༡༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 14 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (3074)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

  བཞི་བ། རྒྱ་གར་དུ་ཕེབས་ནས་ཆོས་སྡེ་གང་དུ་སློབ་དཔོན་སུ་བསྟེན་ནས་ཆོས་ཀྱི་གནད་ལ་སྒྲོ་འདོགས་ཇི་ལྟར་བཅད་པའི་ཚུལ་བཤད་པ། 

    རྒྱ་གར་དུ་ཕེབས་ནས་ཆོས་སྡེ་གང་དུ་སློབ་དཔོན་སུ་བསྟེན་ནས་ཆོས་ཀྱི་གནད་ལ་སྒྲོ་འདོགས་ཇི་ལྟར་བཅད་པའི་ཚུལ་བཤད་པ་ལ་གཉིས། རྒྱ་གར་ལ་ཇི་ལྟར་ཕེབས་པའི་ཚུལ་བཤད་པ་དང་། རྒྱ་གར་དུ་ཕེབས་ནས་ཆོས་སྡེ་གང་དུ་སློབ་དཔོན་སུ་བསྟེན་ནས་ཆོས་ཀྱི་གནད་ལ་སྒྲོ་འདོགས་ཇི་ལྟར་བཅད་པའི་ཚུལ་བཤད་པའོ།།

དང་བོ། རྒྱ་གར་ལ་ཇི་ལྟར་ཕེབས་པའི་ཚུལ་བཤད་པ།     

    དེ་ལྟར་སློབ་དཔོན་འདི་ཉིད་ཚེ་འདི་ལས་ཕྱི་མ་གཙོ་བོར་འཛིན་པ་དང་བདག་ལས་གཞན་གཅེས་པར་འཛིན་པ་དང་འཇིག་རྟེན་ལས་ཆོས་ཀྱི་བྱ་བ་གཙོ་བོར་འཛིན་པ་ཞིག་ཡིན་པས་ན་ཆོས་ཀྱི་དོན་དུ་ཅི་ཡང་གཏོང་ཕོད་ལ་ཅི་ཡང་སྒྲུབ་ཐུབ་མཁན་ཞིག་ཡིན་ནོ།། དེ་ཡང་སེམས་ཅན་གྱི་ཕན་བདེའི་གཞིར་གྱུར་བ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ལ། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པར་འདོད་ན་ཐོག་མར་རང་གིས་དེ་ལ་ཐོས་བསམ་སྒོམ་གསུམ་བྱེད་དགོས། དེ་ཡང་སྒོམ་བྱུང་གི་ཤེས་རབ་ནི་སྒོམ་པ་རྣམ་དག་ལས་བྱུང་ལ། སྒོམ་པ་རྣམ་དག་ནི་བསམ་བྱུང་གི་ཤེས་རབ་ལས་བྱུང་ཞིང་། བསམ་བྱུང་གི་ཤེས་རབ་ནི་བསམ་པ་རྣམ་དག་ལས་བྱུང་ལ། བསམ་པ་རྣམ་དག་ནི་ཐོས་བྱུང་གི་ཤེས་རབ་ལས་བྱུང་ཞིང་། ཐོས་བྱུང་གི་ཤེས་རབ་ནི་ཐོས་པ་རྣམ་དག་ལས་བྱུང་བའི་རྒྱུ་འབྲས་ཀྱི་ཆོས་ཉིད་དེ་ཁོང་གིས་ལེགས་པར་མཁྱེན་པས་ན། ཐོག་མར་ཐོས་བསམ་བྱེད་སའི་ཆོས་ཀྱི་གནད་ལ་སྒྲོ་བསྐུར་བསལ་བ་ཆེས་གལ་ཆེ་བར་དགོངས་ཤིང་དེའི་ཕྱིར་དུ་དམ་པ་ཆོས་ཀྱི་འབྱུང་ཁུངས་ནུབ་ཕྱོགས་འཕགས་པའི་ཡུལ་དུ་ཕེབས་འདོད་ཀྱི་ཐུགས་འདུན་ནི་རྨི་ལམ་ཚུན་ཆད་དུའང་རྨི་བཞིན་ཡོད་པས། ཕེབས་ཆོག་པའི་ཆོག་མཆན་མ་ཐོབ་པ་དང་ལམ་ཡིག་མ་ལོན་པ་ཙམ་གྱིས་ཁོང་གི་ཐུགས་བསྐྱེད་དང་དམ་བཅའ་ཉམས་པར་བྱེད་ག་ལ་ཐུབ། འོན་ཀྱང་དེ་ལ་མི་དང་མི་མིན་གྱི་འགལ་རྐྱེན་བར་ཆད་ནི་བསམ་ཡུལ་ལས་འདས་པ་ཞིག་ཡོད་པ་ཁོང་གིས་མི་མཁྱེན་པ་ག་ལ་སྲིད། དེའི་ཕྱིར་གསང་སྟབས་ཀྱིས་ཉིན་རེ་བཞིན་དེར་ཡོད་པའི་དགོན་པ་དག་གི་སྐུ་གསུང་ཐུགས་རྟེན་རྣམས་ཀྱི་མདུན་དུ་ཕེབས་ནས་བསྟན་འགྲོའི་དོན་ལ་དགོངས་པའི་འདོད་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་སྐྱབས་འཇུག་ཞུས། སྨོན་ལམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ། ཀྲིན་བཀྭན་ཁྲི་ལོ་གསུམ་པ་སྟེ། སྤྱི་ལོ་༦༢༩ལོའི་སྟོན་ཀའི་མཚན་མོ་ཞིག་ལ་རྨི་ལམ་ཡ་མཚན་པ་ཞིག་རྨིས། དེ་ཡང་རྨི་ལམ་ལས་གློ་བུར་དུ་རྒྱ་མཚོ་ཆེན་པོ་ཞིག་གི་དབུས་ན་རིན་པོ་ཆེའི་རི་བོ་ཞིག་འོད་ཟེར་ཆེམ་ཆེམ་དུ་འཕྲོ་བ་ཞིག་མཐོང་། ཕྱོགས་བཞིར་བལྟས་པ་ན་རྦ་རླབས་ཆལ་ཆིལ་དུ་གཡོ་བ་ལས་དེ་ལས་སྒྲོལ་བྱེད་ཀྱི་གྲུ་གཟིངས་སོགས་ཅི་ཡང་མི་འདུག་གོ། འོན་ཀྱང་རིན་པོ་ཆེའི་རི་བོ་དེ་ན་ཅི་ཞིག་ཡོད་པ་ཅིས་ཀྱང་ཤེས་པར་འདོད་པས་རི་དེའི་རྩེ་ལ་སླེབས་དགོས་པས། སློབ་དཔོན་རང་ཉིད་ཀྱིས་སྤོབས་པ་ཆེར་བསྐྱེད་དེ་མཆོངས་བསྐྱོད་ཅིག་གིས་མཚོ་ལ་ཞུགས་པ་ན། མཚོ་དེའི་ནང་ནས་གློ་བུར་དུ་རྡོ་ལས་གྲུབ་པའི་མེ་ཏོག་པདྨ་མང་བོ་ཞིག་ཐོན་ཞིང་མཚོ་འགྲམ་ནས་རིའི་ཉེ་འདབས་བར་མུ་འབྲེལ་དུ་བྱུང་བ་དང་། སློབ་དཔོན་རང་ཉིད་དེ་ལ་བརྟེན་ནས་རིའི་རྩར་ཡུད་ཀྱིས་སླེབས། རི་དེ་ཉིད་ཤིན་ཏུ་མཐོ་ཞིང་གཟར་བས་དེའི་རྩེར་སླེབས་རྒྱུ་ནི་སླ་བ་ཞིག་གཏན་མ་ཡིན་པར་འདུག་མོད། འོན་ཀྱང་སློབ་དཔོན་དེ་ནས་ཡར་མཆོངས་པས་བར་སྣང་དུ་འཕགས་ཤིང་ཡུད་ཙམ་གྱིས་རིའི་རྩེར་སླེབས། དེར་སླེབས་ནས་ཀྱང་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་འཚོལ་བའི་གྲབས་མ་བྱས་པར་རི་རྩེ་ནས་རྒྱང་རིང་དུ་གཟིགས་པས་ཇི་འདྲའི་མཛེས་ཤིང་ཡ་མཚན་པ་ཞིག་རེད་ཨང་སྙམ་པའི་སྣང་བ་བྱུང་ངོ་།། ཡ་མཚན་པ་ཞིག་ལ་དེ་ལྟ་བུའི་སྣང་བ་དེ་བྱུང་མ་ཐག་ཁོང་གཉིད་ལས་སད་པར་གྱུར་ཏོ།། ཁོང་གི་ཐུགས་ལ་འདི་ནི་ངེས་པར་ཡི་དམ་ལྷས་བདག་ལ་སྤོབས་པ་ཆེར་བསྐྱེད་ལ་སོང་ཞིག་ཅེས་པའི་བརྡ་བསྟན་པ་ཡིན་པར་དགོངས་ནས་སྔར་ཕེབས་འདུན་གྱི་དམ་བཅའ་མཛད་པ་དེ་ལྷག་པར་ཡང་ཇེ་བརྟན་དུ་སོང་ངོ་།། དེ་ལྟར་སྤྱི་ལོ་༦༢༩ལོའི་ཟླ་བརྒྱད་པ་ཙམ་ལ་ཁོང་ཉིད་གསང་སྟབས་ཀྱིས་ཐང་གི་རྒྱལ་ས་ཁྲང་ཨན་དང་གྱེས་ཤིང་ནུབ་བསྐྱོད་ཀྱི་ཚོང་བ་རྣམས་ཀྱི་གསེབ་ཏུ་ཞུགས་ནས་དཀའ་བ་དང་འཇིགས་པ་བརྒྱ་ཕྲག་གིས་ཡོངས་སུ་གང་བའི་ནུབ་བསྐྱོད་ཀྱི་ལམ་འཕྲང་ལ་གོམ་སྟབས་བསྒྱུར་བའི་འགོ་བཙུགས་སོ།།

    ཆོས་འཚོལ་བའི་ནུབ་བསྐྱོད་ཀྱི་བགྲོད་ལམ་རིང་མོ་འདི་ལ་འགལ་རྐྱེན་བར་ཆད་ཤིན་ཏུ་མང་བོ་ཡོད་པ་ལས་ཆེས་ཐོག་མ་དང་ཆེས་ཚབས་ཆེ་བའི་འགལ་རྐྱེན་དུ་གཏོགས་པ་གཅིག་ནི་ཁོང་ལ་ཁྲིམས་མཐུན་གྱི་ཆོག་མཆན་དང་ལམ་ཡིག་མེད་པ་དེ་ཉིད་ཡིན་པས། ཐང་གི་མངའ་ཁོངས་ལས་མ་བརྒལ་བར་དུ་ཚ་གྲང་བཀྲེས་སྐོམ་དང་། དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་ལ་དོགས་ཟོན་བྱེད་དགོས་པར་མ་ཟད། གཞུང་ཕྱོགས་ཀྱི་སྲུང་དམག་ལའང་གཡོལ་ཅི་ཐུབ་བྱེད་དགོས་པ་ཡིན། ཁོང་ཁྲང་ཨན་ནས་ཐོན་ཏེ་རྨ་ནུབ་འཁྱམས་རིང་གི་ལིང་ཇུའམ་འགུ་ཚང་ (凉州,今甘肃武威དུ་སླེབས། ལིང་ཇུའམ་འགུ་ཚང་ནི་སྐབས་དེ་ཙམ་ན་རྨ་ནུབ་ཀྱི་གྲོང་ཁྱེར་ཅུང་ཆེ་ཤོས་ཤིག་གི་གྲས་སུ་གཏོགས་པར་མ་ཟད། ཤར་ནུབ་གཉིས་ཀྱི་ལམ་འཕྲང་གི་འབྲེལ་མཚམས་གལ་ཆེན་ཞིག་ཀྱང་ཡིན་པས་ནུབ་ཕྱོགས་ཡུལ་ཁམས་ཀྱི་ཚོང་བ་མང་བོའི་འགྲོ་འོང་ཡང་ཉིན་བཞིན་རྒྱུན་མི་ཆད། སློབ་དཔོན་རྨད་བྱུང་གཟི་བརྗིད་འདི་སྙན་གྲགས་ཧ་ཅང་ཆེ་བས་དེར་ཡང་ཆོས་ཞུ་མཁན་མང་དུ་བྱུང་། ཟླ་བ་གཅིག་ལྷག་གི་ཡུན་ལ་ཁོང་ཉིད་དེར་བཞུགས་ནས་སྐལ་ལྡན་གྱི་གདུལ་བྱ་མང་བོ་ཞིག་ལ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ (涅槃经དང་། ཐེག་པ་ཆེན་པོ་བསྡུས་པ་ (摄大乘论དང་། ཤེར་ཕྱིན་གྱི་མདོ་སོགས་བཤད་པས། ཁོང་མཁྱེན་རྒྱ་ཡངས་ཤིང་འཆད་ལ་མཁས་པས་ཐམས་ཅད་ཀྱི་ཡིད་དབང་འཕྲོག        

    ཆོས་ཉན་མཁན་གྱི་གྲས་ན་ནུབ་ཕྱོགས་རྒྱལ་ཁམས་ཀྱི་ཚོང་བ་ཡང་མང་བོ་ཡོད་པས། དེ་རྣམས་ཕྱིར་རང་ཡུལ་དུ་སླེབས་ནས་གཞན་དང་གཞན་མང་བོ་ལ་སློབ་དཔོན་གྱི་ཡོན་ཏན་བསྒྲགས་ཤིང་ནུབ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ཀྱི་གནད་ལ་སྒྲོ་བསྐུར་བསལ་བའི་ཕྱིར་ཕེབས་བཞེད་ཡོད་པའི་གནས་ཚུལ་སོགས་ཀྱང་གཅིག་གིས་གཅིག་ལ་བཤད་པས་མང་བོ་ཞིག་གིས་ཐོས་པར་གྱུར་བས། ཁོང་མ་སླེབས་གོང་ནས་ཁོང་གི་མཚན་སྙན་དེར་ཁྱབ་ཅིང་། མྱུར་དུ་སླེབས་ན་ཅི་མ་རུང་སྙམ་དུ་རེ་སྒུག་བྱེད་མཁན་གྱི་དད་ལྡན་ཡང་མང་བོ་ཡོད་པར་གྲགས་སོ།། ཆོས་གསུངས་པའི་ཡོན་དུ་འབུལ་བ་ཡང་མང་དུ་བྱུང་ཡང་ཕལ་ཆེ་བ་དེར་ཡོད་པའི་དགོན་སྡེ་དག་ལ་བགོ་བཤའ་མཛད་དོ།།    

    སྐབས་དེར་ཐང་གུར་གྱི་སྲིད་དབང་ད་དུང་དེ་ཙམ་བརྟན་པོ་མིན་པ་དང་། ལྷག་པར་ཡང་ནུབ་བྱང་གི་མཐའ་མཚམས་ནས་རྒྱུན་དུ་ནུབ་ཀྱི་གྲུ་གུས་ (突厥འཇིགས་སྣང་བསྐུལ་བ་སོགས་ཀྱི་དབང་གིས། མཐའ་མཚམས་སུ་འབངས་མི་རྣམས་གང་འདོད་བཞིན་འགྲོ་འོང་བྱེད་མི་ཆོག་པའི་བཀག་རྒྱ་ཡོད། དེའི་དུས་ཀྱི་ལིང་ཇུའི་ཡུལ་དཔོན་ནི་ལིས་ཏཱ་ལིང་ (凉州都督李大亮ཟེར་བ་ཡིན་ཞིང་ཐང་དབང་གི་བཀའ་བཞིན་མཐའ་མཚམས་སྲུང་ནས་ཡོད་པ་ལ། ཁྲང་ཨན་ནས་འོངས་པའི་བཙུན་པ་ཞིག་དེར་སླེབས་ཡོད། ནུབ་ཏུ་འགྲོ་རྩིས་བྱེད་ཀྱིན་འདུག