༡༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (2905)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 ༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།  

    དེ་ལྟར་རྒྱ་གར་དུ་ཕེབས་པའི་རྒྱ་རིགས་བཙུན་པ་མང་ཡང་དེ་དག་ཐམས་ཅད་ལས་ཆེས་གྲགས་ཆེ་བ་དང་ཤུགས་རྐྱེན་ཆེ་བ་ནི་ཆེས་ཐོག་མར་རྒྱ་གར་དུ་ཕེབས་མཁན་ཅིན་ཤར་མའི་དུས་ཀྱི་སློབ་དཔོན་ཧྥ་ཤན་དེ་བན་ཆེན་པོ་ཆོས་ཀྱི་སྣང་བ་དང་། ཐང་གུར་གྱི་སྡེ་སྣོད་གསུམ་པ་ཞོན་ཙང་ངམ་སློབ་དཔོན་ཆེན་པོ་རྨད་བྱུང་གཟི་བརྗིད་རྣམ་གཉིས་ཡིན་ནོ།།  

    འོ་ན་དེ་རྣམ་གཉིས་རྒྱ་གར་དུ་ཕེབས་པའི་རྒྱུ་རྐྱེན་འདྲའམ་ཞེ་ན། སྤྱིར་རྒྱ་ཡུལ་གྱི་བསྟན་འགྲོའི་ཕན་བདེ་ལ་དགོངས་ནས་སྐུ་སྲོག་ལ་མ་འཛེམས་པར་ཕེབས་པ་ཡིན་པའི་ཆ་ནས་རྣམ་པ་ཀུན་ཏུ་འདྲ་ཡང་། བྱེ་བྲག་ཆོས་གང་གི་ཆེད་དུ་ཕེབས་པའི་ཆ་ནས་མི་འདྲ་སྟེ། བན་ཆེན་པོ་ཆོས་ཀྱི་སྣང་བ་མཆོག་ནི་གཙོ་བོར་རྒྱ་ཡུལ་གྱི་འདུལ་བ་དེ་ཙམ་གཙང་ཞིང་དག་པར་མ་བྱུང་བས་དེ་ཉིད་སྟོན་པའི་དགོངས་པ་ཇི་ལྟ་བ་བཞིན་གསལ་བར་བྱ་བའི་ཆེད་དུ་ཕེབས་པ་ཡིན་ལ། སྡེ་སྣོད་གསུམ་པ་རྨད་བྱུང་གཟི་བརྗིད་ནི་གཙོ་བོར་ཐེག་ཆེན་གྱི་བསྟན་པའི་དགོངས་དོན་ཇི་ལྟ་བ་བཞིན་གཏན་ལ་འབེབ་པའི་ཆེད་དམ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡོད་པའི་སངས་རྒྱ་རུང་གི་རིགས་ཞེས་པ་དེ་ཇི་འདྲ་ཞིག་ཡིན་པ་ཇི་ལྟ་བ་བཞིན་གསལ་བར་བྱ་བའི་ཆེད་དུ་རྒྱ་གར་ལ་ཕེབས་པ་ཡིན་པའི་ཕྱིར།      

