༡༢ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ​འི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༢ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ​འི་མྱོང་ཚོར།
༡༢ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ​འི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (2356)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

  

གསུམ་པ། ཅིའི་ཕྱིར་རྒྱ་གར་དུ་ཕེབས་དགོས་པའི་རྒྱུ་རྐྱེན་བཤད་པ། 

    ཐང་སན་བླ་མའམ་སློབ་དཔོན་རྨད་བྱུང་གཟི་བརྗིད་ཅིའི་ཕྱིར་རྒྱ་གར་དུ་ཕེབས་དགོས་པའི་རྒྱུ་རྐྱེན་བཤད་པ་ལ་ཐོག་མར་ཤེས་དགོས་པ་ནི་དེའི་སྐབས་ཀྱི་རྒྱ་བརྒྱུད་ནང་བསྟན་གྱི་གནས་བབ་ཇི་འདྲ་ཡིན་པའི་གནས་ཚུལ་དེ་ཉིད་རེད། དེ་ཡང་ཧན་ནུབ་མའི་སྐབས་ནས་རྒྱ་ཡུལ་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་བུ་དམ་པ་ཡང་མང་བོ་བྱོན་པ་ཡིན་ལ། རྒྱ་གར་དུ་སློབ་གཉེར་ལ་བྱོན་པའི་རྒྱ་རིགས་བཙུན་པ་ཡང་མང་བོ་བྱུང་མྱོང་བས་ན། སློབ་དཔོན་རྨད་བྱུང་གཟི་བརྗིད་དེ་ཐང་སན་བླ་མ་འདི་རྒྱ་གར་ལ་ཆོས་འཚོལ་དུ་འགྲོ་མཁན་རྒྱ་རིགས་གྲྭ་བཙུན་གྱི་ཐོག་མ་མིན་པའང་ཤེས་དགོས་པ་ཡིན་ནོ།།       

    བསྟན་པ་རིན་པོ་ཆེ་ཡུལ་འདིར་དར་བ་ནས་བཟུང་ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་ཏུ་བསྒྱུར་བའི་བཀའ་དང་བསྟན་བཅོས་ཡང་མི་ཉུང་བ་རེ་ཡོད་མོད། འོན་ཀྱང་འགྱུར་ལེགས་མི་ལེགས་དང་། ལེགས་པ་ལྟ་བུར་སྣང་ཡང་འགྱུར་མ་ཐོན་པ་དང་། ཐོན་དུ་ཆུག་ཀྱང་འགྱུར་ཟིན་པའི་རྒྱ་ཡིག་དེ་ཡང་ད་དུང་རྒྱ་རིགས་རང་སྐད་ལྟ་བུར་མ་གྱུར་བ་དང་། ཡི་གེ་ཙམ་བསྒྱུར་ཀྱང་བསྒྱུར་བྱའི་གཞུང་ལུགས་དེའི་དགོངས་དོན་དེ་ཉིད་ཐོག་མའི་འབྱུང་ཁུངས་ཀྱི་ཡུལ་དེའི་མཁས་པ་རྣམས་ཀྱིས་ཇི་ལྟར་འགྲེལ་བ་སོགས་མ་ཤེས་ན་གོ་བ་ཇི་བཞིན་ལོན་དཀའ་བ་སོགས་རྒྱུ་རྐྱེན་མང་བོ་ཞིག་གི་དབང་གིས་ཆོས་འདི་དང་འདིའི་དོན་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་དག་གིས་ཇི་ལྟར་འགྲེལ་གྱིན་ཡོད་དམ་སྙམ་དུ་སློབ་གཉེར་ལ་བྱོན་པའི་རྒྱ་རིགས་ཀྱི་གྲྭ་བཙུན་ཡང་རིམ་པར་བྱུང་ངོ་།། དེས་ན་སློབ་དཔོན་འདི་ཉིད་ཀྱང་ཆོས་ཀྱི་དོན་རགས་པ་ཙམ་གོ་བས་མ་ཚིམ་པར་ཞིབ་པར་འཚོལ་འདོད་ཆེ་བའི་རྒྱ་རིགས་གྲྭ་བཙུན་གྱི་གྲས་ཤིག་ཡིན་པར་མ་ཟད། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་རྒྱ་བརྒྱུད་ནང་བསྟན་ལ་མཛད་རྗེས་བླ་ན་མེད་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་ནོ།།

