲང་བོར་སྨྲས་པ། ངས་མདང་དགོང་བསམ་བློ་ཡང་ཡང་ཞིབ་ཏུ་བཏང་བས་མདུན་གྱི་ལམ་ནི་ཤིན་ཏུ་བགྲོད་དཀའ་ཞིང་ཉེན་ཁ་ཆེ་བར་ཡང་ཤེས། ལམ་དུ་དམག་བརྡ་གཏོང་སའི་མཁར་གྱི་འོག་ཁོ་ན་མ་གཏོགས་གཞན་ན་རྩྭ་དང་ཆུ་ཡང་གཏན་ནས་མེད། དེ་ཡང་མཚན་མོར་འཇབ་བུས་བརྐུས་ནས་འགྲོ་དགོས་ལ། གལ་ཏེ་ཚོར་ན་གསོད་པ་ལས་འོས་མེད་པས་ངེད་གཉིས་འདི་ནས་སླར་ལོག་པས་རིགས་སོ་ཟེར། འོན་ཀྱང་སློབ་དཔོན་སླར་ལོག་ཏུ་མ་བཞེད་པ་ན་ཡང་ཁོས་ནན་གྱིས་ཞུས་པ། བདག་ད་ནི་དངོས་གནས་འགྲོ་མི་བཏུབ། གཅིག་ཏུ་ན་བདག་ལ་ཁྱིམ་གྱི་འགན་ཁུར་ལྕི། ཁྱིམ་ཚང་གང་བོའི་རྒན་གཞོན་ཚང་མ་བདག་འབའ་ཞིག་ལ་རྟེན་ཡོད། གཉིས་སུ་ན་རྒྱལ་ཁྲིམས་ཧ་ཅང་ལྕི་མོ་འདི་སུས་ཀྱང་ཐེག་དཀའ་བ་ཞིག་ཡིན་པས་རྒོལ་དུ་མི་བཏུབ། སློབ་དཔོན་ཁྱེད་དགོངས་པ་མ་ཚོམ། ང་ཅིས་ཀྱང་སླར་ལོག་ཏུ་གཏོང་རོགས་མཛོད་ཅེས་ཟེར་བས། སློབ་དཔོན་གྱིས་ཀྱང་བཙན་བཀོལ་བའི་འོས་མེད་པས་མོས་མཐུན་མི་བྱེད་ཀ་མེད་བྱུང་། འོན་ཀྱང་ཁོ་ད་དུང་ཡིད་མ་བདེ་བར་ཡོད་པ་ལྟ་བུའི་ཉམས་མཐོང་བས། སློབ་དཔོན་གྱིས་ཁོའི་བསམ་པ་གསལ་བར་མཁྱེན་ནས་དེ་ལ་སྨྲས་པ། ཁྱོད་སེམས་བདེ་བར་སླར་ལོག་ཅིག་དང་། གལ་ཏེ་བདག་བཟུང་སྟེ་ལུས་དུམ་བུ་སྟོང་དུ་གཤགས་པའམ། འོན་ཏེ་མེ་ལ་བསྲེགས་ཏེ་ཐལ་བར་བཏང་ཡང་རུང་། ངས་ཁྱོད་ཀྱིས་ང་ལ་རོགས་བྱས་ནས་འགག་སྒོ་བརྟོལ་བའི་གཏམ་སུ་ལའང་བཤད་མི་སྲིད་ཅེས་མནའ་བོར་བས་ཁོ་སེམས་བདེ་བར་སླར་ལོག་གོ།

སྨྲས་པ།

འདི་ཕྱི་གཉིས་ལས་ཕྱི་མ་གཙོ་བོ་དང་། །

བདག་གཞན་གཉིས་ལས་གཞན་དག་གཅེས་འཛིན་ཅིང་། །

འཇིག་རྟེན་ལས་ནི་ཆོས་ལ་གཙོར་འཛིན་པའི། །

འདི་ཡིས་ཆོས་ཕྱིར་ཅི་ཡང་གཏོང་བར་སྤོབས། །

 

དེ་ཡང་འགྲོ་བའི་ཕན་བདེ་སྒྲུབ་འདོད་ན། །

རྒྱལ་བསྟན་རིན་ཆེན་འཛིན་སྐྱོང་སྤེལ་དགོས་ཤིང་། །

དེ་ལའང་ཐོག་མར་རང་ཉིད་ཐོས་སོགས་ལ། །

ཞུགས་པ་གནད་ཀྱི་དོན་པོར་འདི་ཡིས་གཟིགས།།

 

སྒོམ་བྱུང་ཤེས་རབ་སྒོམ་པ་རྣམ་དག་དང་། །

སྒོམ་པའང་བསམ་བྱུང་ཤེས་རབ་བསམ་པ་ཡང་།།

ཐོས་བྱུང་ཤེས་རབ་ལས་བྱུང་དེ་ཡི་ཕྱིར། །

ཐོག་མར་རྣམ་དག་ཐོས་པའི་ཕན་ཡོན་གཟིགས། །

 

དེས་ན་ཆོས་ཀྱི་གནད་ལ་སྒྲོ་བསྐུར་གྱི། །

དྲི་མ་ཡོངས་སུ་བསལ་ཕྱིར་འཕགས་ཡུལ་དུ། །

ཕེབས་འདོད་ཐུགས་བཞེད་འགལ་རྐྱེན་ཅུང་ཙམ་དང་། །

འཕྲད་པས་ཉམས་པར་བྱེད་པ་ག་ལ་སྲིད། །

 

འོན་ཀྱང་ཡི་དམ་ལྷ་དང་མཆོག་གསུམ་གྱི། །

རྟེན་ལ་རྩེ་གཅིག་གསོལ་འདེབས་མ་ཆད་ཅིང་། །

བསྟན་དང་འགྲོ་ལ་ལྷག་བསམ་ཆེར་བཅིངས་པའི། །

གང་བསམ་འགྲུབ་པའི་སྨོན་ལམ་ཡང་ཡང་བཏབ། །

 

རྨི་ལམ་བརྫུན་དུ་མཁྱེན་ཀྱང་ཡ་མཚན་གྱི། །

རྨི་ལམ་ཞིག་ལས་གང་ཐུགས་ནུབ་བསྐྱོད་ལ། །

ཆེས་ཆེར་བསྐུལ་བའང་ལྷ་ཡི་བྱིན་རླབས་འོད། །

སྙིང་ལ་ཞུགས་པའི་དན་རྟགས་ཉིད་དུ་གཟིགས། །

 

ལ་ལ་ལྟར་སྣང་རིགས་པས་དད་པ་འགོག །

འགའ་ཞིག་དད་པ་ཙམ་གྱིས་དཔྱད་པ་འདོར། །

དད་ཤེས་ཟུང་དུ་འབྲེལ་བའི་དམ་པ་འདི། །

ལྷ་ཡི་ལུང་བསྟན་ལའང་ཡིད་ཆེས་བརྟན། །

 

ཆོས་ལ་སྒྲོ་འདོགས་གཅོད་ཕྱིར་ཆོས་ཀྱི་ཁུངས། །

ནུབ་ཏུ་བསྐྱོད་པའི་ལམ་ཡིག་མ་ལོན་པ། །

གང་དེ་ཐང་གི་རྒྱལ་ས་ཁྲང་ཨན་ནས། །

ནུབ་བསྐྱོད་ལམ་འཕྲང་རིང་མོར་ཐབས་ཀྱིས་ཞུགས། །

 

ཚ་གྲང་བཀྲེས་སྐོམ་དགྲ་ཇག་ཆོམ་རྐུན་གྱི། །

འཇིགས་ལས་ཐར་ཀྱང་དམག་གི་ར་མདའ་ལས། །

འབྲོས་པར་དཀའ་ཡང་ངོ་མཚར་ཐུགས་རྟེན་གྱི། །

མཐུ་ལས་ལིང་ཇུའི་ཡུལ་ལ་བདེ་བར་སླེབས། །

 

རྨ་ནུབ་འཁྱམས་རིང་ས་ཡི་ཐིག་ལེ་རུ། །

བསྔགས་པའི་འགུ་ཚང་ཚོང་མགྲོན་འདུ་བའི་གནས། །

ཤར་ནུབ་ལམ་གྱི་འབྲེལ་མཚམས་དེ་དུས་སུ། །

མི་ཆེ་མི་ཆུང་གྲོང་ཁྱེར་གཙོ་གྲས་ཤིག །

 

དོན་མཐུན་གྲགས་པ་དཀར་བོས་ཙི་ནའི་ཡུལ། །

འགེངས་པའི་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱི། །

སྙན་པ་ཐོས་པའི་སྐལ་ལྡན་མང་བོ་ཞིག །

གནས་འདིར་མ་བསྡུས་པར་ཡང་ངང་གིས་འཛོམས། །

 