    ཐོག་མར་ཅིན་ཤར་མའི་དུས་སུ་བྱོན་པའི་བན་ཆེན་པོ་ཆོས་ཀྱི་སྣང་བ་ཅིའི་ཕྱིར་རྒྱ་གར་དུ་ཕེབས་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་བན་ཆེན་པོ་ཆོས་ཀྱི་སྣང་བ་མ་བྱོན་གོང་དུ་མ་ཧཱ་ཙི་ནའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་དར་ཡོད་ཀྱང་འདུལ་བའི་སྡེ་སྣོད་རྫོགས་པར་བསྒྱུར་མེད་པ་དང་། ལྷག་པར་ཡང་རྒྱ་ཡུལ་ལ་འདུལ་བའི་ལག་ལེན་ནི་འདི་དང་འདིའོ་ཞེས་གཅིག་གྱུར་ཞིག་མ་བྱུང་བས། རབ་བྱུང་གི་སྡེ་ལ་ཀུན་སྤྱོད་འདི་དང་འདི་ལྟ་བུ་ཞིག་བྱེད་དགོས་ཞེས་ཆོས་འདུལ་བ་དང་མཐུན་པ་ཞིག་ཕལ་ཆེར་མེད་པས་རང་སྣང་གང་འདོད་བྱེད་པ་ཧ་ཅང་མང་ཞིང་། ཁྱད་པར་དུ་སྤྱི་ལོ་སུམ་བརྒྱ་དགུ་བཅུའི་རྗེས་སུ་ཡན་རྗེས་མའི་ཝུ་ཀྲུ་ (后燕吴柱ཟེར་བས་ཟིང་འཁུགས་བསླངས་པའི་ཚེ་གྲྭ་བ་ཞིག་གོང་མར་བསྐོས་ཤིང་། ནང་ཆོས་ཀྱི་དར་ཆ་གཡོ་ཐབས་ཀྱིས་བསྒྲེངས་ནས་དགེ་འདུན་པ་འབུམ་ཕྲག་གཅིག་གཡུལ་འཁྲུག་ལ་བཀོལ་བ་སོགས་མི་འཚམ་པ་མང་བོ་བྱས་པས། སྙིང་རྗེ་ཆེན་པོས་ཁྱད་པར་དུ་བྱས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་སྒྲུབ་བྱེད་ཀྱི་རྩ་ལག་ཏུ་མ་གྱུར་བར་གསོད་གཅོད་ཀྱི་ལས་བྱེད་པའི་གཡོ་ཐབས་སུ་བསྒྱུར་ཏོ།། དོན་དེ་ལྟར་བྱུང་བ་ཡང་ཕར་དེད་ན་དགེ་འདུན་པ་རྣམས་ཀྱིས་འདུལ་བ་མི་ཤེས་པ་དང་འདུལ་བའི་ལག་ལེན་ཇི་ལྟ་བ་བཞིན་མ་བྱུང་བ་དང་འབྲེལ་བ་དམ་པོ་ཡོད་པར་མངོན་ནོ།། བན་ཆེན་པོ་ཆོས་ཀྱི་སྣང་བས་དེ་དག་ཐམས་ཅད་གཟིགས་ཤིང་ཐུགས་ཀྱི་མ་བཟོད་པས། བདག་གིས་ཅིས་ཀྱང་རྒྱ་ཡུལ་དུ་འདུལ་བའི་སྡེ་སྣོད་ཀྱི་དགོངས་དོན་དང་དེའི་སྐོར་གྱི་ལག་ལེན་གྲ་དག་པ་ཞིག་ཡོད་པར་བྱའོ་སྙམ་དུ་དགོངས་ཤིང་དགུང་ལོ་དྲུག་བཅུ་ལྷག་གི་དུས་སུ་རྒྱ་གར་དུ་བྱོན། བརྩད་ལེགས་པར་བཅད་ནས་སླར་རྒྱ་ཡུལ་དུ་ཕྱིར་ཕེབས། འདུལ་བའི་སྐོར་ལས་ཆེས་གལ་ཆེ་བ་འགའ་ཞིག་ཚུར་རྒྱ་ཡིག་ལ་བསྒྱུར་ནས་འདུལ་བའི་ལག་ལེན་རྣམས་འདུལ་བའི་སྡེ་སྣོད་ཀྱི་དགོངས་དོན་བཞིན་གཏན་ལ་ཕབ་པས། དེ་ནས་བཟུང་དགེ་འདུན་པ་ཞིག་ཡིན་ཚེ་ཅི་ཞིག་བྱེད་རུང་བ་དང་ཅི་ཞིག་བྱེད་མི་རུང་བའི་ས་མཚམས་གསལ་བར་མཛད་པས་དགེ་འདུན་པ་རྣམས་ཕན་ཚུན་གྱི་བར་ན་མི་དགོས་པའི་རྩོད་ཉོག་མང་བོ་ཞིག་ཡོད་པ་དང་། གང་འདོད་བཞིན་དམག་འཁྲུགས་ལ་ཞུགས་པ་སོགས་ཆོས་འདུལ་བའི་བཅའ་ཁྲིམས་དང་། དགེ་འདུན་པ་སྤྱིའི་ནང་ཁྲིམས་དང་མི་མཐུན་ཞིང་འགལ་བ་ལྟག་སྤྲོད་དུ་སོང་བ་མ་དག་རྒྱུན་འབྱམས་སུ་ཡོད་པ་མང་བོ་ཞིག་རང་ཤུགས་སུ་ཆོས་ཕྱོགས་སུ་ཞི་བར་མཛད་པས་སྤྱིར་བསྟོད་པར་འོས་ཤིང་། ཁྱད་པར་དུ་མ་ཧཱ་ཙི་ན་བ་རྣམས་ཀྱིས་ནམ་ཡང་བརྗེད་དུ་མི་རུང་བའི་སྐྱེས་བུ་དམ་པ་ངོ་མཚར་བ་ཞིག་ཡིན་ནོ།། འདིའི་སྐོར་ཤེས་པར་འདོད་ན་སྔར་བདག་གིས་བསྒྱུར་བའི་བན་ཆེན་པོ་ཆོས་ཀྱི་སྣང་བ་ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ་ཞེས་པ་ལ་གཟིགས་པར་བྱའོ།། 

