དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་བཞི་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་བཞི་བ།
དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་བཞི་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-04ལྟ་ཀློག (12273)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་བཞི་བ།
---རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཆེད་བཀོད་རྩོམ་ཡིག
རྫ་མ་ཧྲིལ་བོ་ཞིག་ལས་གཡང་ཊི་ཆག་རོ་ཞིག་དགའ།

མཐོ་གཉིས་དང་བོ། བསོད་ནམས་ཕུན་ཚོགས།

   དགེ་རྒན་བཀའ་དྲིན་ཅན་གྱིས་དུས་རྟག་པར་སློབ་ཁྲིད་བར་མཚམས་སུ་ཕུལ་དུ་བྱུང་བའི་ལེགས་བཤད་ཐུང་ཐུང་རེ་སྒོ་སམ་དུ་བྲིས་ཤིང་། རྩ་དོན་དེའི་ཐོག་ནས་ང་ཚོར་སློབ་གསོ་གནང་མྱོང་བའི་སྣང་བརྙན་དེ་ད་དུང་ཡིད་ཀྱི་རླབས་རིས་ངོས་སུ་གཡུང་དྲུང་གི་རི་མོ་ནང་བཞིན་དོད་འདུག 
      དེ་རིང་བདག་གིས་དགེ་རྒན་བཀའ་དྲིན་ཅན་གྱིས་བྲིས་པའི་ལེགས་བཤད་ཅིག་སེམས་སུ་ཡང་འཁོར་བསྐྱར་འཁོར་བྱེད་ཡོང་། ལེགས་བཤད་དེ་ནི་“རྫ་མ་ཧྲིལ་བོ་ཞིག་ལས། གཡང་ཊི་ཆག་རོ་ཞིག་དགའ”ཞེས་པ་དེ་རེད། དགེ་རྒན་ཚང་གིས་ལེགས་བཤད་འདི་ལ་བརྟེན་ཏེ་ང་ཚོར་སློབ་གསོ་གང་ཞིག་གནང་བ་ངའི་སྒྱུ་འཕྲུལ་གྱི་སྣང་ངོར་རེ་རེ་བཞིན་དྲན་མི་ཐུབ་མོད།  ལེགས་བཤད་འདི་ཉིད་མཛེས་ཆ་དང་བཅས་སྒོ་སམ་ངོས་སུ་ཐེངས་མང་དུ་བྲིས་པ་གཞར་ཡང་བརྗེད་ཐབས་མི་འདུག དེར་བརྟེན་ངས་མཚམས་མཚམས་སུ་ལེགས་བཤད་དེ་དབང་མེད་དུ་ཁ་ནས་བསྐྱར་མྱོང་། ཁ་སང་ངས་གྲོགས་པོ་ཞིག་ལ་“རྫ་མ་ཧྲིལ་བོ་ཞིག་ལས། གཡང་ཊི་ཆག་རོ་ཞིག་དགའ།”ཞེས་པའི་ལེགས་བཤད་དེས་རིན་ཐང་གི་ལྟ་བ་ཞིག་འཆད་ཀྱིན་པ་འདྲ་ཞེས་བཤད་པ་ན། ཁོས་ཀྱང་མགོ་བོ་ལྡེམ་ལྡེམ་ངང་གཏམ་དེའི་སྒྲུབ་བྱེད་ལྟ་བུའི་རྣམ་འགྱུར་ཞིག་བསྟན་སོང་། 
     ང་ཚོ་མི་ཚང་མར་ཆེས་མེད་དུ་མི་རུང་བ་ནི་རིན་ཐང་གི་ལྟ་བ་ཡིན་ལ། ངེས་པར་ཡོད་དགོས་པའང་རིན་ཐང་གི་ལྟ་བ་རེད། འོ་ན་ཅི་ལྟ་བུ་ཞིག་ལ་རིན་ཐང་གི་ལྟ་བ་ཟེར་ཞེ་ན་ཁོ་བོ་ལྟ་བུ་ཞིག་གིས་ཁ་ཚོན་གཅད་ག་ལ་ཕོད་དེ་མི་ཕོད་མོད། དོན་དག་གང་ཞིག་ལ་འཕྲད་ཀྱང་འདི་ལྟར་མི་བྱེད་སྙམ་པ་དང་ཚད་འདི་ལས་བརྒལ་མི་རུང་། ཡང་ན་ཚད་ཐིག་འདི་ལྟ་བུ་ཞིག་ལ་ངེས་པར་དུ་ཐོན་དགོས་སྙམ་པའི་གཞི་རྩའི་དམིགས་ཡུལ་ཞིག་ལ་རིན་ཐང་གི་ལྟ་བ་ཞེས་འདོགས་ན་སྙམ། འོན་ཀྱང་ང་ཚོ་ཚང་མར་སྐབས་འཚོལ་རིང་ལུགས་ཙམ་ལས་དེ་ལྟ་བུའི་གཞི་རྩའི་ལྟ་བ་ཞིག་མང་ཆེ་བར་ཡོད་མི་སྲིད། དེའི་ཕྱིར་དཀའ་ཁག་ལ་འཕྲད་དུས་ཕ་མ་ཡིན་ཡང་བསླུ་བྲིད་གཏོང་ཞིང་། དགོས་མཁོ་ཡོད་དུས་ཕུ་ནུ་ཡིན་ཡང་བཙོང་འཇོག་པའི་སྐྱུག་བྲོ་བའི་སྣང་ཚུལ་དག་འཕྲད་ཡོང་བ་མ་ཡིན་ནམ།  རྒྱུ་རྐྱེན་དེར་བརྟེན་“རྫ་མ་ཧྲིལ་བོ་ཞིག་ལས། གཡང་ཊི་ཆག་རི་ཞིག་དགའ།” ཞེས་པའི་ལེགས་བཤད་དེས་ང་ཚོར་གནས་ལུགས་ཀྱི་བམ་ཁ་འཐུག་དྲགས་པ་ཞིག་སྟོན་གྱིན་པ་འདྲ།
     ང་ཚོ་ནང་བ་བ་ཞིག་ལ་ཆ་བཞག་སྟེ་བཤད་ན་རང་རྒྱུད་ཀྱི་སྐྱབས་སྡོམ་ལས་ལྷག་པའི་བརྩི་སྲུང་དང་གོང་བཀུར་བྱེད་དགོས་པའི་ཆོས་ཤིག་མེད་ཕྱིར། སྐྱབས་སྡོམ་ཉམས་རྗེས་རྫ་མ་ཧྲིལ་བོ་ལྟ་བུའི་ཐོབ་བྱ་ཟག་བཅས་ཀྱི་ཡིད་བདེ་བ་ཞིག་ཐོབ་ཀྱང་། ཚེ་རབས་གཏན་གྱི་འདུན་མ་གཡང་ཊི་འདྲ་བ་དེ་བོར་སོང་ཕྱིན། མི་དེ་ནི་ནང་སྙིང་དང་བྲལ་བས་འཇག་མ་དྲང་བོར་ཅི་ཙམ་སྐྱེས་ཀྱང་ནམ་ཞིག་ས་ལ་འགྱེལ་འགྲོ་བ་བཞིན་མཐར་ཕམ་ཁ་ལས་རྒྱལ་ཁ་ལས་མེད་ཕྱིར། རྫ་མ་ཧྲིལ་བོ་ཞིག་ལས། གཡང་ཊི་ཆག་རོ་ཞིག་ཡིན་ཡང་རིན་ཐང་དང་ལྡན་པ་ཡིན་ཏེ། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །

བགྱིས་པ་ཇི་འདྲ་རུང་སྟེ་མཁས་པས་མཆོད། ། ཅེས་གསུངས་པ་ལས་མ་འདས་སོ། །

དགུན་གནང་གཏོང་ལ་ཉེ།

མཐོ་གཉིས་གཉིས་པ།  ཚེ་རིང་།
དེ་རིང་ནི་སྤྱི་ཟླ༡ ཚེས༩རེད་ལོ་ལྟར་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉེར་བཞི་ལ་དགུན་གནང་གཏོང་བའི་སློབ་མ་དག་ལ་མཚོན་ན་ད་ལོ་ནི་ཅུང་དམིགས་གསལ་བའི་ལོ་ཞིག་སྟེ་དགུན་གནང་ཟླ་དང་བོའི་ཚེས་བཅུ་གསུམ་ལ་ཕྱིར་ནུར་བྱས།     དེ་ལྟ་ནའང་དུས་ཚོད་ནི་ཅི་ཡིན་ཆ་འཇོག་མེད་པར་གློ་བུར་ཟླ་དང་བོའི་བཅུ་གསུམ་ལ་ཁེལ་ལ་ཡོད།  ཉིན་གསུམ་གྱི་རྗེས་ནས་སློབ་གྲོགས་ཚོ་རང་རང་ས་ལ་འགྲོ་རན།  ཡོད་ཚད་ཀྱི་སེམས་སུ་ནམ་ཞིག་ཡང་བསྐྱར་ལྷན་ཏུ་འཛོམས་འོང་བའི་རྟག་འཛིན་ཞིག་ངེས་མེད་དུ་འཁོར་གྱིན་ཡོད་མོད།  རེད་དེ་སུ་ཞིག་གི་ཚེ་སྲོག་གི་སྐུད་པ་གློ་བུར་ཆད་འགྲོ་མིན་ཅི་ཆ། ནམ་རྒྱུན་སྙིང་ཉེ་བའི་མི་ཚོ་དང་ཁ་བྲལ་སྐབས་ངས་ནི་འདི་ལྟར་དྲན་འོང་གི་འདུག  གལ་ཏེ་ངོ་མ་ཚེ་སྲོག་གི་སྐུད་པ་ཆད། བེམ་རིག་གཉིས་ཁ་ཁར་སོང་བར་གྱུར་ཚེ་ཤུལ་ལུས་ཀྱི་མི་དག་གིས་ཅུང་ཙམ་གླེང་རྗེས་ཁ་རོགས་གེརའཇམ་སྟེང་ངེར་བསྐྱུར་ངེས། ལོ་དུ་མ་འགོར་བའི་རྗེས་སོར་ངོ་མི་ཤེས་པ་ལྟར་བཞག་འགྲོ་ནའང་ངས་འདི་ལ་སྣང་དོགས་ཆེ་རུ་བྱས་པ་ཡིན།  འདི་དག་གི་ཚབ་ཏུ་ངས་བློས་སློང་བྱས་པའི་སྙན་ངག་ཅིག་འབྲི་བའི་དབང་དུ་བཏང་ན་བརྗོད་བྱ་ནི་ཁྱེད་ཚོ་རེ་རེ་བྱས་མས་གྲུབ་པ་ཞིག་དང་རྗོད་བྱེད་ནི་བརྩེ་འདང་གིས་དམ་དུ་འབྲེལ་བ་ཞིག་ཡིན་ངེས་པས་ན་ང་རང་ཉིད་སྙན་ངག་འདི་ལ་རྩིས་མཐོང་ཧ་ཅང་ཆེ། འདང་འདུན་ཤིན་ཏུ་ཟབ། 
སྙན་ངག་འདིའི་སྐབས་གཞན་ཞིག་ཏུ་ཁྱེད་ཚོ་དང་ལན་རེར་ཚོད་ཚོད་ལ་ཁ་རྩོད་ཤོར་བ་དང་ཡང་མཚམས་མཚམས་སུ་དོན་མེད་དུ་འཁོན་རེས་བྱས་པ་ཡོད། དེ་ལ་ངས་འགྲེལ་བཤད་ཀྱི་དོད་དུ་ཚིག་ཅིག་བྲིས་ན་འདི་ལྟར།
མ་ལོབས་ནས་འཁོན་པ་ནི་ཞེ་སྡང་དང་། ལོབས་ནས་འཁོན་པ་ནི་འདང་བརྩེའོ། །
ངས་ད་རུང་མུ་མཐུད་དུ་སྙན་ངག་བྲི་དགོས། 
བསམ་བྷོ།  མཐར་ཕྱིན་གཉིས་པ། 
       ཕྲན་གྱིས་ལོ་ངོ་འགའི་རིང་དུ་སློབ་སྦྱོང་གི་བྲེལ་ཟིང་དང་བྱ་བའི་སུན་སྣང་སྣ་ཚོགས་ཀྱི་བར་ནས་རང་གི་དགའ་ཕྱོགས་ལ་གནང་བ་སྟེར་ཏེ།    སྒྱུ་རྩལ་རྩོམ་རིག་ལ་བློ་སྦྱོང་དང་།   སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་ཤིང་།   ལོ་ངོ་དེ་དག་ཏུ།   སྙན་ངག་ཀློག་འདོན་དང་གསེད་འགྲོལ།  མྱོང་རོལ་དང་དོགས་སློང་།  འབྲི་བཞེངས་བཅས་ནི་མེད་དུ་མི་རུང་བའི་ང་ཡི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཡོད་སྐད།   བཟློག་དཀའ་བའི་སྙན་ངག་གི་བསླུ་བྲིད་ཀྱིས།  མཚམས་རེར་ངའི་མི་ཚེའི་མངའ་ཐང་ལ་བླ་མེད་ཀྱི་དངོས་གྲུབ་དང་འབྱོར་ཕྱུག  