སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བདུན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བདུན་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བདུན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-05ལྟ་ཀློག (4305)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བདུན་པ། 

         ནད་ཡམས་བཞིན་དུ་འཛེམ་དགོས་ས།
    འཇམ་མགོན་ས་པཎ་ཆེན་པོས།  དྲང་བོ་མི་སྨྲ་འཛུམ་གྱིས་བསུ། །སྨྲ་ན་ངག་འཇམ་ཕིགས་པར་སྨྲ། །རྟག་ཏུ་གཞན་གྱི་ཉམས་དྲོས་ལེན། །དེ་དག་སྐྱེས་བུ་གཡོ་ཅན་ཡིན། །ཞེས་གསུངས་པ་ལྟར། དུས་ཀྱི་ཡང་མཐར་སླེབས་པའི་བར་སྐབས་འདིར།  སྐྱེ་བོ་ཁ་ཅིག་གིས་རང་བཞིན་དྲང་བོ་བྱེད་པ་དང་སྐད་ཆ་བདེན་པར་སྨྲ་བ།   བྱ་བ་ཕྱི་གསལ་ནང་གསལ་གྱིས་སྒྲུབ་པ་སོགས་ནི་རྗེས་ལུས་དང་གླེན་ལས་ཤིག་ཏུ་བསམ་སྟེ།   བསམ་པ་རང་གཅེས་འཛིན་གྱིས་ཀུན་ནས་བསླངས་ཏེ་མཚན་སྙན་དང་དབང་ཐོབ།  འབྱོར་ཕྱུག་སོགས་ཀྱི་ཆེད་དུ་བརྩོན་ཡང་།  ངས་མིའི་རིགས་ཀྱི་ཁེ་དབང་དང་བདེ་སྐྱིད།  མི་རིགས་ཤིག་གི་ཡར་རྒྱས་དང་དབུ་འཕང་ལ་དམིགས་ནས་རང་སྲོག་དང་རང་གི་བདེ་སྐྱིད་ལ་ཡང་ཅི་མི་སྙམ་པར་དཀའ་ཁག་ཡོད་ཚད་གདོང་གིས་བསུ་བཞིན་ཡོད་སྐད་ཀྱིས་དྲང་བོར་མི་སྨྲ་བ་དང་།  དགའ་ཞིང་དུང་ལ་བརྩེ་ཞིང་བྱམས་པའི་ཟོལ་གྱིས་ཞལ་རས་འཛུམ་དཀར་གྱི་ལེར་གྲོགས་མཛའ་བཤེས་སོགས་ཀྱི་བསམ་སྤྱོད་ངན་པར་སྒྱུར་ཞིང་རང་ལ་གོ་སྐབས་བཟང་བོ་འཚོལ་བ།   དུས་རྒྱུན་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་གམ།  ཚད་མཐོ་བའི་རིག་གནས་ཤིག  ཡང་ན་སྐྱེ་བོ་དུང་ཕྱུར་མང་བོས་དད་མོས་བྱེད་པའི་ཆོས་ལུགས་དང་དེའི་སྲོལ་བཏོད་པ།  དེ་རྒྱུན་འཛིན་བྱེད་པའི་བསམ་བློ་བ་དང་ཡོན་ཏན་པ་སོགས་ལ་ཚད་ལས་བརྒལ་བའི་དམའ་འབེབ་བྱེད་པ།  ནག་ཐིག་འདེབས་པ།  མངོན་སུམ་ལ་བསྙོན་འདིང་བ་སོགས་ཀྱང་མིའི་རིགས་སམ་ཡུལ་ལུང་ཞིག་གི་ཆེད་དུ་ཡིན་ཚུལ།  ང་གཅིག་བུ་རིགས་སད་དེ་ཁོ་ར་ཁོར་ཡུག་དག་ལ་དྲན་སྐུལ་བྱེད་བཞིན་ཡོད་སྐད ། རང་ཉིད་བློས་གཏོང་གི་སྙིང་སྟོབས་དང་མཁྲེགས་འཛིན་བྲག་རི་གཏོར་བའི་བསམ་བློ་གསར་བའི་འགད་རྫད་རྩ་ཆེན་ཞིག་ངས་རྙེད་ཡོད་ཚུལ་ཤུགས་ཀྱིས་བསྒྲགས་ཏེ། དྭངས་གཙང་སླད་མེད་ཀྱི་སེམས་པ་གང་མར་ཁྱུར་མིད་དུ་གཏང་དང་གཏོང་བཞིན་ཡོད།  དེས་ན་སྐྱེ་བོ་གཡོ་ཅན་དག་ལ་ནད་ཡམས་བཞིན་འཛེམ་ཞིང་གདོན་བཞིན་དུ་བལྟ་བར་བྱའོ།   །