ཟླ་བ་གཅིག་གི་ཡུན་ལ་མྱང་འདས་སོགས། །

ཆོས་ཀྱི་བདུད་རྩིའི་ཆར་ཆེན་ཕབ་པ་ན། །

མཁྱེན་རྒྱ་ཡངས་ཤིང་འཆད་ལ་ཆེས་མཁས་པས། །

སྐལ་བཟང་སྟོང་གི་ཡིད་རབ་གཅིག་ཅར་འཕྲོག །

 

ཉིད་ཀྱི་ཆོས་ལ་ཉན་པའི་ནུབ་ཕྱོགས་པའི། །

ཚོང་འགྲུལ་མང་བོ་རང་རང་རྒྱལ་ཁམས་སུ། །

ལོག་སྟེ་ཁོང་གི་སྙན་པ་ཆེར་བསྒྲགས་པས། །

མྱུར་དུ་མཇལ་འདོད་རེ་ལྡན་མདུན་ནའང་མང་། །

 

ཐང་གི་སྲིད་དབང་བཙུགས་ཀྱང་མཐའ་མཚམས་སུ། །

ད་དུང་ཚུར་རྒོལ་ལ་སོགས་ཉེན་ཁ་མང་། །

དེ་ཕྱིར་རང་དགར་འགྲོ་འོང་མི་ཆོག་པའི། །

གོང་མའི་བཀའ་རྒྱ་རི་ལས་ལྕི་བ་ཡོད། །

 

 

ཡུལ་དཔོན་ལིས་ཏཱ་ལིང་དེ་སློབ་དཔོན་ལ། །

སྡང་བ་མིན་ཡང་རྒྱལ་བོའི་བཀའ་ཁྲིམས་བཞིན། །

ནུབ་ཏུ་མ་ཕེབས་ཅིས་ཀྱང་ལོག་ཅིག་ཅེས། །

རང་ལ་བབས་པའི་འགན་འཁྲི་གསལ་བར་བསྒྲགས། །

 

མི་བརྩི་བཙན་པོའི་ཁྲིམས་ལ་རྒོལ་ནུས་མེད། །

བརྩིས་ན་རང་གཞན་འདི་ཕྱིའི་དོན་རྣམས་འཆོར། །

ཅི་བྱ་གཏོལ་མེད་མུན་པར་ཚུད་པ་ན། ། 

དམ་པའི་གྲོགས་ཀྱི་སྣང་བས་སྣང་བར་བྱས། །

 

ཉིན་མོར་ཡིབ་ཅིང་མཚན་མོར་གསང་སྟབས་ཀྱིས། །

བགྲོད་དཀའ་བྱེ་མའི་ལམ་དུ་བསྐྱོད་པ་ལས། །

ཉིན་བཅུ་ཙམ་གྱིས་རྨ་ནུབ་འཁྱམས་རིང་གི །

ནུབ་མཐའ་ཀ་ཇུ་ཞེས་བྱར་བདེ་བར་སླེབས། །

 

འདི་ཡི་ཤར་ན་གཡང་ཊི་སྒོ་འགག་དང་། །

ནུབ་ཏུ་ཏུན་ཧོང་ལྷོ་མཐའ་མདོ་ལར་འབྲེལ། །

བྱང་དུ་བྱེ་ཐང་ཆེན་པོ་སྔས་སུ་བྱས། །

དེ་ནས་ནུབ་བསྐྱོད་སྟ་གོན་ཟླ་གཅིག་མཛད། །

 

སློབ་དཔོན་རང་ཉིད་སུ་ཡིན་མ་བསྒྲགས་ཤིང་། །

གར་འགྲོ་དམིགས་ཡུལ་སུ་ལའང་མ་བཤད་པས།།

ཡུལ་དཔོན་དད་པ་ཅན་གྱིས་དད་གུས་བཅས། །

ཞབས་ཏོག་ལེགས་པར་བསྒྲུབས་ཤིང་བསྙེན་བཀུར་བྱས། །

 