    དེ་ནས་སློབ་དཔོན་ཆེན་པོ་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་ཅིའི་ཕྱིར་ཕེབས་པའི་སྐོར་གོང་དུ་བཤད་ཟིན་པ་ལྟར་ཡིན་མོད། འོན་ཀྱང་སླར་ཡང་འདིར་ཅུང་ཟད་མདོར་དྲིལ་ནས་བཤད་ན།སྐབས་དེར་ཕར་ལྟོས་ཚོད་ལ་རྒྱ་ཡུལ་དུ་སྤྱིར་ནང་བའི་བསྟན་པ་དང་བྱེ་བྲག་ཏུ་ཐེག་པ་ཆེན་པོའི་བསྟན་པ་ཡང་དར་ཡོད་པ་ལྟར་སྣང་ཡང་། ཞིབ་ཏུ་བལྟས་ན་སྤྱིར་གྲུབ་མཐའ་ཕན་ཚུན་གྱི་བར་ན་མི་དགོས་པའི་རྩོད་ཉོག་ཧ་ཅང་མང་ལ། ལྷག་པར་ཡང་ས་སྡེའི་རྗེས་འབྲངས་པ་དང་། ཐེག་བསྡུས་ཀྱི་རྗེས་འབྲངས་པ་གཉིས་ཕན་ཚུན་ཤིན་ཏུ་མི་མཐུན་ཞིང་། རང་ལུགས་དང་གཞན་ལུགས་གང་ཡིན་ཡང་རིགས་པ་རྣམ་དག་གིས་དགག་སྒྲུབ་བྱེད་པ་མེད་པར། བབ་ཅོལ་ཙམ་དང་ཨུ་ཚུགས་ཙམ་ལ་བརྟེན་ནས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་འཇིག་རྟེན་པ་ལྟར་རང་རང་གི་གཡུལ་ས་བཟུང་སྟེ་གནས་པ་དང་། ཁྱད་པར་དུ་སངས་རྒྱ་རུང་གི་རིགས་དེ་ཇི་ལྟར་འཇོག་ཚུལ་ལ་ཆེས་མི་མཐུན་ཅིང་ཕལ་ཆེར་རང་རང་གི་བློས་བྱས་འབའ་ཞིག་ཙམ་གྱིས་འཇོག་གིན་འདུག སློབ་དཔོན་ཆེན་པོ་འདི་ཉིད་ཀྱིས་དེ་དག་ཐམས་ཅད་ཡོངས་སུ་གཟིགས་ཤིང་ཐུགས་ཀྱིས་མ་བཟོད་པར་ཅིས་ཀྱང་དམ་པ་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་ཡང་དག་པ་ཞིག་བརྩད་གཅད་པར་བྱའོ་སྙམ་དུ་དགུང་ལོ་ཉེར་བདུན་ལོན་པ་ན་རྒྱ་གར་དུ་ཕེབས་པར་མ་ཟད། མཁས་གྲུབ་བྱེ་བའི་བསྟི་གནས་དཔལ་ན་ལེནྡྲར་ཡང་གཟུར་གནས་མཁས་པ་མང་བོའི་བསྟོད་བསྔགས་བྱེད་པའི་ཡུལ་དུ་གྱུར། དེ་ནས་སླར་རྒྱ་ཡུལ་དུ་ཕྱིར་ཕེབས་ཏེ་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་དང་བྱམས་ཆོས་ཀྱིས་གཙོས་པའི་བཀའ་བསྟན་རྒྱ་དཔེ་གླེགས་བམ་དྲུག་བརྒྱ་དང་ང་བདུན་བསྒྱུར། འགྱུར་རྙིང་མང་བོ་ལ་འགྱུར་བཅོས་ཀྱང་མཛད། དགོན་སྡེ་ཁག་སུམ་སྟོང་བདུན་བརྒྱ་བཅུ་དྲུག་ཡོད་པ་ལས་གྲྭ་བ་བསྡུས་པ་དང་། གསར་དུ་རབ་བྱུང་བྱས་པ་སྡོམ་པས་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་འདུས་པའི་དགེ་འདུན་གྱི་སྡེ་བཙུགས་པར་མ་ཟད། ལམ་གྱི་རིམ་པ་གསུམ་པ་དང་། བསྒོམ་ཚུལ་ལྔའི་སྲོལ་བཙུགས། ལུང་རིགས་རྣམ་དག་དང་འཆད་རྩོད་རྩོམ་གསུམ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ་ཐེག་པ་ཆེན་པོ། སྒོས་སུ་སེམས་ཙམ་པའི་ལུགས་ཤིན་ཏུ་དར་བར་མཛད་ཅིང་རྒྱ་ཡུལ་དུ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ཤིན་ཏུ་དར་བར་མཛད་པ་ཡིན་པས། རྒྱ་ཡུལ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་སྐྱེས་བུ་དམ་པ་ངོ་མཚར་བ་ཞིག་ཡིན་པས་བློ་མིག་ཡོད་ན་མཆོག་ལ་མཆོག་ཏུ་ངོས་ཟིན་དགོས་ཤིང་། ལྷག་པར་དུ་རྒྱ་རིགས་ནང་བསྟན་པ་དག་གིས་ཁོང་གི་བཀའ་དྲིན་དེ་ནམ་ཡང་བརྗེད་དུ་མི་རུང་བ་ཡིན་ནོ།།    