    ༢༠༢༢༢-༦-༡             

       སྐྱེ་བོ་ཕལ་བར་བསྟོད་པ་ཐལ་ཆེ་མི་ཉན།
     ཇི་སྐད་དུ།  ཕན་བཏགས་ལན་དུ་གནོད་པ་བསྐྱེལ། །བྱས་པ་ཆུད་ཟོས་དམན་ལ་སྡང་། །རང་བཞིན་ངན་པ་ཕག་ལྟ་བུ། །དེ་དག་སྐྱེས་བུ་ངན་པ་ཡིན། །ཞེས་གསུངས་པ་ལྟར། མི་ལ་ལས་གཞན་ཅུང་ཙམ་ཡར་རྒྱས་སུ་འགྲོ་བ་དང་མི་གྲལ་དུ་ཚུད་པ།  འབད་བརྩོན་བྱེད་པ།  སེམས་ཤུགས་མི་ཆག་པ།  བདག་ཉིད་བརྙས་པའི་ལེ་ལོའི་དབང་དུ་མི་འགྲོ་བ་སོགས་ཀྱི་ཆེད་དུ།  བསྟོད་བཀུར་དང་སྙན་པ་བརྗོད་པ།   བྱ་དགའ་སྤྲོད་པ།  གོ་ས་སྟེར་བ།   གོ་སྐབས་བྱིན་པ་སོགས་བྱས་ན།  སྐྱེ་བོ་དམན་པ་དང་ཐ་ཤལ་གྱི་རིགས་དག་གིས་རང་ཚོད་དང་རང་ཉམས་ལ་དཔོག་མི་ཤེས་པར་ངའོ་སྙམ་པའི་ང་རྒྱལ་བྱེད་པ།   བསྟོད་པ་རྒྱུན་མ་བསྐྱངས་ན་མི་དགའ་བ།  སྒྱིད་ལུག་པའི་རྒྱུ་རུ་འགྱུར་བ།  དམན་ལ་སྡང་བ།   གཞན་ལ་ངོམ་སོ་དང་མཐོང་ཆུང་བྱེད་པ།  རང་ཉིད་ཀྱི་མདུན་ནས་ཁྲིད་ཅིང་གཞུག་ནས་སྐྱོར་མཁན་དག་ལ་དྲིན་ལན་ལོག་འཇལ་བྱེད་པ་སོགས་མཇུག་འབྲས་ངན་པའང་འབྱུང་སྲིད་དེ།   འཇིག་རྟེན་གྱི་གཏམ་དཔེར།   ངན་པ་མཐོ་སར་བཞག་ན་འཕོངས་རྡེབ་ཀྱི་རྒྱུན་མི་ཆད །  ཅེས་དང་།   གཙོ་བོ་བྱས་ནས་ཡར་ལ་བཞག་ན།   ངན་མཚང་བསྟན་ནས་མར་ལ་མཆོང་མཁན་མང་།  ཟེར་བ་ལྟར་རོ།   །
      དེ་བས།  བསྟོད་པའི་ཡུལ་དང་བསྟོད་པའི་དུས།   བསྟོད་པའི་ཐབས་དང་བསྟོད་པའི་དགོས་པ་འགྲུབ་མིན་སོགས་ལ་བརྟག་དཔྱད་ཞིབ་མོ་བྱེད་རྒྱུ་གལ་ཆེའོ།   །འདི་ལས་འཕྲོས་ཏེ་བསྟོད་རྩོམ་རྐྱང་རྐྱང་བྲིས་ན་ལེགས་མིན་དང་དགག་རྩོམ་མམ་སྨད་རྩོམ་རྐྱང་རྐྱང་འབྲི་བ་རྩོམ་རིག་གི་སྒྱུ་རྩལ་ཡིན་མིན་སོགས་བརྗོད་རྒྱུ་མང་མོད།   རེ་ཞིག་ཆོག་ཤེས་པར་བྱས་སོ།   །
       ༢༠༢༢༢-༦-༢        

          ཕྲག་དོག་གི་ཚབ་ཆེན་རང་བཞིན།
            ཕྲག་དོག་ནི་ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག་སྟེ། ཞེ་སྡང་གི་ཆར་གཏོགས་གང་ཞིག  རྙེད་བཀུར་ལ་ཆགས་ནས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུགས་པའི་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། ཡིད་མི་བདེ་བ་འདྲེན་པའི་ལས་ཅན་ནོ། །སྒྲ་བཤད་ནི། སེམས་གུ་དོག་པས་ན་ཕྲག་དོག་ཅེས་བྱ་སྟེ། སེམས་ཀྱི་ཕྲག་གམ་གུ་དོག་པས་དེ་སྐད་ཅེས་བྱའོ། །     སྤྱོད་འཇུག་ལས། ཁྱོད་ནི་རང་གིས་སྡིག་བྱས་ལ། །མྱ་ངན་མེད་པར་མ་ཟད་ཀྱི། །བསོད་ནམས་བྱས་པ་གཞན་དག་དང་། །ལྷན་ཅིག་འགྲན་པར་བྱེད་འདོད་དམ། །ཞེས་གསུངས་པ་ལྟར།  