    དེས་ན་སློབ་དཔོན་ཆེན་མོ་འདི་ཉིད་རྒྱ་གར་དུ་ཕེབས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཡང་འགྲོ་བ་རྣམས་སྡུག་བསྔལ་ལས་སྒྲོལ་བྱེད་དང་བདེ་བ་ལ་འགོད་བྱེད་ཀྱི་ཐབས་ལམ་མཆོག་ཏུ་གྱུར་བ་རྒྱལ་བའི་གསུང་རབ་རིན་པོ་ཆེའི་དོན་དངོས་གནས་དེ་ཇི་ལྟ་བུ་ཡིན། དམ་པ་ཆོས་ཀྱི་འབྱུང་གནས་སུ་གྱུར་བའི་འཕགས་ཡུལ་རང་ན་དེའི་དགོངས་དོན་ཇི་ལྟར་འགྲེལ་གྱིན་ཡོད་པ་གསལ་བོ་ཞིག་ཤེས་པར་བྱ་བའི་ཆེད་དང་། ཤེས་ནས་ཀྱང་འཕགས་ཡུལ་དང་ཁ་ཐག་རིང་བའི་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་གྱི་སྐྱེ་འགྲོ་ཡོངས་ལ་ཕྱིན་ཅི་མ་ལོག་པར་གསལ་བར་ངོ་སྤྲོད་པར་བྱ་བའི་ཕྱིར་ཡིན་ནོ།། ངས་གོང་དུ་བཤད་པ་ལྟར་ནུབ་ཕྱོགས་འཕགས་ཡུལ་ལ་ཆོས་ཀྱི་དོན་འཚོལ་དུ་ཕེབས་པའི་རྒྱ་རིགས་གྲྭ་བཙུན་གྱི་ཐོག་མ་ནི་སློབ་དཔོན་འདི་ཉིད་མ་ཡིན་པར་ཅིན་ཤར་མའི་རྒྱལ་རབས་ཀྱི་དཀྱིལ་ཙམ་ལ་བྱོན་པའི་ཧྥ་ཤན་ (法显སྟེ་བན་ཆེན་པོ་ཆོས་ཀྱི་སྣང་བ་ཡིན་ནོ།། ཁོང་ཅིའི་ཕྱིར་ཕེབས་པ་དང་ཇི་ལྟར་ཕེབས་པ་སོགས་ནི་བདག་གིས་སྔོན་བསྒྱུར་བའི་བན་ཆེན་པོ་ཆོས་ཀྱི་སྣང་བ་ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ་ཞེས་པ་ལས་རྒྱས་པར་བཤད་ཟིན་པས་འདིར་མི་འཆད་དོ།།     

    དེ་ཡང་མཁས་པ་དག་གིས་སྡོམ་རྩིས་བྱས་པ་ལྟར་ན། སྤྱི་ལོའི་དུས་རབས་གསུམ་པ་ནས་དུས་རབས་བཞི་བའི་བར་དུ་ཆོས་འཚོལ་བའི་ཕྱིར་སྐམ་ས་བརྒྱུད་ནས་འཕགས་ཡུལ་ལ་ཕེབས་མཁན་གྱི་རྒྱ་རིགས་བཙུན་པ་བདུན་ཙམ་དང་། སྤྱི་ལོའི་དུས་རབས་ལྔ་བའི་སྐབས་སུ་དྲུག་ཅུ་རེ་གཅིག་དང་། དུས་རབས་དྲུག་པའི་སྐབས་བཅུ་བཞི་དང་། དུས་རབས་བདུན་པ་ལ་ང་དྲུག་དང་། དུས་རབས་བརྒྱད་པ་ལ་སོ་གཉིས་བྱུང་བར་བཤད་དོ།། དེ་ལྟར་སྤྱི་ལོའི་དུས་རབས་གསུམ་པ་ནས་བརྒྱད་པའི་བར་ཟམ་མ་ཆད་པར་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཚ་གྲང་བཀྲེས་སྐོམ་སོགས་དཀའ་བ་བརྒྱ་ཕྲག་དང་། དགྲ་ཇག་ཆོམ་རྐུན་གྱི་གནོད་པ་སོགས་འཇིགས་པ་བརྒྱ་སྟོང་མང་བོ་ཁྱད་དུ་བསད་ནས་བསྟན་འགྲོའི་ཕན་བདེ་ཁོ་ན་ལ་དམིགས་ཏེ་རི་ཆུ་འབུམ་ཕྲག་གི་ཕ་རོལ་བརྒལ་ནས་དམ་པའི་ཆོས་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་འཚོལ་དུ་ཕེབས་པ་ཐམས་ཅད་ནི་ངེས་པར་ངོ་མཚར་རོ།། རྨད་དུ་བྱུང་ངོ་།། སྙིང་ནས་བསྟོད་དོ།། བསྔགས་སོ།། བཀུར་རོ།།     