    སློབ་དཔོན་རྨད་བྱུང་གཟི་བརྗིད་དེ་ལྟར་སྐུ་སྲོག་ལ་མ་འཛེམས་པར་རྒྱ་གར་དུ་ཕེབས་ཤིང་། ཕེབས་པ་ཙམ་དུ་མ་ཟད་དེ་ནས་ཀྱང་ཤིན་ཏུ་མཁས་པར་གྱུར་ཏེ་ཚུར་ཕེབས་ནས་བསྟན་པ་ལ་དག་ཐེར་མཛད། ལེགས་སྦྱར་གྱི་གཞུང་མང་བོ་ཚུར་ལ་བསྒྱུར་བས་རྒྱ་ཡུལ་གྱི་ནང་བའི་གྲུབ་མཐའ་སོ་སོར་ཡང་ཐོས་བསམ་སྒོམ་གསུམ་བྱེད་ཡུལ་དུ་གྱུར་བའི་རྒྱལ་བའི་གསུང་རབ་ཀྱི་སྐྱེས་སྔ་ན་མེད་པ་ངོ་མཚར་བ་དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་མང་བོ་གནང་བ་དེའི་རིན་ཐང་ནི་ཟང་ཟིང་གི་རྒྱུ་ནོར་གསེར་དངུལ་གཡུ་བྱུར་སོགས་ཀྱིས་གཞལ་ཐུབ་པ་ཞིག་གཏན་མ་ཡིན་ནོ།།   