དམིགས་ཡུལ་ཅི་ཞིག་ཡིན་པ་མི་ཤེས་ཟེར་བ་ཐོས་སོ།། ལིས་ཏཱ་ལིང་གིས་མི་མངགས་ཏེ་སློབ་དཔོན་བཙལ་དུ་བཅུག་ནས་མདུན་དུ་བོས། ལིས་ཏཱ་ལིང་གིས་སློབ་དཔོན་མཐོང་བ་ན་རང་གིས་ཀྱང་རྒྱུ་མཚན་ཅི་ཡིན་བཤད་མི་ཤེས་པའི་ཡིད་ཆེས་དང་ཞི་ལྷོད་ཀྱི་ཚོར་བ་ཞིག་བྱུང་། ཁོང་གི་དྭངས་གཙང་ལྷད་མེད་ཀྱི་སྤྱན་ཟུང་དང་མཐོང་ན་བདེ་སྣང་སྟེར་བའི་དགྱེས་འཛུམ་ལྡན་པའི་ཞལ་རས་ལ་ཞིབ་ཏུ་མཇལ་བ་དང་དཔོན་པོ་དེའི་ཡིད་ལ་འདི་ནི་གཞན་ལ་གནོད་འཚེ་བྱེད་པའི་གསང་མྱུལ་བ་ཞིག་ནི་མིན་ཐག་ཆོད་རེད་སྙམ་པ་སྐྱེས་སོ།།      

    འོན་ཀྱང་ཁ་ནས་འདི་སྐད་དུ། སློབ་དཔོན་ཁྱེད་ལིང་ཇུའི་ཡུལ་འདིར་ཕེབས་ནས་ཟླ་གཅིག་ལ་ཉེ་ཙམ་སོང་བ་འདྲ། དར་རྒྱས་ཆེ་བའི་རྒྱལ་ས་ནས་ས་མཐའ་འདི་ལྟ་བུ་ལ་འོང་དོན་ཅི་ཡིན། འདི་ན་མྱ་ངམ་གྱི་བྱེ་མའི་ཐང་ཆེན་དང་འཐབ་འཁྲུགས་ལས་གཞན་ལྟ་རིན་དང་མཇལ་རིན་ཡོད་པ་ཅི་ཡང་མེད་དོ་ཞེས་ཟེར་རོ།། སློབ་དཔོན་གྱི་ཐུགས་ལ་དཔོན་པོ་འདིས་བདག་གི་གནས་ཚུལ་གསལ་བོར་ཤེས་འདུག་པས་ད་ནི་གསང་བ་ལས་དྲང་མོར་བཤད་ན་དགའ་སྙམ་དུ་

དགོངས་ཏེ། ནུབ་ཕྱོགས་འཕགས་པའི་ཡུལ་ལ་ཆོས་ཀྱི་གནད་འཚོལ་དུ་འགྲོ་རྒྱུ་ཡིན་ཚུལ་གསལ་བོར་བཤད། ཡུལ་དཔོན་ལིས་ཏཱ་ལིང་གིས། འདིར་མཐའ་མཚམས་བརྒལ་བ་ལ་ཆོག་མཆན་དང་ལམ་ཡིག་ཅིས་ཀྱང་ཡོད་དགོས་ན། ཁྱེད་ལ་དེ་དག་ཡོད་དམ་ཞེས་དྲིས། སློབ་དཔོན་གྱིས། བདག་ནི་ཆོས་འཚོལ་འདོད་ཀྱི་བསམ་པ་ཤུགས་དྲག་གིས་མྱུར་དུ་ལམ་ལ་ཆས་ཏེ་འོངས་པ་ཡིན་པས་ལམ་ཡིག་སོགས་མེད་དོ་ཞེས་མ་གསང་དྲང་བོར་བཤད་དོ།། ཡང་ལིས་ཏཱ་ལིང་གིས། རྒྱ་གར་ཞེས་པ་ནི་དཔག་ཚད་འབུམ་ཕྲག་དུ་མའི་ཕ་རོལ་ཏུ་ཡོད་པ་ཞིག་ཡིན་ན་ཁྱེད་འདི་ལྟར་གྲོགས་མེད་གཅིག་པུར་ཕེབས་འདོད་པ་ཡིན་ནམ་ཞེས་དྲིས། དེ་ལ་སློབ་དཔོན་གྱིས། བདག་ནི་གཅིག་པུའོ།། ལམ་གྲོན་ཡང་ཡོངས་སུ་ཟད་པས་འདིར་ཅུང་ཟད་རེ་འཚོལ་དགོས་ལ་གོ་སྐབས་ལ་བསྒུག་དགོས་པས་རྒྱུ་རྐྱེན་འཛོམས་པ་ན་འགྲོ་འདོད་པ་ལགས་ན་ཁྱེད་ཀྱིས་ང་ཅིས་ཀྱང་གཏོང་རོགས་ཞུ་ཞེས་སྨྲས་སོ།།       