    ཡིད་ཕངས་པ་ཞིག་ལ་སྔོན་གྱི་ལོ་རྒྱུས་ཡིག་ཆ་དག་ལས་གསལ་བར་བཤད་པའི་མི་བརྒྱ་དང་བདུན་བཅུ་ཆོས་འཚོལ་བའི་ཕྱིར་འཕགས་ཡུལ་དུ་ཕེབས་མྱོང་བ་དེ་དག་ལས་ཕྱིར་རང་ཡུལ་ལ་བདེ་བླག་ཏུ་འབྱོར་བྱུང་བ་ནི་མི་བཞི་བཅུ་ཞེ་གསུམ་ཙམ་ལས་མེད་པར་བཤད་པས། གཞན་ཐམས་ཅད་གཞན་ཡུལ་དུ་སྐུ་གཤེགས་པར་ངེས་སོ།། དེས་ན་རྒྱལ་བའི་བསྟན་པ་ལ་མི་ལྡོག་པའི་དད་པ་རྣམ་དག་ཅན་གྱི་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱི་སྙིང་སྟོབས་ནི་དེ་ལྟར་ཟབ་ཅིང་བརླིང་བས་སྨོན་པ་མི་འཆོར་བ་དང་ཡིད་རབ་མི་འཕྲོག་པའི་གཟུར་གནས་སུ་ཞིག་ཡོད་སྙམ་མོ།།