    གཞན་ཡང་བན་ཆེན་པོ་ཆོས་ཀྱི་སྣང་བ་དང་སྡེ་སྣོད་གསུམ་པ་རྨད་བྱུང་གཟི་བརྗིད་རྣམ་གཉིས་ཀྱི་མཛད་རྗེས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ཙམ་དུ་མ་ཟད་དེ། དཔེར་ན་ཁོང་རྣམ་གཉིས་སུ་ཡིན་ཡང་ཕེབས་སའི་ལམ་འཕྲང་གི་གནས་ཚུལ་དང་མཐོང་ཐོས་ཐམས་ཅད་ཡི་གེར་བཀོད་པའི་ལམ་ཡིག་ཏུ་གྲགས་པ་གཉིས་ད་ལྟའང་མཐོང་དུ་ཡོད་པ་ནི། ཆོས་ཀྱི་སྣང་བས་མཛད་པ་རྒྱལ་བའི་ཞིང་གི་ཟི་ཐོ་《佛国记》ཞེས་པ་དང་། རྨད་བྱུང་གཟི་བརྗིད་ཀྱིས་མཛད་པ་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་《大唐西域记》ཅེས་པ་གཉིས་ཀྱི་རིན་ཐང་ཙམ་ཡང་གཞལ་དུ་མེད་པ་ཞིག་སྟེ། གནའ་དེང་ཕྱི་ནང་གི་མཁས་པ་མང་བོ་ཞིག་གིས་འདི་གཉིས་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་བ་དང་རིག་གནས་དར་ཚུལ་གྱི་ལོ་རྒྱུས་སོགས་ཤེས་བྱེད་ཀྱི་ཡིག་ཆ་བླ་ན་མེད་པ་ཞིག་ཏུ་འཛིན་པ་ལྟ་བུས་མཚོན་ནོ།།     

    དེར་མ་ཟད། རྒྱ་གར་བ་རྣམས་ཀྱིས་སྔོན་བྱུང་གི་ལོ་རྒྱུས་ལ་དེ་ཙམ་མཐོང་ཆེན་མ་བྱས་པས་ལོ་རྒྱུས་གསལ་བོ་མེད་པའམ། ཡང་ན་མཐོང་ཆེན་མ་བྱས་པ་ཡང་མིན་ལ་ལོ་རྒྱུས་མེད་པ་ཡང་མིན་དུ་ཆུག་ཀྱང་། བར་དུ་ཆག་འཇིག་དང་འགལ་རྐྱེན་སྣ་ཚོགས་བྱུང་བའི་དབང་གིས་བྲིས་ཟིན་པའི་ལོ་རྒྱུས་ཡིག་ཆ་རྣམས་བོར་བརླག་ཏུ་སོང་བ་ལ་བརྟེན་ནས་རྒྱ་གར་བ་རང་གིས་རང་གི་ལོ་རྒྱུས་མི་ཤེས་པར་གྱུར་ཅིང་། གཞན་དག་གིས་ཀྱང་རྒྱ་གར་གྱི་བྱུང་བ་སོགས་ཇི་ལྟར་ཡིན་པ་དཔྱད་ཐབས་མེད་པ་ལྟ་བུར་སོང་བ་ན། དཔེ་ཆ་འདི་གཉིས་ཀྱིས་མི་མང་བོ་ཞིག་ལ་གནས་ཚུལ་མང་བོ་ཞིག་སླར་ཡང་ཤེས་སུ་བཅུག་པ་ཡིན་པ་གཟུར་གནས་མཁས་པ་མང་བོས་ཁས་ལེན་པ་ཞིག་གོ།

སྨྲས་པ།

གང་ཚེ་རི་རྒྱལ་ལྷུན་པོའི་ཡང་རྩེ་ནས། །

ཤིང་མཆོག་འཛམ་བུའི་འབྲས་བུ་མ་དྲོས་མཚོར། །

ལྷུང་བ་ཉིད་ལས་ཛམ་བུའི་སྒྲ་དབྱངས་ཀྱི། །

རྟེན་འབྲེལ་རྫོགས་པས་འཛམ་བུ་གླིང་དུ་གྲགས།།

 

