༡༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (2390)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།     

    མདོ་སྡེ་བས་རིགས་ཞེས་པ་བྱེ་སྨྲ་ལྟར་མ་ཆགས་པའི་སེམས་བྱུང་དགེ་བ་ཞིག་འཇོག་པ་མ་ཡིན་པར་ཟག་མེད་སེམས་ཀྱི་ས་བོན་ཞིག་ཏུ་ཁས་ལེན་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས། མདོ་སྡེ་བ་དག་རང་བཞིན་དུ་གནས་པའི་རིགས་ནི་ཟག་པ་མེད་པའི་སེམས་ཀྱི་ས་བོན་གྱི་ནུས་པ་ལ་འདོད། ཅེས་གསུངས་པའི་ཕྱིར།    

    སེམས་ཙམ་པས་ཀུན་གཞི་མ་བཞག་ན་ཐོག་མེད་ནས་བརྒྱུད་དེ་འོངས་པའི་ནང་གི་སྐྱེ་མཆེད་དྲུག་གི་སྟེང་གི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་རུང་དྲི་མ་དང་འབྲལ་རུང་གི་ས་བོན་ཐོས་སོགས་ཀྱིས་གསོས་མ་བཏབ་པ་རང་བཞིན་གནས་རིགས་ཁོ་ན་དང༌། ཐོས་སོགས་ཀྱིས་གསོས་བཏབ་པའི་ནུས་པ་དེ་རྒྱས་འགྱུར་གྱི་རིགས་དང༌། ཀུན་གཞི་བཞག་ན་དེའི་སྟེང་གི་དེ་འདྲའི་རིགས་གཉིས་འཇོག་གོ། སྤྱིར་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་བའམ་ངོ་བོ་ཉིད་སྐུར་འགྱུར་རུང་བ་རང་གི་རྟེན་ཆོས་སུ་འགྱུར་བའི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་དེ་རང་བཞིན་གནས་རིགས་དང་། སངས་རྒྱས་ཀྱི་རིགས་གང་ཞིག འདུས་བྱས་ཀྱིས་སངས་རྒྱས་ཀྱི་སྐུར་འགྱུར་རུང་བ་སྟེ་ཐོས་བསམ་སྒོམ་པའི་རྐྱེན་གྱིས་གསོས་བཏབ་ནས་རྒྱས་པར་འགྱུར་བའི་རིགས་དེ་ལ་རྒྱས་འགྱུར་གྱི་རིགས་ཞེས་ཟེར་རོ།།    

    དེ་ཡང་རང་བཞིན་གནས་རིགས་ནི་གྲུབ་དུས་ཀྱི་དང༌། རྒྱུན་གྱི་དང༌། ཐོབ་ཚུལ་གྱི་དང༌། གདགས་གཞིའི་ཁྱད་པར་བཞི་སྟེ་ཁྱད་པར་བཞི་ལྡན་དུ་བཞེད་དེ། ཁྱོད་ཀྱི་རིགས་འདྲ་སྔ་མ་ཐོག་མ་མེད་པ་ནས་ཡོད་པ་གྲུབ་དུས་ཀྱི་ཁྱད་པར་ཏེ། སེམས་ཙམ་པའི་ལུགས་ལ་དང་བོ་ཉིད་ནས་རིགས་ངེས་པའི་དང་བོ་ལ་དེ་འདྲ་གཅིག་དགོས་སོ།། ཁྱོད་ཀྱི་རིགས་འདྲ་གྲུབ་པ་ནས་རྒྱུན་ཆད་མ་མྱོང་བ་སྟེ་རྒྱུན་གྱི་ཁྱད་པར་དང་། ལམ་སྒོམ་པ་སོགས་ཀྱི་རྩོལ་བར་མ་ལྟོས་པར་ཆོས་ཉིད་ཀྱིས་ནུས་པ་དེ་ཐོབ་པ་ཐོབ་ཚུལ་གྱི་ཁྱད་པར་དང་། གདགས་གཞི་སྐྱེ་མཆེད་དྲུག་གི་ཁྱད་པར་གདགས་གཞིར་བྱས་ནས་གནས་འགྱུར་ཁྱད་པར་འབྱུང་བའི་ནུས་པ་གཅིག་རིགས་སུ་འཇོག་པས་སོ།། ཀུན་གཞིའམ་ནང་གི་སྐྱེ་མཆེད་དྲུག་གནས་འགྱུར་རུང་གི་ནུས་པ་རིགས་ཡིན་ཏེ། ཀུན་གཞི་གནས་གྱུར་ཆོས་སྐུ་དང༌། ཉོན་ཡིད་གནས་གྱུར་ལོངས་སྐུ་དང༌། སྒོ་ལྔའི་རྣམ་ཤེས་གནས་གྱུར་སྤྲུལ་སྐུར་བཙུན་པས་བཞེད་པའི་ཕྱིར།   

    གཞན་ཡང་ཀུན་གཞི་གནས་གྱུར་མེ་ལོང་ཡེ་ཤེས་དང༌། ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་དང༌། ཉོན་ཡིད་གནས་གྱུར་མཉམ་ཉིད་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་སོར་རྟོགས་ཡེ་ཤེས་གཉིས་ལོངས་སྐུ། དབང་ཤེས་ལྔ་གནས་གྱུར་བྱ་གྲུབ་ཡེ་ཤེས་དང་སྤྲུལ་སྐུར་བཞེད། སྐྱེ་མཆེད་དྲུག་ཁོ་ནས་དབང་དུ་བྱས་ནས་ཡིད་ཤེས་གནས་གྱུར་སྤྲུལ་སྐུ་དང༌། དབང་ཤེས་ལྔ་གནས་གྱུར་ལོངས་སྐུར་བཞེད་པའི་ཕྱིར་ན་རིགས་འདོད་ཚུལ་དེ་ལྟར་ཡིན་པའི་ཕྱིར། ཡང་སེམས་ཙམ་པའི་ལུགས་ལ་རང་བཞིན་གནས་རིགས་ཀྱི་གདགས་གཞི་ལ་སྐྱེ་མཆེད་དྲུག་ཡོད་མེད་དང་། སྐྱེ་མཆེད་དང་བོ་ལྔའི་སྟེང་ན་རང་བཞིན་གནས་རིགས་ཡོད་མེད། རང་བཞིན་གནས་རིགས་ལ་ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་འོངས་པ་དགོས་མི་དགོས་ནི་སྐབས་སུ་མ་བབ་པས་འདིར་མི་དཔྱད་དོ།།