དེར་ནི་སློབ་དཔོན་དེ་ཡིས་ཐབས་མཁས་ཀྱིས། །

དེ་ནས་ནུབ་ཏུ་བགྲོད་པའི་ལམ་དྲིས་པས། །

རང་བྱུང་རང་བྱུང་མ་ཡིན་འཇིགས་པ་ཡིས། །

ཐར་དཀའི་གཏམ་གྱིས་སྙིང་ཆུང་སྙིང་རྩ་འདར། །

 

དེ་ཚེ་ལིང་ཇུའི་ཕྱོགས་ནས་སློབ་དཔོན་འདི། །

འཛིན་པའི་བརྡ་ཡིག་ས་གནས་ཀུན་ལ་བཀྲམ། །

འོན་ཀྱང་ལྷག་བསམ་ཅན་གྱི་སྲུང་དཔོན་གྱིས། །

མ་བཟུང་འབྲོས་པར་འོས་པའི་བརྡ་དེ་མཚར། །

 

ལམ་ཁྲིད་མེད་པར་ཉེན་ལས་མི་ཐར་བའི། །

ལམ་ལ་ཇི་ལྟར་འཇུག་དགོས་མ་ཤེས་པར། །

སྐྱོ་བའི་འོ་དོད་བྱམས་པའི་སྐུ་བརྙན་ལ། །

ཤུགས་ཀྱིས་བོས་པས་ལམ་སྟོན་ཐུགས་རྗེས་གནང་། །

 

ཚེ་སྔོན་ལས་ཀྱི་འབྲེལ་བ་ཟབ་པས་སམ། །

ཡི་དམ་ལྷ་ཡིས་སེམས་རྩ་བསྒུལ་ལམ་ཅི། །

ཧྲི་ཕན་ཐོ་ཞེས་བྱ་བའི་ཧོར་མི་དེས། །

སློབ་དཔོན་མཇལ་ཚེ་དད་པས་སྡོམ་པ་ཞུས། །

 

བསླབ་གཞི་ལྔ་ཡི་དགེ་བསྙེན་སྡོམ་པ་ལ། །

བཀོད་ཅིང་གར་ཕེབས་དམིགས་ཡུལ་དང་བཅས་པ། །

དེ་ལ་གསུངས་པས་དེས་ཀྱང་འགག་སྒོ་ལས། །

བརྟོལ་བའི་རོགས་རམ་བགྱིད་པར་ཁས་ལེན་བྱས། །

 

དུས་ཆད་ཇི་བཞིན་ཕྱི་ཉིན་སྲོད་ཙམ་ན། །

ཧོར་མི་རྒན་པོ་ཞིག་དང་ཧྲི་ཕན་ཐོ། །

མཁར་ཕྱི་འཇག་རྩྭའི་གསེབ་ནས་སློབ་དཔོན་དང་། །

མཇལ་ཞིང་ཧོར་མི་རྒན་པོས་འདི་སྐད་དུ། །

 

ནུབ་བསྐྱོད་ལམ་འཕྲང་ཤིན་ཏུ་འཇིགས་སུ་རུང་། །

མི་དང་མི་མིན་དུ་མའི་བར་ཆད་མང་། །

རེ་འབྲས་སྨིན་པ་བརྒྱ་ལམ་ཉིད་ཡིན་པས། །

གཅིག་པུར་མ་ཕེབས་ཐུགས་བསམ་བཞེས་རོགས་ཟེར། །

 

འོན་ཀྱང་རྡོ་ལ་རི་མོའི་ངང་ཚུལ་བཞིན། །

འགྱུར་མེད་དམ་བཅའ་བརྟན་པའི་སློབ་དཔོན་ཀྱིས། །

བདག་ནི་ཆོས་ཕྱིར་ནུབ་ཏུ་བསྐྱོད་པ་ལས། །

སྲོག་གི་ཕྱིར་ཡང་ཤར་དུ་མི་ནུར་གསུངས། །

 

ནུབ་བསྐྱོད་ལམ་ལ་ཆ་རྒྱུས་ཆེས་ཆེ་བའི། །

རྒན་པོ་སྙིང་སྟོབས་དེ་ལ་ཡིད་སྨོན་བཅས། །

གལ་ཏེ་ཅིས་ཀྱང་ཕེབས་ན་ཅང་ཤེས་འདི། །

ཆིབས་ལ་ཕེབས་དང་བསམ་པའི་དོན་འགྲུབ་ཟེར། །

 