འཛད་མེད་ཀྱི་ཚེ་ནོམ་སོགས་མང་བོ་མང་བོ་ཞིག་བསྩལ་མྱོང་བ་འདྲ་ལ།  སྐབས་རེར་ངའི་འཚོ་བ་ལ་གནོན་ཤུགས་དང་ཕམ་ཉེས།  ཐོབ་པ་ལས་ཤོར་བ་མང་བའི་ལན་ཆགས་ཀྱི་ཁུར་བོ་མང་དུ་འཁོར་གྱིན་པ་འདྲ་བས།   སྙན་ངག་ནི་ང་ཡི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ཞེས་ཁ་ཕོད་སྒྲོག་མི་ཐུབ་རུང་།   མ་གཞི་ནས་འཚོ་བའི་ཆ་ཤས་དང་མི་ཚེའི་རོལ་སྟངས་ཤིག་ཏུ་ཆགས་ཡོད་ཨང་།
        སྙན་ངག་འབྲི་སྦྱོང་གི་གོ་རིམ་ཁྲོད་དུ།   ངས་ནི་གཙོ་ཆེར་ཚོར་བ་རགས་པའི་རྗེས་སུ་འགྲོ་ལྡོག་གིས།  རང་གི་མཐོང་ཐོས་དྲན་རེག་གི་དངོས་དོན་བྲིས་ནས་གསར་རྩོམ་གྱི་ལམ་དུ་ཕྱིན་ཚུལ་དེས།   སྙན་ངག་དང་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་མེད་དང་།  མི་རིགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱེད་དགོས་མིན་གྱི་ཁ་ཚོན་མི་ཆོད་ལ།  གསལ་བྱེད་དུའང་མི་འགྲོ།  སྤྱིར་བཏང་ང་ཚོས་སྙན་ངག་ལ་གཟབ་ནན་གྱི་རྣམ་འགྱུར་དང་རེ་བ་ཆེན་པོ།  ཡིད་ཆེས་ཟབ་མོས་བལྟ་ཆོག་མོད།  འོན་ཀྱང་སྙན་ངག་རང་སྟེང་ནས་དེ་འདྲའི་ཁེར་ཚུགས་ཀྱི་རང་གཤིས་དང་། ཟབ་ཅིང་རྒྱ་ཆེ་བའི་བསྟན་དོན་མཐའ་དག་བདེ་ལེགས་ངང་འགྲུབ་མིན་ནི་དོན་དག་གཞན་ཞིག་ཡིན་ནོ། །  
      ད་ལྟའི་བར་དུ། རང་གིས་ནུས་ཚོད་ཀྱིས་སྙན་ངག་འགའ་རེ་བྲི་ཁུལ་བྱས་ནའང་།  རང་ཉིད་ཀྱི་འདོད་བློ་ཚིམས་ཤིང་ཀློག་པ་བོའི་ཡིད་ཀྱི་གསོས་སུ་བསྟབས་ཆོག་པའི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་གཅིག་ཀྱང་མེད་པས།  ངའི་སྙན་ངག་གིས་ང་ད་རུང་ཡིད་མི་ཚིམས་ཞེས་བློ་ཐག་རྦད་ཆོད་ཀྱིས་བཤད་ཆོག་ལ་བཤད་ཀྱང་སྲིད།  རྒྱུ་མཚན་དེའི་དབང་གིས།  ངས་སྙན་ངག་འབྲི་བའི་གོ་རིམ་ཧྲིལ་བོ་སློབ་སྦྱོང་ཙམ་དུ་མ་ཟད། ད་དུང་བློ་སྦྱོང་རྣལ་མའི་བརྒྱུད་རིམ་གལ་ཆེན་ཞིག་ཏུ་བརྩིས་ཡོད།
        རང་ཉིད་ལ་མཚོན་ན།  སྙན་ངག་འབྲི་དུས་ནང་དོན་འདེམས་སྒྲིག་གི་ཕྱོགས་ནས་ནམ་ནམ་ཞར་ཞར་ལ་འགལ་རྐྱེན་དང་བཀག་རྒྱ་མེད་མོད།  ཚིག་གི་རོལ་རྩེད་དང་མཚོན་ཐབས་གཉིས་ཀྱི་ཆར།  དང་དོད་ཆེན་པོ་བྱེད་ཀྱིན་ཡོད། ད་དུང་སྙན་ངག་བློས་བསླངས་ཀྱི་མགོ་རྔ་མ།  བར་རྐེད་པ་ཀུན་ཏུ་མིང་དང་ཐ་སྙད། ཚིག་དང་རྗོད་པ།  སྤྱི་ཁོག་གི་སྒྲིག་གཞི་རེ་རེའི་བར་གསེང་དུ་མགོ་ཡོམ་འཁོར་བའམ།  སྦྲིད་སྨན་འཐུང་བ་ལྟ་བུའི་བསླུ་བྲིད་ཀྱི་ཆ་དང་།   བསམ་གཞིག་གི་བར་སྟོང་ཡངས་མོ་ཞིག་བསྐྲུན་ནས། རང་ཉིད་ཀྱི་བསྟན་དོན་གང་ཞིག་ཕ་རོལ་བོར་ལས་སླ་བོའི་ངང་འཕྲོད་ཐུབ་པའི་སྒྱུ་རྩལ་གྱི་ཚད་མཐོ་ས་ཞིག་ཏུ་སླེབས་པར་ཤ་ཐང་ཐང་གིས་འབད་མུས་སུ་མཆིས་ཀྱིན་ཡོད། 
       ང་ནི་མིག་གིས་རྒྱང་རིང་གི་ས་སྲོད་ངོས་སུ་ཅེར་ནས་དངན་པ་དང་ཤུགས་རིང་ནར་ནར་འཐེན་མཁན་ཞིག་སྟེ།  སྐྱོ་སྣང་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་ཞེས་བཤད་ཀྱང་ཆོག དེ་བས། ངའི་སྙན་ངག་གི་ནང་རུམ་ན་ནམ་ཡང་སྐྱོ་བ་དང་གདུང་བ། སྨྲེང་བ། སྡུག་ཡུས་བཅས་སིམ་འཛུལ་གྱི་ཆ་ཤས་ཆེ་ཞིང་དེ་དག་ཕན་ཚུན་འགྲན་པ་བཞིན་སྟོབས་ཀྱིས་འཕྱུར་ནས་ཡོད་པས།  ངའི་སྙན་ངག་འདི་དག་སྣང་བ་ཟ་ཟི་དང་ཚོར་བ་རབ་རིབ་ཀྱི་ངོས་སུ་བཞག་ནས་བལྟས་ཚེ། ནམ་ཡང་འོད་ཀྲིག་ཀྲིག་བྱེད་པའི་སེམས་ཁོང་གི་མཆི་མའི་དོག་པ་ཞིག་ཡིན་པར་རེ་བ་དང་སྨོན་ལམ་རྒྱག་གི་ཡོད།