དེ་ཡི་དབུས་གྱུར་འཕགས་ཡུལ་འཛིན་མའི་གཞིར། །

ཐུབ་དབང་སྟོབས་བཅུ་མངའ་བས་ཆོས་གསུངས་ཀྱང་། །

བྱང་ཕྱོགས་བོད་དང་ཤར་ཕྱོགས་ཙི་ན་བས། །

གང་གསུང་དངོས་སུ་མ་ཐོས་རྨོངས་པས་བསྡམས།།

 

འོན་ཀྱང་འགྲོ་ཀུན་མ་ཡིས་བུ་ཇི་བཞིན། །

རིས་སུ་མ་ཆད་བརྩེ་བས་ཉེར་གཟིགས་པའི། །

རྒྱལ་དང་རྒྱལ་སྲས་རྣམས་ནི་ཉམ་ངའི་འགྲོ། །

མི་སྐྱོབ་རང་དགར་འདོར་བ་ག་ལ་སྲིད། །

 

དགུང་གི་ཉི་མ་གསལ་ཡང་སེམས་ཀྱི་ཁམས། །

ཆོས་ཀྱི་ཉི་མས་མ་བཟུང་མུན་པའི་ཡུལ། །

ཙི་ནའི་ས་ཆེན་དེ་ཡང་ཐུབ་དབང་གི །

ཐུགས་རྗེ་བྱིན་རླབས་འོད་ཀྱིས་ག་ལ་གཏོང་། །

 

འོན་ཀྱང་བསྟན་པའི་རྩ་བ་སོ་ཐར་གྱི། །

ཚུལ་ཁྲིམས་གསལ་བྱེད་འདུལ་བ་མ་ཤེས་པས། །

ཆོས་ལ་བརྟེན་པར་རློམ་ཡང་ཆོས་ཕྱོགས་ལས། །

ཕྱི་ཕྱིར་རིང་དུ་གོལ་བའི་ངང་ཚུལ་མང་།།

 

ཚུལ་དེ་ཐུགས་ཀྱིས་མ་བཟོད་བསམ་བཞིན་དུ། །

བྱོན་པའི་བན་ཆེན་ཆོས་ཀྱི་སྣང་བ་མཆོག །

ཆོས་པ་ཆོས་ལ་འགོད་ཕྱིར་འདུལ་བའི་གཞུང་། །

འཚོལ་ཕྱིར་ཆོས་ཀྱི་ཕ་སར་ཕེབས་པ་མཚར། །

 

བསྟན་པའི་ནང་མཛོད་འདུལ་བའི་སྡེ་སྣོད་ཀྱི། །

དགོངས་དོན་ཇི་བཞིན་རྙེད་ནས་འདུལ་བ་བཞིན། །

བཙུན་པའི་མིང་ཙམ་དེ་ཡང་བཙུན་པའི་དོན། །

ལྡན་པར་མཛད་པའི་བཀའ་དྲིན་བསམ་མི་ཁྱབ། །

 

དེ་ནས་རིང་ཙམ་སོང་བའི་ཐང་གུར་དུས། །

ཙི་ནའི་ནོར་འཛིན་ཕྱུག་མོར་ཐེག་ཆེན་གྱི། །

བསྟན་པ་དར་རོ་ཟེར་ཡང་བསྟན་པའི་དོན། །

མ་རྟོགས་ལོག་རྟོག་ཐེ་ཚོམ་དྲི་མས་སྦགས། །

 

ཁྱད་པར་རིགས་ཀྱི་འཇོག་ཚུལ་བློས་བྱས་ཀྱིས། །

ཆེས་ཆེར་བསླད་པ་གཟིགས་པའི་སློབ་དཔོན་མཆོག །

རྨད་བྱུང་གཟི་བརྗིད་མ་བཟོད་ལྷག་བསམ་གྱི། །

རླུང་གིས་བརྩེ་ཆེན་ཐུགས་ཀྱི་རྒྱ་མཚོ་བསྐྱམས། །

 