    རང་ལུགས་སམ་དབུ་མ་བའི་ལུགས་ནི་ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་ལས། རང་གི་ཐོབ་བྱའི་ངོ་བོ་ཉིད་སྐུར་འགྱུར་རུང་གི་ཆོས་ཉིད་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། དང་བོའི་སྐུ་ནི་དང་བོ་སྟེ།། ཞེས་གསུངས་པའི་ཕྱིར། དེ་རིགས་སུ་འགྱུར་ཚུལ་ཡོད་དེ། དེ་འཛིན་སྟངས་སུ་དམིགས་ཏེ་བསྒོམས་པས་འཕགས་པའི་ཆོས་དང་དྲི་མ་དང་བྲལ་བའི་ཆོས་སྐུར་འགྱུར་བར་དཔེ་དུ་མས་བཤད་པ་དེའི་ཕྱིར། རྒྱུད་བླ་མ་ལས། ཡང་དག་མཐའ་ནི་འདུ་བྱས་ཀྱི།། རྣམ་པ་ཐམས་ཅད་དབེན་པ་སྟེ།། ཉོན་མོངས་ལས་དང་རྣམ་སྨིན་དོན།། སྤྲིན་ལ་སོགས་པ་བཞིན་དུ་བརྗོད།། ཅེས་གསུངས་པའི་ཕྱིར། དབྱེ་ན་ལམ་ལ་ཞུགས་མ་ཞུགས་གཉིས་དང༌། ཞུགས་པ་ལ་ཐེག་པ་གསུམ་གྱི་རིགས་གསུམ་ཡོད་དེ། རྩ་བར། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། ཅེས་སོ།། ཞེས་གསུངས་པ་ལྟར་རོ།། དང་བོའི་སྐུ་ནི་དང་བོ་སྟེ།། གཉིས་པ་ཡི་ནི་ཕྱི་མ་གཉིས།། ཞེས་པའི་དོན་ནི་རིགས་གཉིས་ཀྱི་དང་བོ་ཆོས་སྐུར་འགྱུར་བ་དང་། རྒྱས་འགྱུར་གྱི་རིགས་གཟུགས་སྐུར་འགྱུར་ཞེས་པའོ།། ཡང་། ཡང་དག་མཐའ་ནི་འདུ་བྱས་ཀྱི།། རྣམ་པ་ཐམས་ཅད་དབེན་པ་སྟེ།། ཉོན་མོངས་ལས་དང་རྣམ་སྨིན་དོན།། སྤྲིན་ལ་སོགས་པ་བཞིན་དུ་བརྗོད།། ཅེས་པ་ནི། སེམས་བདེན་པས་སྟོང་བའི་དེ་བཞིན་གཤེགས་པའི་སྙིང་བོ་ཡང་དག་མཐའ་དེ་ཉིད་དྲི་བཅས་ཀྱི་དེ་བཞིན་ཉིད་ཡིན་པས། རང་བཞིན་ལ་དྲི་མས་བསླད་པ་མ་ཞུགས་པའི་རྒྱུ་མཚན་གྱིས་རྣམ་པ་ཐམས་ཅད་དུ་དབེན་པ་ཡིན་ཡང་། གློ་བུར་བའི་དྲི་མའི་ངོ་བོ་ཙམ་ལ་སྤྲིན་གྱིས་ནམ་མཁའ་སྒྲིབ་པ་བཞིན་དུ་སྒྲིབ་པར་བརྗོད་ཅེས་པའོ།། དེ་ཡང་ཐོས་སོགས་ཀྱིས་གསོས་བཏབ་པའི་རང་གི་ཐོབ་བྱའི་སངས་རྒྱས་སུ་འགྱུར་རུང་གི་དངོས་པོ་དེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གཉིས་པ་ཡིས་ནི་ཕྱི་མ་གཉིས།། ཞེས་གསུངས་པའི་ཕྱིར། དབྱེ་ན། ཡེ་ཤེས་ཆོས་སྐུར་འགྱུར་རུང་གི་སེམས་ཀྱི་ནུས་པ་དང༌། གཟུགས་སྐུར་འགྱུར་རུང་གི་སེམས་ཀྱི་ནུས་པ་གཉིས་ཡོད་དེ། རྒྱུད་བླ་མ་ལས། དཀོན་མཆོག་གསུམ་པོ་འདི་ཡི་རིགས།། ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ།། དེ་ཡང་རྣམ་བཞི། ཞེས་དང༌། གསེར་ཕྲེང་ལས། གཉིས་པ་ནི། དེ་ལ་སྤྱིར་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེ་རུང་ཞིང་སྒྲིབ་པ་སྤང་དུ་རུང་བའི་རྒྱུ་ཙམ་ཞིག་རིགས་སུ་འཇོག་པ་དབུ་སེམས་གཉིས་ཀ་བཞེད་པ་མཐུན། ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས་ཀྱང༌། སེམས་ཅན་རྣམས་ཀྱི་སེམས་ཀྱི་སྟེང་ན་དྲི་མ་འབྲལ་རུང་ཞེས་སོགས་གསུངས་པའི་ཕྱིར།

    སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་འདྲ་ཡིན་ན། ཅིའི་ཕྱིར་སངས་རྒྱས་དང་མི་འདྲ་ཞེ་ན། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་ཉོན་མོངས་པའི་སྦུབས་ན་གནས་པ་དེ་གློ་བུར་བ་ཡིན་པས་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཚུལ་དེ་དཔེ་དགུས་བསྟན་ཏེ། རྒྱུད་བླ་མ་ལས། ཉོན་མོངས་སྦུབས་ནང་གནས་པ་དེ།། དཔེ་དག་གིས་ནི་ཤེས་པར་བྱ།། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ།། སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར།། ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུང་དང་།། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི།། བུད་མེད་ངན་མའི་ལྟོ་ན་མི་བདག་དང་།། ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར།། གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི།། སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས།། ཞེས་སངས་རྒྱས་ཀྱི་སྐུ་པད་མ་ངན་པའི་ནང་ན་ཡོད་པ་དང་། སྦྲང་རྩི་སྦྲང་མ་ལ་ཡོད་པ་དང་། འབྲས་བུའི་སྦུན་པ་ལ་དབུས་ན་སྙིང་བོ་ཡོད་པ་དང་། མི་གཙང་བའི་ནང་ན་གསེར་ཡོད་པ་དང་། དབུལ་བོའི་ཁྱིམ་གྱི་ས་ལ་རིན་པོ་ཆེའི་གཏེར་དང་། ལྗོན་ཤིང་གི་མྱུ་གུ་སོགས་དེ་དག་གི་ས་བོན་དུ་གྱུར་བའི་འབྲས་བུ་ཆུང་ངུ་ལ་ཡོད་པ་དང་། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་ཡོད་པ་དང་། བུད་མེད་ངན་མའི་ལྟོ་ན་མི་བདག་འཁོར་ལོས་བསྒྱུར་བ་ཡོད་པ་དང་། སའི་ཁོང་ན་རིན་ཆེན་གསེར་ལས་བྱས་པའི་གཟུགས་ཡོད་པ་ཇི་ལྟ་བར་གློ་བུར་གྱི་ཉོན་མོངས་པའི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ལ་དཔེ་དེ་བཞིན་དུ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་གནས་པར་ཤེས་པར་བྱའོ།། འདིས་པད་མ་ལ་སངས་རྒྱས་ཡོད་པ་སོགས་དཔེར་བྱས་ནས་གློ་བུར་གྱི་དྲི་མས་བསྒྲིབས་པ་ལ་ཁམས་སམ་རིགས་ཡོད་པ་ཙམ་དུ་བསྟན་ཏོ།། དེ་ནས། དྲི་མ་པདྨ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་ཧྲུལ་དང་།། སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས།། ཞེས་པད་མ་དང་། སྲོག་ཆགས་དང་། སྦུན་པ་དང་། མི་གཙང་བ་དང་། ས་དང་། འབྲས་བུ་དང་། གོས་ཧྲུལ་དང་། སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་དང་། སའི་ཁམས་དང་མཚུངས་པར་ཤེས་པར་བྱའོ་ཞེས་དཔེ་གང་དང་མཚུངས་པར་བསྟན་པའོ།།

    ཡང་དེ་ནས་དོན་གང་དང་མཚུངས་ཤེ་ན། སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ།། གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད།། ཅེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་དང་། སྦྲང་རྩི་དང་། སྙིང་བོ་དང་། གསེར་དང་། གཏེར་དང་ནྱ་གྲོ་དང་། རིན་ཆེན་སྐུ་དང་། གླིང་བདག་མཆོག་དང་། རིན་ཆེན་གཟུགས་དང་མཚུངས་པར་ཤེས་པར་བྱའོ་ཞེས་པའོ།། སྤྱིར་འདིའི་སྐོར་ལ་བཤད་བྱ་ཧ་ཅང་མང་ཞིང་གལ་ཡང་ཤིན་ཏུ་ཆེ་སྟེ། བྱེ་མདོ་གཉིས་དང་ལུང་གི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པ་ཡང་མཐར་གཏུགས་ན་རིགས་འཇོག་ཚུལ་ལ་ཐུག་ཡོད་དེ། དེ་དག་གིས་རིགས་བདེན་གྲུབ་ཏུ་འདོད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དབུ་མ་བ་དང་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བཞེད་པ་ཡང་རིགས་འཇོག་ཚུལ་ལ་རག་ལས་ཏེ། རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་ནི་དྲི་མ་གློ་བུར་བ་དག་རང་གི་རྒྱུ་ཡོད་པས་ན་རྟག་པ་མ་ཡིན་པའི་ཕྱིར་དང་། རྒྱུའི་གཉེན་པོ་གོམས་པས་ཟད་པར་འགྱུར་བའི་ཕྱིར་དང་། རྒྱུའི་རང་བཞིན་ཤེས་པ་ཡོད་པའི་ཕྱིར་དང་། དེ་ཡོད་པས་དེའི་གཉེན་པོ་ཤེས་པ་ཡང་ཡོད་པར་གྲུབ་པའི་ཕྱིར་སོགས་རྣམ་འགྲེལ་ལས་གསུངས་པའི་རིགས་པའི་སྒོ་ནས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་དང་། དབུ་མ་བས་སེམས་བདེན་སྟོང་དུ་བཞེད་པ་ལ་ཐུག་པའི་ཕྱིར།