༢༠༢༢.༣.༢༡ཉིན། 
རྨ་འགྲམ་གྱི་ལྗོན་པ།
   མཐར་ཕྱིན་དང་བོ།   མགོ་ལོག བཅུད། 
མི་ལོ་གསུམ་གྱི་ཡར་སྔོན་དུ། ང་རང་ཕ་ཡུལ་གྱི་གཞོན་སྐྱེས་མང་བོ་ཞིག་དང་ཁ་བྲལ་ནས་སློབ་གླིང་འདིར་ཡོང་བ་ཡིན། དེ་ནི་རང་ཅག་གིས་མི་ཚེ་འདིའི་ལམ་ཁ་སྣ་ཚོགས་ཤིག་ལས་གདམ་གསེས་བྱེད་སྟངས་ཤིག་ཡིན། དེ་དུས་ངས་ཕུགས་བསམ་ཞེས་པའི་རྡོག་ཁྲེས་ལྕི་མོ་ཞིག་ཕྲག་ལ་གཟར་ནས་ཡོང་བ་ཡིན། ང་ཁོ་ཚོ་དང་བྲལ་དོན་ནི་ང་ཚོའི་རང་ཉིད་ཀྱི་བསམ་བློའི་ཁྱེར་སོ་དང་མི་ཚེའི་ལྟ་ཕྱོགས་སོགས་མི་མཐུན་པའི་རྐྱེན་ལ་འབྲེལ་བ་ཡོད། མི་རེ་རེ་ལ་རང་ཉིད་ཀྱི་རེ་བ་དང་འདུན་མ་ཡོད་པ་བཞིན་སྐྱེ་བ་འདིར་ག་ཚོད་ཅིག་ལ་གསོན་པའི་དུས་ཚོད་དེ་ནི་ཅི་ལྟར་གཏོང་བའི་རང་དབང་ནི་རང་ལ་ཡོད། རང་དབང་དེས་ཁྲོད་ནས་མི་སོ་སོས་རྙེད་པའི་ལམ་ཁ་མི་འདྲ་བ་དང་ཕྱག་རྗེས་མི་འདྲ། ཞབས་རྗེས་ཀྱང་མི་འདྲ། དེ་ནི་སོ་སོས་མི་ཚེ་བསྐྱལ་སྟངས་ཤིག་ཡིན། དེའི་ཕྱིར། ངས་རང་གིས་རང་ལ་སྙིང་ཕུར་བརྟན་པོ་ཞིག་བརྡབས་ནས་སློབ་གླིང་འདིར་ཡོང་ནས་མི་ཚེ་འདིར་འོད་སྣང་གི་ལམ་ཁ་གསར་བ་ཞིག་འཚོལ་དུ་ཡོང་བ་ཡིན། སྐབས་དེར་བསམ་ན། ང་རང་ང་རྒྱལ་གྱིས་ཁེངས་པ་ཐལ་ཞིང་རང་སྣང་གང་དྲན་གྱི་ཁ་ཕོ་དེས་ནོར་འཁྲུལ་མང་བོ་ཞིག་གི་ས་བོན་བཏབ་མྱོང་། དེ་ནི་དམ་པ་རྣམ་གྱིས་ཞལ་གདམས་བཞིན་ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ་དང་ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ་ཞེས་པའི་ལུང་དོན་དེ་ལས་མ་འདས་སོ། །
སློབ་གླིང་འདིར་འབྱོར་རྗེས། དུས་ཡུན་རིང་བོ་ཞིག་མ་འགོར་བར་རང་དང་མཉམ་པོར་ཡོང་བའི་ཕ་ཡུལ་གཅིག་པའི་ཡུལ་གྲོགས་དེ་ཕྱིར་ཕ་ཡུལ་དུ་ལོག་སོང་། གནས་འདིར་ང་རང་ཁེར་རྐྱང་གིས་གདུང་བ་གཏིང་ནས་སྐྱེས་ཤིང་སུན་སྣང་གི་དབེན་པ་འཇགས་ཐབས་མ་བྱུང་། ཁོར་ཡུག་གསར་བ་དང་སློབ་གྲོགས་གསར་བ། ཆ་རྒྱུས་མ་ལོན་པའི་མི་ཚོགས་ཀྱི་གསེབ་ནས་ང་ནི་ཧ་ཅང་ཁེར་རྐྱང་ཁེར་རྐྱང་ཞིག་ཏུ་སེམས། སྐབས་དེར། རྨ་འགྲམ་གྱི་ལྗོན་པ་དེར། ཡལ་ག་མང་བོ་ཞིག་ཐོགས་ཤིང་ཡལ་ག་རེ་རེའི་སྟེང་དུ་ལྗང་མདོག་གི་ལོ་མ་རྣམ་པར་བཞད། རྨ་འགྲམ་གྱི་ལྗོན་པ་དེ་ལ་མི་ལོ་ཉེར་བཞིའི་ལོ་རྒྱུས་ཡོད་པ་ཞིག་རེད། 
ང་ཁེར་རྐྱང་གི་ཟོལ་གྱིས་རྨ་འགྲམ་གྱི་ལྗོན་པ་དེའི་ཉེ་སར་བཅར་ནས་དཔེ་ཀློག་ཐན་ཐུན་རེ་བྱེད་པ་དང་།ཡང་ན་བློ་འཛིན་སྐྱོར་སྦྱོང་རེ་བྱས་ནས་དུས་ཡུན་རིང་བོ་ཞིག་ཚར་སོང་། ཅུང་མ་འགོར་བར། རྨ་འགྲམ་གྱི་ལྗོན་པ་དེའི་སྟེང་གི་ལོ་མ་ཡོངས་སུ་ཁ་དོག་སེར་པོར་གྱུར་སོང་། མཚམས་མཚམས་སུ། དལ་གྱིས་ལྡང་བའི་བསིལ་འཇམ་གྱི་རླུང་བུས་ལོ་མ་རེ་འགར་བར་སྣང་དུ་ཁུར་ཞིང་ལོ་མ་རེ་འགར་ས་རུ་འཐོར། ང་རང་ཁེར་རྐྱང་གིས་གདུང་བ་བཞིན་རྨ་འགྲམ་གྱི་ལྗོན་པ་དེའང་གྲང་ངར་གྱིས་གཙེས་ནས་རྒས་འཁོགས་ཀྱི་སྡོང་རྒན་ཞིག་ཏུ་གྱུར།བལྟས་ཚོད་ཀྱིས་ད་ནི་རྨ་འགྲམ་གྱི་ལྗོན་པ་ལ་ཤིན་ཏུ་སྐྱོ་སྣང་གིས་ཁེངས་འདུག རྗེས་སོར།ང་རང་རྨ་འགྲམ་གྱི་ལྗོན་པ་དེ་ལ་བརྩེ་བ་ཟབ་མོ་ཞིག་ཆགས་སོང་།