    དེས་ན་དེ་ལྟར་ཆོས་ཀྱི་དོན་དུ་སྐུ་སྲོག་ལ་མི་འཛེམས་པར་འཕགས་ཡུལ་དུ་ཕེབས་མཁན་མང་ཡང་། སློབ་དཔོན་རྨད་བྱུང་གཟི་བརྗིད་ཀྱི་མཛད་རྗེས་ལྟ་བུ་ནི་བྱུང་མ་མྱོང་ངོ་།། ཁོང་ནི་རྒྱ་དཀར་ནག་གཉིས་ཀའི་བར་ན་ཆེས་ཤུགས་རྐྱེན་ཆེན་པོ་ཅན་ཞིག་སྟེ། ཆོས་ལུགས་ཙམ་ཡིན་པར་ཕྱོགས་གཉིས་ཀའི་རིག་གནས་ཕན་ཚུན་སྤེལ་བའི་ཆ་ནས་ཀྱང་མཛད་རྗེས་ཤིན་ཏུ་ཆེ་བར་གྲགས་པས་སོ།། འོ་ན་སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་ལ་རང་ཉིད་ཅིས་ཀྱང་རྒྱ་གར་ལ་ཕེབས་དགོས་སྙམ་དུ་དམ་བཅའ་འགྱུར་བ་མེད་པ་དེ་ལྟ་བུ་ཞིག་ཐུགས་ལ་འཁྲུངས་པའི་རྒྱུ་རྐྱེན་གཙོ་བོ་ཅི་ཡིན་སྙམ་ན།སྔར་བཤད་པ་ལྟར་ཁོང་གིས་རྒྱ་ལ་འགྱུར་ཟིན་པའི་བཀའ་བསྟན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་འདི་མ་གཟིགས་བྱ་བ་ཞིག་མེད་པར་བྱས་པ་དང་། རྒྱ་ཡུལ་རང་ན་བཞུགས་པའི་མཁས་པ་ལས་ཀྱང་འདི་ལ་མ་དྲིས་ཞེས་པ་མེད་པར་བྱས་པ་ན། ད་དུང་ཆོས་ཀྱི་ཟབ་དོན་ངེས་དཀའ་བ་མང་དུ་འཕྲད་པ་དང་། ཡིད་འཁུལ་བའི་བཤད་པ་ཞིག་སུས་ཀྱང་མ་བྱས་པས་ཐུགས་ཡིད་མ་ཚིམ་པ་དང་། དེར་མ་ཟད་རྒྱ་ཡུལ་དུ་ནང་བསྟན་མཚན་ཉིད་རིག་པའི་གྲུབ་མཐའ་ (法相学དེ་ཡང་བྱང་ཕྱོགས་ས་སྡེའི་རྗེས་འབྲངས་པ་ (北方地论学དང་། ལྷོ་ཕྱོགས་ཐེག་བསྡུས་རྗེས་འབྲངས་པ་ (南方摄论学གཉིས་སུ་གྱེས་ཤིང་། གཉིས་ཀས་འདོད་ཚུལ་ཆེས་མི་མཐུན་པ་དང་། ཁྱད་པར་དུ་རིགས་འཇོག་ཚུལ་ལ་མི་མཐུན་པས་ཇི་ལྟར་འཇོག་དགོས་པ་མི་ཤེས་ཤིང་། དེ་ཉིད་ཤིན་ཏུ་གལ་ཡང་ཆེ་བ་ཞིག་ཡིན་པས་ཅིས་ཀྱང་གསལ་བོ་ཞིག་ཤེས་དགོས་པས་ན། སྤྱིར་དེ་དག་ཕན་ཚུན་འགལ་མེད་དུ་ཇི་ལྟར་བལྟ་དགོས་པའི་ཚུལ་ཤེས་དཀའ་བ་དང་། ཁྱད་པར་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ལ་རིགས་འཇོག་ཚུལ་ཇི་ལྟར་ཡིན་པ་ཤེས་དགོས་ལ། འོན་ཀྱང་དེ་ཉིད་ཇི་ལྟ་བ་བཞིན་ཤིན་ཏུ་རྟོགས་དཀའ་ཞིང་ནང་ལོགས་ནས་བརྩད་མི་ཆོད་པར་གཟིགས་ཏེ་ཐུགས་སྐྱོ་བར་གྱུར་ཏོ།།     