    ལིང་ཇུའི་དཔོན་པོ་ལུས་ཏཱ་ལིང་ནི་ཁྲི་སྡེ་དམག་གི་དཔུང་ཚོགས་ལ་ཁ་ལོ་སྒྱུར་མཁན་གྱི་དཔའ་བོ་ཞིག་ཡིན་ཡང་སློབ་དཔོན་གྱི་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་བསམ་གྱིས་མི་ཁྱབ་པའི་སྐུ་ཡོན་གྱིས་ཡིད་དབང་འཕྲོག་མོད། འོན་ཀྱང་གོང་མའི་བཀའ་ནི་རི་གཟར་གྱི་རྦབ་དང་འདྲ་བས་མངོན་སུམ་དུ་རྒོལ་ག་ལ་ཐུབ་པས་ཤིན་ཏུ་ནན་མོ་དང་བཅས། མི་གཅིག་ཀྱང་ལམ་ཡིག་མེད་པར་གཏོང་མི་ཆོག་པའི་གོང་མའི་བཀའ་རྒྱ་འདི་ལྟར་གསལ་བོར་བསྒྲགས་ཟིན་པས་ཁྱེད་ཅིས་ཀྱང་ཕྱིར་ཕེབས་ཤིག་ཟེར་བས་སློབ་དཔོན་ཅི་བྱ་གཏོལ་མེ་དུ་གྱུར་བ་ན། སློབ་དཔོན་དཔུས་ཝེ་ (慧威法师ཟེར་བ་མཚན་སྙན་གཡུ་འབྲུག་གི་སྒྲ་སྐད་རྨ་ནུབ་ཡོངས་ལ་ཁྱབ་ཅིང་ཀུན་གྱིས་གཙུག་ཏུ་བཀུར་བ་ཞིག་བཞུགས་པ་དེ་ཉིད་སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱི་ངོ་མཚར་བའི་མཁྱེན་དཔྱོད་དང་བསྟན་འགྲོའི་དོན་ལ་དགོངས་པའི་ཐུགས་བསྐྱེད་ཀྱིས་ཡིད་དྲངས་ཏེ་རང་གི་སློབ་མ་ཡིད་རྟོན་བྱེད་རུང་བ་དཔུས་ལིན་ (慧琳དང་ཏའོ་ཀྲིན་ (道整གཉིས་མངགས་ནས་གསང་སྟབས་ཀྱིས་ཁོང་ཕར་སྐྱེལ་དུ་བཅུག་པ་དང་། ཁོང་རྣམ་པ་ཡང་ཉིན་མོར་ངལ་གསོས་ཤིང་མཚན་མོར་ལམ་ལ་ཆས་ཏེ་འབྲོང་ཡུལ་ (张掖དང་ཅུའུ་ཆོན་ (酒泉སོགས་བརྒྱུད་ནས་ཉིན་བཅུ་ཙམ་གྱིས་ཐང་གི་མཐའ་མཚམས་ཡུས་མིན་བཀྭན་(玉门关ནམ་གཡང་ཊི་སྒོའི་འགག་དང་ཐག་མི་རིང་བའི་ཀ་ཇུ་(瓜州,今甘肃安西一带)སྟེ། དེང་སང་གི་ཀན་སུའུ་ཨན་ཤིས་ཞེས་པའི་ས་ཆར་སླེབས་སོ།།

    ཀ་ཇུ་(瓜州)ཞེས་པའི་ས་སྒོ་འདི་ནི་རྨ་ནུབ་འཁྱམས་རིང་གི་ཆེས་ནུབ་མཐའ་ཡིན་ལ། ཤར་དུ་ཡུས་མིན་བཀྭན་ཏེ་གཡང་ཊི་སྒོའི་འགག་དང་། ནུབ་ཏུན་ཧོང་དང་། ལྷོ་མདོ་ལ་རིང་མོའི་རི་རྒྱུད་དང་འབྲེལ་ཞིང་། བྱང་དུ་བྱེ་ཐང་ཆེན་པོ་སྔས་སུ་བྱས་པ་ཞིག་གོ། སློབ་དཔོན་རྨད་བྱུང་གཟི་བརྗིད་ཀ་ཇུ་ལ་སླེབས་རྗེས་རང་ཉིད་སུ་ཡིན་པ་དང་ནུབ་བསྐྱོད་ཀྱི་འཆར་གཞི་སོགས་ཀུན་ལ་མ་བསྒྲགས་པར་གསང་ནས་བཞུགས། རྫོང་དེའི་སྲུང་དཔོན་ཏུའུ་ཀཱུ་ཏཱ་ (瓜州刺史独孤达ཟེར་བ་ནང་ཆོས་ལ་དད་པ་ཞིག་ཡིན་པ་དང་། སློབ་དཔོན་སུ་ཡིན་མ་ཤེས་པར་སྤྱིར་བཏང་གི་བཙུན་པ་མཇལ་སྐོར་བ་ཞིག་ཡིན་པར་བྱས་ཏེ་གུས་བཀུར་དང་བཅས་ཞབས་ཏོག་ལེགས་པར་བསྒྲུབས། འབུལ་བ་ཡང་མང་དུ་བཏེགས། སློབ་དཔོན་གྱིས་དེར་ཐབས་མཁས་ཀྱིས་ལམ་ཐིག་དྲིས་པས། དེ་ནས་བྱང་ཕྱོགས་སུ་ལེ་དབར་ལྔ་བཅུ་ཙམ་སོང་བ་ན། ཆུ་ཀླུང་ཀ་བེད་དབྱིབས་ཅན་ (瓠庐河ཞེས་བྱ་བ་སྟོད་དོག་ལ་སྨད་ཡངས་པ་གཏིང་ཟབ་ཅིང་རྦ་དྲག་པ་ཤིན་ཏུ་བགྲོད་དཀའ་བ་ཞིག་འདུག་ཚུལ་དང་། དེ་དང་ཉེ་བ་ན་ཡུས་མིན་འགག་སྒོའམ་གཡང་ཊི་སྒོའི་འགག་ཟེར་བ་ཡོད་ཚུལ་དང་། ནུབ་ཏུ་འགྲོ་ན་དེར་མ་བརྒྱུད་ཐབས་མེད་ཡིན་ཚུལ་དང་། དེ་ནས་ནུབ་ཏུ་རིམ་པར་དམག་གི་ཟོན་མེའི་མཁར་ཚིགས་ (烽燧ལྔ་ཡོད་ཅིང་རེ་རེ་ན་སྲུང་དམག་གིས་རྟག་ཏུ་བྱ་ར་བྱེད་བཞིན་ཡོད་ཅིང་། མཁར་ཚིགས་རྣམས་ཀྱི་བར་དུ་ནི་ཆུ་མེད་པའི་མྱ་ངམ་གྱི་ཐང་ལེ་དབར་བརྒྱ་ཙམ་རེ་ཡོད་པས་ཆོད་ཅིང་བརྡ་གཏོང་བྱེད་ཀྱི་མེ་ཞིག་ཡོད་པ་ལ་བརྟེན་ནས་དོགས་ཟོན་བྱེད་དགོས་པ་རེ་བྱུང་ན་ཕན་ཚུན་བར་མྱུར་དུ་བརྡ་གཏོང་ནུས་པས་ཤིན་ཏུ་བརྒལ་དཀའ་བས་ཆོག་མཆན་དང་ལམ་ཡིག་མེད་ན་གནམ་ལ་སྐས་བཙུགས་ནས་བགྲོད་པ་ལྟར་ཕལ་ཆེར་མི་ཐར་བ་དང་། བརྒྱ་ལ་འགག་འཕྲང་དེ་དག་ལས་ཐར་དུ་ཆུག་ཀྱང་མིང་དུ་གྲགས་ཤིང་འཇིགས་སུ་རུང་བའི་མའོ་ཧི་ཡན་ཆིས་ (莫贺延碛ཞེས་བྱ་བའི་བྱེ་ཀླུང་ཆེན་པོ་ལེ་དབར་བརྒྱད་བརྒྱ་ལྷག་ཡོད་པ་ཤིན་ཏུ་བགྲོད་དཀའ་བ་ཞིག་ཡོད་ཅིང་། དེ་ཉིད་ཐང་གི་རྒྱལ་ཁབ་ཆེན་པོ་དང་ལི་ཡུལ་གྱི་ཡིས་ཝུའུ་ (伊吾གཉིས་བར་གྱི་རང་བྱུང་གི་བར་གཅོད་ལྟ་བུར་གྲུབ་ཡོད་ཚུལ་དང་། གལ་ཏེ་དེ་ལ་ཆ་རྒྱུས་ཡོད་པའི་ལམ་ཁྲིད་མེད་ན་བྱེ་ཀླུང་གི་མཐར་མི་ཕྱིན་པར་མགོ་འཁོར་ནས་འཆི་བ་ལས་འོས་མེད་ཚུལ་སོགས་བཤད་པ་ཐོས་པས་ཐུགས་སྐྱོ་བ་ན། ཁྲང་ཨན་ནས་བཟུང་སྟེ་ཡུལ་འདིར་སླེབས་རག་གི་བར་དུ་ཁོང་ཁུར་ནས་འོངས་པའི་ཆིབས་རྟ་ཡང་ཤི་སོང་བས་སྐྱོ་བའི་ཁར་སྐྱོ་བ་བསྣན་པ་ལྟ་བུ་ཞིག་བྱུང་ངོ་།།  