འདས་ཟིན་པའི་མི་ལོ་གསུམ་གྱི་རིང་ལ། ངས་རང་གི་ཚོད་ཀྱིས་དཀའ་ཁག་མང་བོ་ཞིག་འཕྲལ་གྱིས་བརྒལ་ཞིང་གནོད་ཤུགས་མང་བོ་ཞིག་གདོང་གིས་བསུས་པ་ཡིན། དེ་ནི་ཕུགས་བསམ་གྱི་ལམ་སྣེ་ཟིན་པའི་ཕྱིར་དུ་དང་ལེན་བྱས་པ་ཡིན། སློབ་གླིང་འདིར་ཕྱག་ལས་གནང་བའི་དགེ་རྒན་རྣམ་ནི་གཞུང་ལུགས་མང་བོ་དཔྱིས་ཕྱིན་ཞིང་སྐད་རིགས་མང་བོར་མཁས་པའི་རིག་པའི་ཁྱུ་ཚོགས་ཤིག་རེད། སློབ་གྲོགས་རྣམས་ཀྱང་གོམས་འདྲིས་ལོབས་རྗེས་ཆེས་བློས་མི་ཐིངས་པའི་ཡ་རབས་དག་དག་ཅིག་རེད། རིམ་གྱིས་ང་རང་སློབ་གླིང་འདིའི་དགེ་སློབ་ཡོངས་དང་རྨ་འགྲམ་གྱི་ལྗོན་པ་ལ་ཆ་ཡོད་རྒྱུས་ཡོད་དུ་གྱུར་སོང་། ཞར་ལ་ཤ་འདང་རུས་འདང་ཞིག་ཀྱང་ཆགས་སོང་།  གནས་འདི་ནས་ཕ་ཡུལ་དྲན་པའི་གདུང་བའང་ཁ་ཐག་ཇེ་རིང་དུ་ཕྱིན་ཞིང་རང་ཉིད་ཡུལ་ལུང་འདི་ལ་གོམས་ལོབས་ཆེན་པོར་ཕྱིན་པས་ཕ་ཡུལ་གཉིས་པ་ལྟ་བུའི་ཟོལ་བོ་ཆགས་བཞིན་འདུག ཉིན་མཚན་ཆག་མེད་དུ་བརྩོན་པ་ལྷུར་ལེན་བྱེད་པའི་སློབ་མ་ཡོངས་ནི་རིག་གནས་མང་བོ་ཞིག་གི་ཀློང་ན་བྲེལ་འཚུབ་ཀྱིས་འདུར་བཞིན་ཡོད། རྒྱལ་ཁབ་མང་བོ་ཞིག་གི་སྐད་རིགས་ལའང་འབད་ཀྱིན་ཡོད། ཁོ་ཚོ་ནི་མ་འོངས་ཀྱི་ལམ་སྣེ་ཁྲིད་པའི་དེད་དཔོན་ཡིན། ངས་ནི་ཁོ་ཚོ་དང་མཉམ་དུ་སློབ་སྦྱོང་བྱས་པ་ཙམ་ཡིན། ང་ཁོ་ཚོ་བསྡུར་ཐབས་གཏན་ནས་མེད།

མི་འགྱང་བར། ང་རང་སློབ་གླིང་འདི་ནས་མཐར་ཕྱིན་སློབ་མ་ཞིག་གི་མིང་བྱང་ཁུར་ནས་འགྲོ་དགོས།ཕ་ཡུལ་ན་རེ་ལྟོས་ཀྱི་མིག་ཟུང་ལྷོད་མ་མྱོང་བའི་མི་དག་ལ་ཐུག་དགོས། སྙིང་དུ་སྡུག་པའི་ཆུང་གྲོགས་ཀྱིས་ཀྱང་རེ་བ་ཆེན་པོས་ངང་ནས་བསྒུག་ཡོད། ཁོང་ཅག་ནི་ང་ལ་མཚོན་ན་མི་ཚེ་འདིའི་སྟེང་ནས་གཞལ་མེད་ཀྱི་ནོར་བུ་ཡིན། ད་དུང་ང་ལ་མི་ལོ་གསུམ་གྱི་རིང་དུ་སྐྱིད་སྡུག་མཉམ་ཁུར་གྱིས་རྨ་འགྲམ་གྱི་ལྗོན་པ་ལ་དྲན་རྟེན་ཅི་ཞིག་བཞག ད་ནི་ཕྱིར་ཕ་ཡུལ་དུ་ལོག་པའི་དུས་ཚོད་ཀྱང་མི་འགྱིང་བར་བསླེབ་ལ་ཉེ། དགའ་སྡུག་ཟུང་འབྲེལ་གྱི་དུས་ཚོད་མང་བོ་ཞིག་དགའ་སྡུག་རྐྱ་འཐབ་ཀྱི་ཀློང་ནས་ཚར་སོང་། འདས་ཟིན་པའི་དུས་ཚོད་ལ་རིན་ཐང་ཅི་ཙམ་མཆིས་པར་རང་གིས་རང་ལ་སྡོམ་རྩིས་ཤིག་རྒྱག་རན་རེད། ད་ནི་མཚན་གུང་གི་ཆུ་ཚོད་གཅིག་ལས་ཡོལ་འདུག འོན་ཀྱང་། ང་ནི་འུག་པ་བཞིན་འདས་ཟིན་གྱི་ལོ་ཟླ་ལ་ཕྱིར་མིག་ཅིག་འཕེན་ནས་འདུག་ཡོད། ཤོར་ཟིན་པའི་ལོ་ཟླ་ནི་ཕྱིར་ཡོང་མེད་པའི་མདའ་མོ་མཐེབ་ཤོར་ཞིག་ཡིན། ལོ་ཟླ་དེར། རང་ལ་འགྱོད་སྣང་མེད་པ་ཞིག་བསྒྲུབས་དགོས། དེ་ནི་མི་རྣམས་ཀྱི་གཅིག་མཐུན་གྱི་ལྟ་བ་མིན་རུང་། ངས་ནི་དེ་ལྟར་བསམ་བཞིན་ཡོད།  མདོར་ན། ངས་རྨ་འགྲམ་གྱི་ལྗོན་པ་འདི་བསྐྱུར་ནས་ཕྱིར་ཕ་ཡུལ་དུ་ལོག་དགོས། དེ་ནི་ང་མཚོན་ན་ཆེས་བློས་མི་ཐོངས་པ་ཞིག་རེད།

སྐྱེས་ཆེན་ཞིག་གི་བཞུད་ལམ་རིང་མོ།
     མཐོ་གཅིག་གཉིས་པ། མཛོད་དགེ། འཇིགས་མེད་བརྩོན་འགྲུས།