དེ་ནས་ནམ་ཕྱེད་ཙམ་ན་དཔོན་སློབ་གཉིས། །

གསང་བའི་སྟབས་ཀྱིས་བསྐྱོད་པས་ནམ་ཞིག་ན། །

ཀ་བེད་ཆུ་ཀླུང་ཞེས་བྱ་ཧོར་སྐད་དུ། །

ཆུ་ནག་ཅེས་བྱའི་འགྲམ་དུ་ཉེ་བར་སླེབས། །

 

མོག་མོག་ཟླ་འོད་ངོགས་སུ་རྒྱང་རིང་ནས། །

ཡུས་མིན་འགག་སྒོའང་ཀྲོང་ངེར་འགྱིང་བ་མཐོང་། །

ཆུ་ཀླུང་ཐབས་ཀྱིས་བརྒལ་ཞིང་འགག་སྒོ་ཡང་། །

གསང་བས་བརྟོལ་ཚེ་སེམས་པ་རབ་དགས་མྱོས། །

 

དངོས་ཀུན་ཡུལ་གྱི་ངོས་ནས་རང་བཞིན་གྱིས། །

མེད་ཅིང་རང་རང་བློ་ཡིས་ཕར་བཏགས་པས། །

དངོས་པོ་གཅིག་ལའང་གང་ཟག་མི་གཅིག་པས། །

བལྟས་ན་རྣམ་པ་མི་འདྲ་སྣ་ཚོགས་སྣང་། །

 

ཐང་གི་ནུབ་མཐའི་ཡུས་མིན་འགག་སྒོ་འདི། །

སྙན་ངག་པ་ལ་བདུད་ཀྱི་ཡུལ་ལྟར་སྣང་། 

འོན་ཀྱང་ཚོང་བའི་སེམས་ན་གཡང་གི་སྒོ། །

དམ་པ་འདི་ལ་ནུབ་ཕྱོགས་ཆོས་ཀྱི་སྒོ། །

 

རང་བྱུང་རང་བྱུང་མ་ཡིན་འཇིགས་སྣང་གིས། །

ཀུན་ནས་མནར་བའི་དཔོན་སློབ་རྣམ་གཉིས་པོ། །

ཆེས་ཆེར་ངལ་ཞིང་དུབ་པས་རང་རང་སར། །

སྐར་མའི་ངོགས་ནས་ངལ་གསོའི་ཚུལ་ལ་ཞུགས། །

 

སློབ་དཔོན་གཉིད་མ་སད་དུ་གནས་པ་ན། །

སློབ་མའི་སྤྱོད་ངན་ཟློས་གར་ཅི་ཡང་མཐོང་། །

དུང་ངན་མི་དེར་ཡིད་རྟོན་མེད་པའི་གཤིས། །

གཟིགས་ནས་ཡི་དམ་ལྷ་ཡི་གཟུངས་སྔགས་བགྲང་། །

 

ད་དུང་གཡོ་སྒྱུའི་སྤྱོད་ངན་སྣ་ཚོགས་ཀྱིས། །

སློབ་དཔོན་བསླུ་བར་འདོད་ཀྱང་རེ་བ་བཞིན། །

མ་འགྲུབ་ཉིད་ན་འུ་ཐུག་ཐབས་ཟད་ཀྱིས། །

སེམས་ཀྱི་འཇིགས་སྣང་ཞུས་ཤིང་བཤོལ་ཐབས་བྱས། །

 

གལ་ལ་ཐུག་ན་རང་གི་བླ་མ་ཡང་། །

གསོད་པར་རྩོམ་པས་ཁྲེལ་དང་ངོ་ཚ་མེད། །

ཡིད་རྟོན་མི་རུང་འདི་ལྟས་ནུབ་བསྐྱོད་ཀྱི། །

ལམ་གྲོགས་མི་ཉན་རང་དགར་ལོག་ཏུ་བཅུག །

 

མེ་ལྕེ་དམར་པོ་དགུང་དུ་མཆེད་ཀྱང་རུང་། །

ཆུ་ཀླུང་སྨྱོན་པས་མདུན་ལམ་བཀག་ཀྱང་ཆོག །

སྲུང་དམག་གཏུམ་པོས་སྲོག་ལ་རྒོལ་ན་ཡང་། །

ཐོག་མའི་དམ་བཅའ་མ་ཉམས་མདུན་དུ་ཕེབས། །

ཞེས་བྱ་བ་ནི་བར་སྡོམ་གྱི་ཚིགས་སུ་བཅད་པའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། trjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23629607
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།