    འོ་ན་རང་ཅག་གིས་རིགས་ཞེས་པ་དེ་ཇི་འདྲ་ཞིག་ཡིན་པ་ཤེས་སམ་ཞེ་ན། ཤེས་ཟེར་རྒྱུ་ཤིན་ཏུ་དཀའ་མོད། འོན་ཀྱང་གཞུང་ནས་ཇི་ལྟར་གསུངས་ཚུལ་ཙམ་ཞིག་ཅིས་ཀྱང་ཤེས་དགོས་པས་འདིར་ཅུང་ཟད་བཤད་པར་བྱའོ།། དེ་ཡང་རང་སྡེ་གྲུབ་མཐའ་བཞི་བོ་ཐམས་ཅད་ཀྱིས་ཀྱང་རིགས་ཞེས་པ་ཞིག་ཁས་ལེན་པ་ལ་ཁྱད་པར་མེད་ཀྱང་འཇོག་ཚུལ་ཤིན་ཏུ་མི་འདྲའོ།། འོ་ན་རང་སྡེ་བྱེ་བྲག་སྨྲ་བས་ཇི་ལྟར་འཇོག་ཅེ་ན། དེའི་ལུགས་ལ་མ་ཆགས་པའི་ཤེས་པ་ཆོག་ཤེས་དེ་འཕགས་པའི་རིགས་སུ་འདོད་དེ། མཛོད་ལས། མ་ཆགས་འཕགས་རིགས་ཞེས་གསུངས་པའི་ཕྱིར། དེས་ན་བྱེ་སྨྲས་རིགས་ཀྱི་ངོ་བོ་སེམས་བྱུང་དང་དགེ་རྩ་གསུམ་གྱི་ནང་ནས་མ་ཆགས་པའི་དགེ་བར་ཁས་ལེན་ལ། མ་ཆགས་པ་དེ་ལ་དབྱེ་ན་ཆོས་གོས་ངན་ངོན་གྱིས་ཆོག་ཤེས་དང༌། བསོད་སྙོམས་ངན་ངོན་གྱིས་ཆོག་ཤེས་དང༌། གནས་མལ་ངན་ངོན་གྱིས་ཆོག་ཤེས་དང༌། སྤོང་བ་དང་སྒོམ་ལ་དགའ་བའི་མ་ཆགས་པ་བཞི་སྟེ་འཕགས་པའི་རིགས་བཞིར་གྲགས་པའི་ཕྱིར། འདོད་ཆུང་ཆོག་ཤེས་གཉིས་ནི་ཆགས་པའི་འགལ་ཟླ་སྟེ་གཉེན་པོ་ཡིན་པས་ན་མ་ཆགས་པ་ཞེས་བྱ་ལ། མ་ཆགས་པ་དེ་ལས་འཕགས་པ་རྣམས་སྐྱེས་པས་ན་འཕགས་པའི་རིགས་སམ་རང་བཞིན་ཞེས་ཟེར་རོ།། རིགས་བཞི་བོ་དེ་དག་ལས་དང་བོ་གསུམ་པོ་སྟེ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་ལ་ཆོག་ཤེས་པ་གསུམ་ནི་འདོད་ཆུང་ཆོག་ཤེས་ཀྱི་བདག་ཉིད་ཡིན་པས་ན་མ་ཆགས་པ་ཞེས་བྱ་ལ། རིགས་བཞི་བ་སྤངས་པ་དང་སྒོམ་ལ་དགའ་བ་ཡང་མ་ཆགས་པའི་རང་བཞིན་ཡིན་ཏེ། དེ་ལས་སྤངས་པ་ནི་འགོག་བདེན་དང་། སྒོམ་པ་ནི་ལམ་བདེན་ཡིན་པས་དེ་ལ་དགའ་བ་ནི་སྲིད་པའི་འདོད་ཆགས་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་སོ།།

    འོ་ན་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཞེ་ན། དེ་ལ་དང་བོ་གསུམ་གྱིས་ནི་ཐར་བ་སྒྲུབ་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཚུལ་བསྟན་ལ། ཐ་མས་ནི་བྱ་བའི་ལས་བསྟན་ཏེ། མདོ་ལས། རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་བ་དོན་དུ་གཉེར་བར་ཁས་འཆེས་པའི་སློབ་མ་རྣམས་ཚུལ་དང་ལས་གཉིས་བཅས་ཏེ། འཕགས་པའི་རིགས་དང་བོ་གསུམ་གྱིས་ནི་ཚུལ་བཅས་སོ།། བཞི་བས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདི་ལྟ་བུ་ལ་གནས་ནས་ལས་འདི་ལྟ་བུ་བྱེད་ན་རིང་བོར་མི་ཐོགས་པར་ཐར་བ་ཐོབ་པར་འགྱུར་རོ་ཞེས་གསུངས་པས་སོ།། དེས་ན་འཕགས་པའི་རིགས་བཞིས་ཚུལ་དང་ལས་གཉིས་བསྟན་ཏེ། ཟས་གོས་ལ་སོགས་པ་ལ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པའི་རང་གི་ཚུལ་དང་། ཞིང་ལས་དང་ཉོ་ཚོང་ལ་སོགས་པའི་ལས་ཀྱི་མཐའ་ངན་པ་དེ་དག་སྤངས་ནས་ཡང་དག་པའི་ཚུལ་དང་ལས་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། སྤོང་བསྒོམ་ལ་དགའ་ཞིང་བརྩོན་པས་ཐར་བ་འཐོབ་པར་འགྱུར་བའི་ཕྱིར།