   བོད་ཆེན་པོའི་བྱང་མཐར་གཏོགས་པའི་ཆོས་སྡེ་ཆེན་མོ། མདོ་སྨད་ནཱ་ལེནྡྲ་གཉིས་པ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་ཞེས་མཚན་སྙན་མངོན་པར་མཐོ་བའི་ཆོས་སྡེ་དེ་ཉིད་ལསགཞུང་དོན་ཐོས་བསམ་ལ་དཀའ་སྤྱད་རྡོ་རུས་ཐུག་པར་བསྐྱངས་ལ།ལྷག་པར་རིག་གསར་གྱི་གོད་ཆགས་དང་།སྐད་ཡིག་གི་སྲོག་རྩ་ཉག་ཕྲ་བའི་དུས་སུ་བོད་ཆེན་པོའི་ཡུལ་གྲུ་ཀུན་ཏུ་སྐུ་ཚེ་གང་བོར་རིགས་ཀྱི་སློབ་གསོར་བསྟིམས་མཁན་གྱི་སེམས་དཔའ་ཆེན་པོ།བོད་ཀྱི་བྱིས་པ་བཙས་མ་ཐག་དང་། ཀ་ཁའི་གཟུང་ཐག་ལ་ཐོག་མར་འཇུས་ཙམ་ནས་གསོན་པོའི་ལམ་སྣ་འདྲེན་མཁན་དང་།འདས་པོ་དག་ཞིང་དུ་འཁྲིད་མཁན།ལྷག་པར་འཛམ་གླིང་ཤར་ནུབ་ཀུན་ཏུ་མིག་ཟུང་གླེགས་བམ་དང་བློ་ཁ་ཆོས་ཕྱོགས་སུ་བཅོལ་བའི་སྐྱེ་བོ་རྣམས་ཀྱིས་ཞི་བར་གཤེགས་པའི་རྒྱལ་སྲས་ཆེན་པོ་ཡབ་རྗེ་འཇམ་དབྱངས་བླ་མ་ཁྲི་ཆེན་དྲུག་པ་ཆེན་མོ་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་ཞེས་པའི་སྙན་པ་འདི་གོ་མ་མྱོང་བ་ཞིག་ག་ལ་སྲིད་ཨང་།
ཁོང་སྤྲུལ་སྐུ་མང་པོ་ཞིག་གི་ནང་གི་གཅིག་སྟེ།ཡིན་ནའང་ཁོང་སྤྲུལ་སྐུ་གཞན་དག་དང་གཏན་མི་འདྲ་བར།ཁོང་འཁྲུངས་བ་ལ་སྔོན་བྱོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱི་ལུང་བསྟན་གྱི་མ་ཟིན་ཡང་དུས་འགྱུར་གྱི་ལོ་ཟླ་དང་རིག་གསར་གྱི་གོད་ཆད་སོགས་ཀྱི་ནང་བསམ་བཞིན་སྐད་ཡིག་རིག་གཞུང་དང་མི་རིགས་སློབ་གསོའི་ཞབས་ཞུའི་དོན་དུ་བྱོན་ལ།ཁོང་བཙའ་བའི་སྒང་ལ་ཡབ་ཡུམ་གྱི་ཉལ་ལམ་དུ་འཇའ་གུར་དང་རོལ་དུང་འབུད་པ་སོགས་རྟགས་མཚན་འགའ་ཞིག་མཐོང་ཐོས་སུ་གྱུར་ཡང་།དེ་ནི་རྨི་ལམ་ཙམ་ཡིན་ཀྱང་། དོན་དངོས་སུ་སྐུའི་ཚེ་སྲོག་གི་མཐའ་ལ་རླབས་ཆེན་གྱི་རི་མོ་མི་ཡུལ་ནས་ལྷ་ཡུལ་ལ་འཕོས་བ་མངོན་གསལ་ཡིན།
དེ་ལྟར་རང་མིང་ཙམ་ཡང་འབྲི་མི་ཤེས་པ་ཞིག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་པའི་མཆོད་པའི་མེ་ཏོག་གིས་མ་བསྔགས་ལ།ཐ་ན་དམ་ཚིག་གི་སྒོ་སྲུང་ཙམ་ཡང་མི་ཐུབ་པ་བཞིན་དུ་འགྲོ་བའི་འདྲེན་པ་ཞེས་པའི་ཆོ་ལོ་བསྩལ་བ་སོགས་ཅི་ཡང་བྱས་མེད་པར།སྐད་ཡིག་རིག་གཞུང་དང་མི་རིགས་ཞབས་ཞུའི་ལས་དོན་ལ་སྐུའི་ཚེ་སྲོག་ཀྱང་འདོར་ཐུབ་པའི་རླབས་ཆེན་གྱི་སྤྲུལ་སྐུ་ཞིག་སྟེ།རྫིག་རྫིག་གི་ཁྲི་མཐོ་དང་བཙན་པོའི་བཀའ་སོགས་ཅི་ཡང་མེད་པར་སྐུ་ཚེ་གཅིག་གི་མཛད་པ་མཐའ་དག་མི་རིགས་དང་སྐད་ཡིག་སོགས་ཀྱི་ལས་དོན་ལ་གཞོལ་ནས་ངོ་མཚར་བའི་རྣམ་ཐར་གྱིས་བསྡུས།
ཁོང་སྤྲུལ་སྐུ་མང་པོའི་ནང་གི་གཅིག་སྟེ།ཡིན་ནའང་སྤྲུལ་སྐུ་གཞན་དག་དང་གཏན་མི་འདྲ་བར།ཤེས་རིག་གི་དགོས་མཁོ་ཧ་ཅང་ཆེ་བའི་ལོ་རབས་ནས་སྐུའི་འཕེན་པ་མ་རྫོགས་ཀྱི་བར་དུ་སློབ་གསོའི་བྱ་བ་ཁོ་ན་བསྐྱངས་བས་ཁོང་ལས་གདུལ་བྱ་མང་བ་དང་ཁོང་ལས་མཛད་ཕྲིན་རྒྱས་པ་ཞིག་མི་སྲིད་པར་སྣང་།ལེགས་གསུང་ཉི་འོད་ལ་བརྟེན་ནས་བྱམས་བརྩེ་ཟུང་གི་འོག་ནས་ནར་སོན་པའི་ཤེས་རིག་གི་གཤོག་རྩལ་རྒྱས་པའི་རྒྱ་བོད་ཧོར་གསུམ་གྱི་དངོས་སློབ་དང་ཡང་སློབ་སོགས་ཕྱོགས་གཅིག་ཏུ་བསྡུས་ཚེ།ད་ལྟའི་བོད་ཆེན་པོའི་སའི་ཁམས་ན་མི་རིགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་ན་མ་མཐའ་ཡང་ཁོང་ལ་ཆོས་འབྲེལ་མ་ཐོབ་པ་ཞིག་ཕལ་ཆེར་ཉུང་སྟེ།ད་ལྟའི་མི་གཅིག་ལ་མཚོན་ན་ཐོག་མར་བྱིས་གཉོར་ཁང་དང་།རིམ་བཞིན་སློབ་ཆུང་།སློབ་འབྲིང་།མཐོ་འབྲིང་།སློབ་ཆེན་དངོས་གཞི་ཞིབ་འཇུག་སློབ་མ་སོགས་སློབ་གཉེར་གྱི་ལམ་ཁ་རེ་རེའི་ལམ་ཟུར་དུ་བྱོན་པ་ནི་དམ་པ་གང་དེའི་ཞབས་ཟུང་སྤྱི་བོས་མཆོད་པའི་གདུལ་བྱ་མང་པོ་དགེ་རྒན་གྱི་ཕྱག་ལས་གནང་མཁན་དེ་དག་མ་ཡིན་ནམ།  