མི་མང་བོ་ཞིག་མྱ་ངན་དང་སྐྱོ་བ་སྐྱེ་དགོས་སའི་རང་གི་སྒོ་གསུམ་གྱི་བྱ་བ་མི་དགེ་བ་དག་ལ་ནོངས་འགྱོད་ཅི་ཡང་མེད་པར།  རང་དང་ལས་རིགས་གཅིག་པ་སོགས་གཞན་དག་ལ།   ཡོན་ཏན་ཆེན་པོ་འབྱོར་བ་དང་།   མཚན་སྙན་རྒྱས་པ།  གོ་ཐོབ་ལོན་པ།  ཕྱུག་པོར་གྱུར་བ།  འཁོར་སློབ་མང་བ།   ཐ་ན་གཟུགས་མཛེས་པ་དང་སྐད་སྙན་པ།   སྨྲ་ལྕེ་མྱུར་བ།   གཞན་གྱིས་བསྟོད་བཀུར་ཐོབ་པ་སོགས་ཀྱི་ཚེ་སེམས་ཁོང་ནས་འཁྲུགས་ཤིང་མི་བཟོད་པར།   དེ་དག་ལ་ངན་དམོད་དང་ཟུར་ཟ་བྱེད་པ།   དེའི་ཕུན་ཚོགས་རྒུད་པའི་ལས་ལ་བརྩོན་པ།  གཞི་མེད་ཀྱི་སྒྲོ་འདོགས་དང་སྐུར་འདེབས་བྱེད་པ།   ལྷག་པར་དུ་དེང་སྐབས་ཚན་རིག་ལག་རྩལ་ཅུང་ཙམ་མཐོ་རུ་ཕྱིན་ཡོད་པས།   གཞན་གྱི་སྐད་ཆ་བཅད་གཏུབ་བྱས་ཏེ་བསམ་བཞིན་ནོར་འཁྲུལ་དང་ཚིག་སྐྱོན་ཡོད་པར་བྱེད་པ། བརྙན་དང་པར།  སྐད་སྒྲ་ཚང་མ་རྫུན་བཟོ་བྱས་ཏེ་ཕ་རོལ་བོ་ནག་པོ་ནག་རྐྱང་ཞིག་ཏུ་བཟོ་བ་སོགས་ཀྱིས་མི་ཁོམ་ཞིང་མི་སྐྱིད་པར་འདུར་རྒྱུགས་བྱེད་དོ།   །
      འདི་ནི་འཇམ་མགོན་ས་པཎ་ཆེན་པོས། གལ་ཏེ་གཞན་དག་ཕུན་ཚོགས་པས། །བདག་གི་ཡིད་ལ་མི་བཟོད་ན། །དེ་ཡིས་རང་འབྱོར་འཇོམས་པའི་ཕྱིར། །རང་ལ་ཕྲག་དོག་བྱེད་པར་ཟད། །ཅེས་གསུངས་པ་ལ་ྟལྟར། ཕར་བལྟས་ཚོད་དུ།  སྤྱི་ཚོགས་སྟེང་དུ་དམིགས་ཡུལ་དེར་སྣང་བརྙན་ངན་པ་བཟོ་བ།  ཉམས་སྨད་པ།  མི་གྲལ་དུ་འགྲོ་ཐབས་མེད་པར་བྱས་པ་སོགས་སུ་སྣང་ཡང་།  དོན་གྱིས་རང་ཉིད་ཀྱི་དགེ་རྩ་རང་གིས་འཇོམས་པ།   རང་ཉིད་ཀྱི་མི་གཞི་ལྷང་ལ་ཕུད་པ།   རང་གི་ཚེ་འདི་ཕྱིའི་འདུན་མ་གཏན་བརླགས་བྱས་པ་ལས་མ་འདས་པས།  སེམས་རྒྱ་དང་ཕྲག་ཞེང་ཅུང་ཆེ་རུ་བཏང་སྟེ།  གཞན་གྱི་ཕུན་ཚོགས་ལ་རྗེས་སུ་ཡི་རང་བྱེད་ཐུབ་ན་རབ་རེད།  གལ་ཏེ་རྗེས་སུ་ཡི་རང་དང་དགའ་བ་བསྒོམ་མ་ཐུབ་ནའང་།  འགལ་རྐྱེན་མི་བཟོ་བ་དང་བསྙོན་འདིང་བ་མ་བྱས་ནའང་ལེགས་སོ་འབུལ་བའི་གནས་ཡིན་ཏེ།  ངོས་ཟིན་དང་བསྒྱུར་བཅོས་འདིས་རང་གཞན་གཉིས་ཀར་བག་ཕེབས་དང་སོས་དལ།  བདེ་སྐྱིད་དང་དགའ་སྤྲོའི་འཚོ་བ་ཞིག་བསྐྱལ་འོང་ངེས་པའི་ཕྱིར་རོ།   །
                  ༢༠༢༢-༦-༤

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། hf7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500971
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།