    ད་ནི་སླར་ཡང་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ནས་ཝུ་ཏི་སྲིད་ལོ་དགུ་བ་ (武德九年སྟེ། སྤྱི་ལོ་༦༢༦ལོར། རྒྱ་གར་གྱི་བཙུན་པ་འོད་ཟེར་ཡེ་ཤེས་ (天竺僧波颇ཟེར་བ་ཞིག་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཕེབས་པ་དང་སྟབས་ལེགས་ཏེ་འཕྲད། བགྲོ་གླེང་མཛད་པས་རྒྱ་གར་ན་པཎྚི་ཏ་མང་བོའི་བསྟི་གནས་ངོ་མཚར་བ་དཔལ་ན་ལེནྡྲ་ཟེར་བ་ཞིག་ཡོད་པ་དང་། དེར་མ་ཟད་ད་ལྟ་དེ་ན་ཆོས་ཀྱི་དོན་ལ་ཤིན་ཏུ་མཁས་པའི་པཎྚི་ཏ་ཡ་མཚན་པ་དགུང་ལོ་ཧ་ཅང་བགྲེས་པ་མཚན་ལ་དུལ་བ་བཟང་བོ་ (戒贤ཟེར་བ་ཞིག་ཡོད་ཚུལ་དང་། དེས་ད་ལྟའང་ས་སྡེ་སོགས་ཐེག་པ་ཆེན་པོའི་གཞུང་ཁྱད་པར་དུ་འཕགས་པ་མང་བོ་སྐལ་ལྡན་གྱི་སློབ་མ་མང་བོ་ལ་འཆད་ཀྱིན་ཡོད་ཚུལ་སོགས་ཀྱི་གཏམ་མང་དུ་གསུངས་པ་ཐོས་པས། སློབ་དཔོན་རྨད་བྱུང་གཟི་བརྗིད་ཐུགས་ཤིན་ཏུ་དགྱེས་ཤིང་། ཇི་ལྟར་མུན་པ་སྟུག་པོའི་ཁྲོད་ན་གར་འགྲོ་བརྟོལ་མེད་དུ་གྱུར་བའི་འགྲོན་པོ་ཞིག་འགྲོ་ལམ་གསལ་བར་བྱེད་པའི་འོད་སྣང་དང་འཕྲད་པ་བཞིན་གྱུར་བ་མ་ཟད། ཅིས་ཀྱང་དམ་པ་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་དུ་སོང་ནས་བརྩད་གཅད་པར་བྱའོ་སྙམ་པའི་ཐུགས་འདུན་བཟློག་ཏུ་མེད་པ་ཞིག་ཐུགས་ལ་འཁྲུངས་སུ་བཅུག་གོ།

དེ་ཚེ་ཙི་ནའི་ནོར་འཛིན་ཁྱོན། །

མཛེས་བྱེད་མཁས་པ་ཕལ་ཆེར་ལ། །

ཆོས་ཀྱི་ཟབ་དོན་འདི་འདྲ་ཞིག །

མ་དྲིས་སྙམ་པ་མེད་པར་མཛད། །

 

རྣམ་གྲོལ་སྒྲུབ་བྱེད་ཐབས་ཀྱི་མཆོག །

བསྒྱུར་ཟིན་བཀའ་དང་བསྟན་བཅོས་ལས། །

འདི་དང་འདི་འདྲ་མ་གཟིགས་པར། །

ལུས་པའང་ཕལ་ཆེར་མེད་སྙམ་མཛད། །

 

འོན་ཀྱང་ཐུབ་པའི་དགོངས་དོན་དངོས། །

ཇི་ཙམ་བཙལ་བ་དེ་ཙམ་དུ། །

ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། 

དེ་ཡི་ཡིད་ནི་ཀུན་ཏུ་གདུངས། །

 

དེ་ཚེ་འཕགས་ཡུལ་མཁས་པ་ཞིག །

ཐང་གི་རྒྱལ་སར་ཕེབས་པ་དང་། །

མཇལ་ཞིང་བགྲོ་གླེང་མཛད་པ་ལས། །

ན་ལེནྡྲ་ཡི་སྙན་པ་ཐོས། །

 