   དེ་ལྟར་མི་ལོ་དོན་ལྔའི་སྐུ་ཚེ་རིང་མི་གཅིག་གི་སློབ་གསོ་ཞེས་པའི་ལས་དོན་ལ་སྐུའི་ཚེ་སྲོག་ཀྱང་ཕངས་མེད་དུ་བཏང་བའི་དབང་གིས་རིགས་ཀྱི་ཅོད་པན་དང་།མཁས་པ་རྣམས་ཀྱི་དཔྲལ་བའི་མིག་དང་།སློབ་གཉེར་བ་སོགས་ཀྱི་ཁོག་གི་སྙིང་ལྟ་བུའི་སེམས་དཔའ་ཁྱེད་ཉིད་ང་ཚོའི་སེམས་སུ་གཟི་བརྗིད་ངང་བཞུགས་ལ། ཁྱེད་ཀྱི་གསུང་ཁོ་ན་སློབ་ཚན་ལྟ་བུའི་ལེགས་བཤད་ཀྱི་བདེན་པ་རུ་དུས་ད་ལྟའང་སྒྲོག་བཞིན་མཆིས། ཁོང་མཁས་པ་མང་པོའི་གྲལ་གྱི་གཅིག་སྟེ།ཡིན་ནའང་ཁོང་མཁས་པ་གཞན་དག་དང་གཏན་མི་འདྲ་བར།རིག་གཞུང་གསེར་གྱི་གཏེར་ཁའི་རི་བོ་ལ་གཡོ་འགུལ་མི་མངའ་ཞིང་།ཕྱི་ནང་གཉིས་ཀྱི་རིག་གཞུང་ལ་ཚིག་དོན་གྱི་སྒྲོ་འདོགས་ཆོད་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས་པ།རང་ཁོ་ནའི་ཁེ་ཕན་གྱི་ཕྱིར་དུ་མི་རིགས་ཀྱི་བླ་མ་བཙོང་ཞིང་།རང་ཁོ་ནའི་བདེ་སྡུག་གི་ཆེད་དུ་དུས་རབས་ཀྱི་འཕོ་འགྱུར་སོགས་ཀྱི་དབང་གིས་ཕྱི་ལོག་ཏུ་ཕེབས་ཐུབ་ཀྱང་མ་འབྱོན་པར།མི་རིགས་ཀྱི་བདེ་སྡུག་ལ་གཞིགས་ནས་བདེན་ཐོབ་ཀྱི་དོན་མི་ལོ་ཉི་ཤུར་མུན་ནག་བཙོན་དུ་བཞུགས་པ་དེ་ཡང་ཁོང་ཡིན་ཞིང་།དུས་སྐབས་དེའི་འབངས་ངན་གྱི་མཚོན་ཆའི་ཆར་བབས་པ་ལ་སྡང་མིག་ཙམ་ཡང་མེད་པར་དབུ་མའི་ལམ་ནས་ཕྱིར་ལན་སློག་མཁན་དེའང་ཁོང་རིན་པོ་ཆེ་ལགས།མཐོ་སྒང་གི་རྣམ་གཤིས་ཀྱི་འགྱུར་བག་རྒོད་ལ་ནམ་ཟླ་དབྱར་གྱི་ཚ་བ་འགོག་བྱེད་ཀྱི་བསིལ་གདུགས་ཁོང་ཡིན་ལ་དགུན་གསུམ་གྲང་རག་གི་མནར་བའི་སྐབས་སུ་བདེ་སྣང་གི་དྲོད་ཁོལ་སྦྱིན་མཁན་དེ་ཡང་ཁོང་ཡིན་པས།སྐུ་རིན་པོ་ཆེ་བདེ་བར་བཞུགས་དུས་མི་རིགས་དང་རིག་གཞུང་གི་མགྲིན་ཚབ་པ།སྐད་ཡིག་སོགས་ཀྱི་བདེ་སྡུག་གི་འཁྲི་ཤིང་ཐམས་ཅད་ཉིད་ཀྱི་ཐུགས་དང་ཕྲག་པའི་སྟེང་ལ་ལྗིད་ཏིག་ཏིག་ཏུ་བབས་ལ།ཇི་ལྟར་བབས་ཀྱང་འབབ་ས་མ་ནོར་བར་ཁོང་ཐུགས་དགྱེས་བཞིན་བཞད་ལ།བློ་ལྡན་རྣམས་ཀྱིས་ཀྱང་དགའ་བཞིན་སྤྲོ་བཞིན་སྙན་ངག་གིས་བསྔགས་བརྗོད་སོགས་ཀྱི་མེ་ཏོག་གི་ཕྲེང་བ་བར་མ་ཆད་པར་འདུག

དེ་ལྟར་དགུང་གྲངས་བརྒྱད་ཅུར་ཉེ་བའི་ངོ་མཚར་བའི་སྐུ་ཚེ་རིང་མོའི་ལོ་ཟླས་དེད་པའི་རྣམ་ཐར་གྱི་ལྗོན་པ་རེ་རེར།དཔྱིད་དཔལ་བུ་མོ་མགྲོན་དུ་བབས་པའི་གསར་སྐྱེས་ན་གཞོན་གང་མང་ལ་རེ་བའི་སྙིང་སྟོབས་ཤིག་གི་དཔྱིད་དཔལ་བསུས་ཤིང་།རྒྱུད་ལ་བག་ཆགས་ཀྱི་བྱུགས་པའི་ཤེས་རབ་ཀྱི་བྱམས་བརྩེའི་སློབ་གཉེར་བ་མང་པོ་ལ་ཆོད་དཀའ་བའི་རིག་གཞུང་ལ་སྔར་མེད་གསར་གཏོད་ཀྱི་གསོན་ཤུགས་གསར་བ་ཞིག་ཕངས་མེད་དུ་བསྩལ་ལ།མདོ་རྒྱུད་རྒྱ་མཚོའི་གཞུང་ཆེན་ལ་མཆོད་བཀུར་ལས།ཆོས་རྫུན་ཆོས་པར་རློམ་པ་མང་པོ་མུན་ཀློང་ནས་ཕྱིར་བཟློག་མཛད་པ་སོགས་དམ་པ་ཁོང་གིས་ཤ་ཚའི་གཏམ་གྱིས་སྐྱེ་བོ་ཁྲི་ཕྲག་གི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་ཤིང་།ལུས་ལ་མཚན་དཔེའི་ངུར་སྨྲིག་གོས་ཀྱིས་བརྒྱན་པའི་བཙུན་པ་མང་པོའི་མིག་དབང་འཕྲོག་པར་བྱས་ལ།ལྟ་གྲུབ་མི་གཙང་བ་མང་པོའི་མ་རྟོགས་ལོག་རྟོག་གི་ཕྱིར་རྒོལ་ས་ལ་བསྙིལ་བས།ཁོང་སྐུ་ཉི་མ་གཞོན་ནུ་བཞུགས་དུས་བདུད་རྩི་ལྟ་བུའི་རིག་གཞུང་གི་པོད་ཕྲེང་དེ་དག་ལ་མུ་སྟེགས་པའི་ཚུར་རྒོལ་དུག་ཆུས་སྦགས་མ་ཐུབ་ཅིང་།གཞན་སྐྱོན་དུག་གིས་ཁ་རླངས་དེས་ལུས་སེམས་བདེ་མོའི་ཞི་བར་གཤེགས་སུ་བཅུག 