དེ་ཚེ་རི་ཀླུང་འབུམ་ཕྲག་ཕ་རོལ་གྱི། །

ནུབ་ན་ཆོས་ཀྱི་རྔ་ཆེན་བརྡུངས་པའི་སྒྲས། །

འཛམ་གླིང་རྣ་བའི་ཨུཏྤལ་འགུལ་བྱེད་པ། །

ན་ལེནྡྲ་ཡི་སྙན་པ་ཅི་ཡང་ཐོས། །

 

ཇི་ལྟར་འོ་མའི་རྫིང་བུ་ལ། །

རབ་དགའི་གཤོག་ཡངས་བསྐྱོད་པའི་གར། །

བསྒྱུར་བའི་ངང་བ་ཇི་བཞིན་དུ། །

འདི་ཡང་དེར་སྨོན་རྦ་རླབས་གཡོ།།

 

དཀའ་བ་འབུམ་གྱིས་གང་བའི་གཏམ། །

ཐོས་ཤིང་ཤེས་ཀྱང་གཞན་དོན་ལ། །

དགོངས་པའི་ལྷག་བསམ་བཅུད་རྫོགས་པའི། །

ཐུགས་འདུན་འགོག་བྱེད་རྙེད་མ་གྱུར། །

 

བརྩེ་བ་མེད་ན་སྙིང་སྟོབས་ཤུགས། །

ཇི་ཙམ་ཆེ་བ་དེ་ཙམ་དུ། །

རང་གཞན་འདི་ཕྱིར་ཕོངས་པའི་ཉེན། །

འཁྲི་ཤིང་སྦྲུལ་གྱིས་དཀྲིས་བཞིན་ཡོད། །

 

ལྷག་བསམ་དཀར་བོ་བརྩེ་ཆེན་གྱིས། །

ཡོངས་བཟུང་སྙིང་སྟོབས་དེ་ཡི་ཤུགས། །

ཇི་ཙམ་རྫོགས་པ་དེ་ཙམ་དུ། །

རང་གཞན་ཕན་བདེའི་དཔལ་རབ་བསྐྱེད། །

 

ཇི་ལྟར་སྡར་མ་སྡང་བའི་དགྲར། །

འཕྲད་ཚེ་ལག་གི་རྣོན་པོའི་མཚོན། །

དེ་ལ་འཆོར་ཞིང་རང་གི་མགོ །

འདོན་བྱེད་ཉིད་དུ་འགྱུར་བ་ལྟར། །

 

ཐ་མལ་ཕལ་ཆེར་རིག་པ་ལ། །

ཅུང་ཟད་སྦྱངས་ཀྱང་རླབས་ཆེན་གྱི། །

བྱ་བར་འཕྲད་ཚེ་གང་ཐོས་ཀུན། །

ཕུང་བྱེད་ཉིད་དུ་བཀོལ་བ་མང་། །

 

དྲང་བདེན་དཔའ་བོར་རྣོན་པོའི་མཚོན། །

གཏད་པ་ཇི་བཞིན་དམ་པ་རྣམས། །

གང་སྦྱངས་ཡོན་ཏན་རང་སྲུང་དང་། །

གཞན་སྐྱོབ་གཉེན་དུ་འགྱུར་བ་མཚར། །

 

སྐྱེས་སྟོབས་ཤེས་རབ་ཆེས་ཆེ་ཞིང་། །

སྦྱངས་སྟོབས་ཡོན་ཏན་རྩལ་རྫོགས་པ། །

དམ་པ་དེ་དག་བསྟན་འགྲོའི་དོན། །

བསྒྲུབས་པའི་དཔའ་སྟོབས་སྙིང་ནས་བསྟོད། །

 

ཕལ་བས་དོན་ཆེན་དོན་ཆུང་ཆེད་དུ་བརླག །

དམ་པས་དོན་ཆུང་དོར་ནས་དོན་ཆེན་སྒྲུབ། །

རྒྱུ་འབྲས་ཆོས་ཉིད་གསང་བའི་དོན་རྟོགས་ན། །

དམ་པའི་མཛད་པར་སྨོན་པ་ཅིས་མི་འཆོར།།

ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23620969
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།