    འོ་ན་དགོས་པ་ཅིའི་ཕྱིར་ཚུལ་དང་ལས་འདི་ལྟ་བུ་བཅས་ཤེ་ན། མདོ་ལས་སྲེད་པ་སྐྱེ་བ་བཞི་གསུངས་པའི་གཉེན་པོའི་ཕྱིར་འཕགས་པའི་རིགས་བཞི་བསྟན་ཏེ། མདོ་ལས། དགེ་སློང་སྲེད་པ་སྐྱེ་བ་ན་ཆོས་གོས་ཀྱི་ཕྱིར་དང་། བསོད་སྙོམས་ཀྱི་ཕྱིར་དང་། མལ་ཆ་དང་སྟན་གྱི་ཕྱིར་སྐྱེའོ།། གནས་པ་ན་གནས་སོ།། མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ།། དགེ་སློང་སྲེད་པ་སྐྱེ་བ་ན་འབྱུང་བ་དང་འཇིག་པ་སྟེ་དེ་ལྟ་བུའི་ཕྱིར་སྐྱེའོ།། ཞེས་གསུངས་ཏེ། དེ་ལ་སྲེད་པ་སྐྱེ་བ་ནི་དང་བོར་རོ།། གནས་པ་ནི་རྒྱུན་གནས་པའོ།། མངོན་པར་ཞེན་པ་ནི་སྤང་དཀའ་བས་དམ་དུ་འཛིན་པའོ།། འབྱུང་བ་དང་འཇིག་པ་དེ་ལྟ་བུའི་ཕྱིར་སྲེད་པ་སྐྱེ་བ་དང་གནས་པ་དང་མངོན་པར་ཞེན་པ་ནི་ཀྱེ་མ་བདག་དབང་བོ་དང་འཁོར་ལོས་བསྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་ལ་སོགས་པ་འབྱུང་བ་ལ་སྲེད་པ་དང་། ངན་པས་འཇིགས་ནས་ཀྱེ་མ་བདག་ཤི་ཡང་ཅི་མ་རུང་། མེད་པ་དང་མ་བྱུང་ཡང་ཅི་མ་རུང་སྙམ་པ་ལ་སོགས་པ་འཇིག་པ་ལ་སྲེད་པ་སྟེ་ཆད་པ་ལ་ཆགས་པའོ།། དེ་ལ་འབྱུང་འཇིག་ལ་སྲེད་པའི་གཉེན་པོར་ནི་ཐ་མ་བསྟན་ལ། སྔ་མ་དག་ནི་རང་རང་གི་གཉེན་པོར་རོ།། ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་གསུངས་ལ། ཡང་ན་རིགས་དང་བོ་གསུམ་ཆོས་གོས་སོགས་བདག་གིར་འཛིན་པའི་དངོས་པོ་འདོད་པ་དེའི་དུས་སུ་ཞི་བྱེད་དང་། བཞི་བ་ནི་བདག་གིར་འཛིན་པ་དང་བདག་ཏུ་འཛིན་པའི་དུས་གཉིས་ཀ་འདོད་པ་གཏན་དུ་ཞི་བར་བྱེད་པ་ཡིན་པས་སོ།། དེ་ཡང་བྱེ་སྨྲའི་ལུགས་ལ་རིགས་ཡིན་ན་མ་ཆགས་པའི་དགེ་རྩ་ཡིན་པས་ཁྱབ་མ་ཁྱབ་དང་། བྱེ་སྨྲས་བཞེད་པའི་རིགས་དེ་རིགས་ཡིན་མིན་སོགས་ནི་རེ་ཞིག་འདིར་མི་དཔྱད་དོ།། དེ་ཉིད་རིགས་ཡིན་པར་ཁས་བླངས་ཀྱང་མ་བླངས་ཀྱང་ཐར་བ་འདོད་པ་ཞིག་ཡིན་ཕྱིར་འདིར་བཤད་པའི་འཕགས་པའི་རིགས་བཞི་ཞེས་པ་འདི་རྣམས་ཅིས་ཀྱང་ཉམས་སུ་ལེན་དགོས་པ་ཞིག་ཡིན་ནོ།།

 

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23628530
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།