ཇི་ལྟར་མུན་པ་སྟུག་པོའི་ཁྲོད། །

ལམ་སྟོར་བརྟོལ་མེད་འགྲོན་པོ་ཞིག །

སྣང་བ་དང་བཅས་ལམ་གྱི་སྣེ། །

མཐོང་བ་ཇི་བཞིན་དགའ་བ་རྒྱས། །

ཞེས་ཀྱང་ཐོལ་བྱུང་དུ་སྨྲས་སོ།།

    ཐུའུ་བཀྭན་གྲུབ་མཐའ་སོགས་བོད་ཡིག་རྣམས་སུ། དགུང་ལོ་ཉེར་དགུའི་དུས་རྒྱ་གར་དུ་བགྲོད་པའི་ཐུགས་འདུན་གྱིས་ཕལ་སྐད་ལ་སྦྱངས་ནས་རྒྱལ་པོ་ལ་ཐབས་མཁས་ཀྱིས་ཞུས་པས་ལམ་ཡིག་གནང་ཞེས་གསུངས་ཀྱང་། རྒྱའི་ཡིག་ཆ་མང་བོ་ལ་བལྟས་ན་ལམ་ཡིག་མ་གནང་བར་གསལ་ཏེ། ཁོང་རྒྱ་གར་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་པ་ནས་བཟུང་ཡར་གོང་མའི་སྲིད་གཞུང་ལ་འགྲོ་ཆོག་པའི་ཆོག་མཆན་དང་ལམ་ཡིག་གནང་རྒྱུའི་རེ་བ་ཞུས་ཤིང་། ཞུ་ཡིག་གི་ནང་དུ། ཅིས་ཀྱང་འགྲོ་དགོས་པའི་རྒྱུ་མཚན་དང་བཅས་པ་གསལ་བར་བཀོད་ནས་ཡུན་རིང་བསྒུགས་ཀྱང་ཆོག་མཆན་དང་ལམ་ཡིག་མ་ཐོབ། དེའི་རྒྱུ་མཚན་ཡང་སྐབས་དེར་ཐང་རྒྱལ་རབས་བཙུགས་ནས་མང་བོ་མ་འགོར་བས་ད་དུང་རྒྱལ་སྲིད་དེ་ཙམ་བརྟན་པོར་སོང་མེད་པ་དང་། མཐའ་མཚམས་དེ་ལས་ཀྱང་མི་བརྟན་པས་འབངས་རྣམས་གང་བསམ་གང་འདོད་བཞིན་འགྲོ་འོང་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད། དེའི་ཕྱིར་སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་ནུབ་བསྐྱོད་ཀྱི་བར་ཆད་མང་བོ་ལས་ཆེས་ཐོག་མའི་བར་ཆད་ཀྱི་གཙོ་བོ་ནི་རྒྱལ་གཞུང་གི་བཀག་རྒྱའི་བར་ཆད་འདི་ཉིད་དུ་གྱུར། འོན་ཀྱང་འགལ་རྐྱེན་དེ་ཙམ་གྱིས་ཁོང་རྒྱ་གར་ལ་ཕེབས་འདོད་ཀྱི་ཐུགས་འདུན་འགོག་མ་ནུས་པས་ཇི་ལྟར་ཕེབས་པའི་གོ་སྐབས་བཙལ་ཞོར་དུ་ལེགས་སྦྱར་གྱི་སྐད་ལ་སྦྱང་བཞིན་བཞུགས།