    འདི་ནས་རྒྱ་ཡིག་གི་ཧྥིན་སེ་ (烽燧ཞེས་པའམ་ཧྥིན་ཧོ་ཐེ (烽火台ཞེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་ཅིག་བྱེད་དགོས་པར་སྣང་། རྒྱ་ཡིག་འདི་སྔར་ལྕོག་མཁར་ཞེས་བསྒྱུར་ཡོད་པའང་མཐོང་བས་དེ་ལྟར་བསྒྱུར་ན་མི་འགྲིག་པ་མེད་ཀྱང་སྲིད། འོན་ཀྱང་ངས་འདིར་དམག་གི་ཟོན་མེའི་མཁར་ཚིགས་ཞེས་བསྒྱུར་ཡོད། འདི་ལ་སྔར་རྒྱ་སྐད་དུ་ཧྥིན་ཧོ་ཐེ་(烽火台)དང་། མིང་གཞན་ལ་ཧྥིན་སེ་(烽燧)ཞེས་པ་ལྟ་བུ་དང་། ཧྥིན་ཧོའི་(烽候)དང་། ཡན་ཏོན་(烟墩)དང་། ཏོན་ཐེ་(墩台)ཞེས་པ་ལྟ་བུ་སོགས་མང་བོ་ཡོད། དོན་ལ་གནའ་སྔ་མོའི་དུས་སུ་དུ་བ་དང་མེ་ལ་བརྟེན་ནས་གནས་ཚུལ་གལ་ཆེན་བྱུང་ན་ཕན་ཚུན་བརྡ་གཏོང་སའི་ས་ཚིགས་མཁར་མཐོན་པོར་བརྩིགས་ཡོད་པ་ཞིག་སྟེ། གནའ་བོའི་དུས་སུ་དམག་དོན་འགོག་སྲུང་གི་འཛུགས་བསྐྲུན་ཞིག་གམ། ཕ་རོལ་དགྲ་ཕྱོགས་ཀྱིས་ཚུར་རྒོལ་བྱེད་པ་འགོག་བྱེད་ཅིག་གམ། དགྲས་ཚུར་རྒོལ་བྱས་ན་རང་ཕྱོགས་ལ་བརྡ་གཏོང་བྱེད་ཅིག་སྟེ། ཉིན་དཀར་ཡིན་ན་དུ་བ་ལ་བརྟེན་ནས་བརྡ་གཏོང་ཞིང་། མཚན་མོ་ཡིན་ན་མེ་སྦར་ཏེ་བརྡ་གཏོང་ངོ་།། དོགས་ཟོན་བྱེད་དགོས་པ་མཚོན་བྱེད་དུ་མེ་དང་དུ་བ་ལ་བརྟེན་ནས་བརྡ་གཏོང་སའི་མཁར་མཐོན་པོ་ཞིག་ཡིན་པས་བདག་གིས་དེ་ལྟར་བསྒྱུར་བ་ཡིན་ནོ།། ཟླ་གཅིག་གི་ཡུན་ལ་དེ་དག་ཇི་ལྟར་བགྲོད་ཐབས་ལ་ཐུགས་བསམ་བཏང་ནས་བཞུགས་ཀྱང་འདི་བྱེད་དོ་ཟེར་བའི་ཐབས་ཤེས་ཡིད་འཁུལ་བ་ཞིག་གཏན་རྙེད་པར་མ་གྱུར་ཏོ།། དེ་ལྟ་མོད་ཀྱང་ཐུགས་སྐྱོ་བ་ཙམ་མ་གཏོགས་མུ་མཐུད་དུ་ཕེབས་པའི་ཐུགས་དམ་འདོར་བའི་གྲབས་ཙམ་ཡང་མ་མཛད་དོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23631084
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།