    སྐབས་དེར་གོང་མའི་སྲིད་གཞུང་གི་ཆོག་མཆན་དང་ལམ་ཡིག་མེད་པར་རང་འདོད་ཀྱིས་མཐའ་མཚམས་བརྒལ་ནས་གཞན་དུ་སོང་ན་ཆད་པ་ཧ་ཅང་ལྕི་ཞིང་ཉེན་ཁ་ཤིན་ཏུ་ཆེའོ།། དེ་ཡང་ཀྲིན་བཀྭན་ཁྲི་ལོ་གསུམ་པ་ (贞观三年སྟེ། སྤྱི་ལོ་༦༢༩ལོར། ཐང་གི་རྒྱལ་ས་ཁྲང་ཨན་ལ་ཐན་མུག་ཆེན་པོ་ཞིག་བྱུང་བས་སྲིད་གཞུང་གིས་འབངས་མི་རྣམས་གཞན་དུ་ཟས་གོས་སོགས་འཚོལ་དུ་འགྲོ་ཆོག་པའི་བཀའ་བསྒྲགས། གོ་སྐབས་འཚོལ་བཞིན་བཞུགས་ཡོད་པའི་སློབ་དཔོན་འདི་ཉིད་ཀྱང་གསང་སྟབས་ཀྱིས་འབངས་མི་ཟས་གོས་འཚོལ་མཁན་དག་གི་གྲས་སུ་ཞུགས་ཏེ་ཕེབས། ལོ་དེར་སློབ་དཔོན་འདི་ཉིད་དགུང་ལོ་ཉེར་བདུན་ཡིན་ལ། ཉེར་དགུ་ཡིན་པར་བཤད་པའང་ཡོད་མོད། དེ་ནི་ལོ་འཁོར་མོ་དང་ལོ་ངོ་བརྩིས་མ་བརྩིས་ལ་ཐུག་པས་འགལ་བ་ཆེར་མེད་དོ།། དེ་ཡང་བོད་ཀྱི་ཡི་གེ་གསར་བཟོ་མཛད་པ་བོ་འཇམ་དབྱངས་རྣམ་སྤྲུལ་སློབ་དཔོན་ཐོན་མི་མཆོག་སྤྱི་ལོ་༦༣༣ལོར་རྒྱ་གར་དུ་ཕེབས་པར་བཤད་པ་ལྟར་ན་སློབ་དཔོན་འདི་ཚང་ལོ་བཞི་ལས་སྔ་བར་སྣང་ངོ་།། དེ་ལྟར་ཐང་སན་བླ་མ་ཁོང་རྒྱ་ཡུལ་གྱི་བསྟན་པ་དང་འགྲོ་བའི་ཆེད་དུ་དཀའ་བ་དང་འཇིགས་པ་ཇི་འདྲ་དང་འཕྲད་རྒྱུ་ཡིན་པར་གཏན་་མི་ཤེས་ཤིང་ཆ་མེད་རྒྱུས་མེད་ཀྱི་ལམ་འཕྲང་ཆེས་ཤིན་ཏུ་རིང་མོ་ཞིག་ལ་བསྐྱོད་པའི་གོམ་པའི་ཐོག་མ་སྤོས་སོ།། དེས་ན་ལོ་རྒྱུས་ལ་དངོས་སུ་བྱུང་བའི་ཐང་སན་བླ་མ་ནི་བརྩམས་སྒྲུང་དུ་མཐོང་བའི་བློ་སྤོབས་ཆུང་བ་དེ་ལྟ་བུ་ཞིག་གཏན་མ་ཡིན་པར་བློ་གྲོས་དང་སྤོབས་པ་གང་གིས་ཆ་ནས་བཤད་ཀྱང་འགྲན་ཟླ་མེད་པ་ཞིག་གོ།

    སྨྲས་པ། 

ཇི་ལྟར་རང་ཅག་ཕལ་བའི་ཕལ་བ་རྣམས། །

དུག་གསུམ་དུག་གིས་ཤེས་རྒྱུད་བཅིངས་པ་བཞིན། །      

བསམ་བཞིན་བྱོན་པའི་བློ་ཆེན་དེ་དག་ཀྱང་། །

ཐུགས་རྗེ་ཆེན་པོས་ཐུགས་རྒྱུད་དམ་པོར་བསྡམས། །

      

གཞན་དོན་རྒྱ་ཆེན་མཐོང་ན་རང་སྲོག་ཀྱང་། །

རྩྭ་ལྟར་འདོར་ལ་འཇིགས་པ་མི་མངའ་བས། །       

རྒྱལ་སྲས་དཔའ་བོ་འདི་ཡང་རྒྱ་ཡི་ཆེད། །

ཤུལ་རིང་ལམ་ལ་ཐེ་ཚོམ་མེད་པར་ཞུགས། །

    

དེ་ནི་གོང་མའི་བཀའ་ལ་རྒོལ་བ་མིན། །

བསྟན་འགྲོའི་ཕན་བདེ་འདོར་ཐབས་མེད་རྟགས་ཡིན། །    

རྙེད་དཀའ་དལ་འབྱོར་གཅེས་སྦྲས་མེད་པའང་མིན། །

དེ་ཉིད་སྙིང་བོའི་སྙིང་བོར་ཕུལ་བ་ཡིན། །

 

རྒྱུ་མཚན་ལྟར་སྣང་དུ་མས་དོན་ཆེན་ལས། །

བཤོལ་ཐབས་འཚོལ་ལ་ཐ་མལ་རྣམས་ནི་མཁས། ། 

ཅི་ལ་ཐུག་ཀྱང་བསྟན་འགྲོའི་དོན་ཆེན་ལས། །

མི་བཤོལ་འཇུག་ལ་དམ་པ་དེ་དག་གོམས། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

---  མུ་འགོད། ---


རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oles བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23626839
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།