བཀའ་དྲིན་གྱིས་ཐེག་དཀའ་བའི་ཁོང་ལྟ་བུའི་སྐྱེས་ཆེན་ཚོ་རེ་རེ་བཞིན་བཞུད་ཤུལ་དུ་ད་དུང་ཡང་རེ་འགའ་ཞིག་ང་ཚོའི་བསོད་ནམས་ཀྱི་དཔལ་ཆེན་པོའི་ལོངས་སྤྱོད་དུ་བཞུགས་ཀྱིན་མཆིས་ནའང་།དམ་པ་ཁོང་ལྟ་བུའི་སྐྱེས་ཆེན་ནི་ནངས་ཉི་ཤར་དང་དགུང་ཉི་ཡོལ་སོགས་ག་དུས་ཡིན་ཡང་མིག་གིས་བལྟ་ས་དང་།རྣ་བའི་ཉན་ས།ཐ་ན་ཕྱི་ནང་གི་གླུ་བ་གླུ་མ་དང་།འཁྲབ་སྟོན་གྱི་ལམ་ཆེན།འབྱོར་བདག་དང་ཁེ་ལས་པ་སོགས་ལས་གཞན་གང་ལའང་དད་པ་དང་མོས་པ་གཏིང་ནས་ཆེ།ཁྱེད་ནི་ང་ཚོའི་ལམ་ཆེན་གྱི་སྒྲོན་མེ་ཡིན་ལ།ཁྱེད་ནི་ས་ཆེན་འདིའི་བདག་པོའང་ཡིན།ཁྱེད་ནི་ད་དུང་ཡང་ས་ཆེན་འདིའི་བསོད་ནམས་ཀྱི་དཔལ་དུ་བཞད་ན་བསམ་བྱུང་།ཆབས་ཅིག་སྨོན་ལམ་འདེབས་ངེས་ཤིང་།སྐྱབས་འཇུག་ཀྱང་ནན་གྱིས་ཞུ་ངེས་སོ།།


ཉམས་རྒུད་ཡིན་ནམ་འཕེལ་རྒྱས་ཡིན།

མཐོ་གཅིག་དང་བོ། དཔལ་ཆེན།

  ད་ལོའི་དབྱར་གནང་བཏང་ཉིན། ང་རང་དགེ་གྲོགས་བཀྲ་ཤིས་ཕུན་ཚོགས་དང་མཉམ་དུ་ཕྱིར་ཕ་ཡུལ་དུ་འགྲོ་བའི་རླངས་འཁོར་ཞིག་བཙལ་ཏེ་སྔ་དྲོའི་ཆུ་ཚོད་དགུ་ཡས་མས་སུ་ལམ་ལ་ཆས་ཤིང་ཕ་ཡུལ་དུ་ཕྱིན་པ་ཡིན་ལ།  ལོ་འདི་དག་གི་རིང་ལ་ངའི་ཕ་ཡུལ་གྱི་ལུང་པ་འདིར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། འཕེལ་རྒྱས་དང་ཉམས་རྒུད་གང་ཡིན་མི་ཤེས་བའི་འཛུགས་བསྐྲུན་ཀྱང་གང་མང་ཞིག་བྱས་ཡོད།   ལོ་ཁ་ཤས་ཀྱི་སྔོན་ལ་ཡུལ་འདི་རུ་ཆུ་གློག་དང་བརྡ་རྟགས་མེད་ལ། འགྱིག་ཁང་དང་རྒུད་སྐྱོབ་རས་གུར་སོགས་ཀྱང་གཞི་ནས་མཐོང་ཐབས་བྲལ་བ་ཞིག་ཡིན་མོད།  དེ་རིང་ཕ་ཡུལ་དུ་འགྲོ་བའི་ལམ་བར་དུ་སྨྲ་མི་ཤེས་བའི་སེམས་ཚོར་སྣ་ཚོགས་སྐྱེས་ཤིང་།  མང་བོའི་ཞིག་ཉམས་རྒུད་དུ་གྱུར་སོང་སྙམ་པའི་ཕངས་སེམས་ཤིག་ཀྱང་སྐྱེས་བྱུང་།    སྐབས་འདིར།  ངས་ཡུལ་མི་དག་ལ་དྲི་བ་གང་མང་ཞིག་ཞུ་དགོས་པ་འདྲ།  རྒྱུ་མཚན།  གློ་བུར་ཏུ་ཕ་ཡུལ་གྱི་འཚོ་བར་བསམ་ཡུལ་ལས་འདས་བའི་འགྱུར་བ་བྱུང་ནས།   དུད་ཁྱིམ་རེས་མི་རིགས་རང་གི་ཁྱད་ཆོས་ཡེ་ནས་བྲལ་བའི་འགྱིག་ཁང་རེ་ཕིབས་ཀྱང་སྒོ་འཁྲིས་སུ་དར་དམར་མཐོན་པོར་སྒྲེང་བཞིན་འདུག    ད་དུང་།    སྔོན་གྱི་གྱང་རལ་བོ་དག་ལའང་ཚོན་གྱིས་སྤྲས་ནས་རྫིག་ཉམས་ལྡན་པ་ཞིག་ཏུ་བསྒྱུར་འདུག    ཕྱི་རྫིག་ནང་སྟོང་གི་འཛུགས་བསྐྲུན་འདིའི་ཅི་ཞིག་མཚོན་ནམ།    གཉོམ་དུང་ངེར་གནས་པའི་དམངས་གནས་པའི་དམངས་ཀྱི་བསམ་བློ་མཚོན་ནམ།   བབ་ཅོལ་ལ་གོམས་ཤིང་དཔལ་ཡོན་དབེན་པའི་སྲིད་ཀྱི་ཐོལ་རླུང་མཚོན་ནམ།   སྙིང་ཉེ་བའི་ཡུལ་མི་ཚོ།   ཡབ་མེས་གོང་མ་དག་གིས་ང་ཚོར་གནང་བའི་རིན་བྲལ་གྱི་རིག་གནས་འདི་དག   ཉིན་བཞིན་རྒྱ་མཚོ་ལ་ཁ་བ་ཐིམ་པ་ལྟར བྲི་བཞིན་པ་མིག་མཐོང་ལག་ཟིན་ཏུ་གྱུར་དུས།    ཉམས་རྒུད་འདིའི་འབྱུང་རྐྱེན་ལ་བསམ་གཞིག་གནང་མཁན་མེད་དམ།   ངའི་བསམ་པར།  སྤྱིར་བྱ་དངོས་མཐའ་དག་འགྱུར་བའི་རང་བཞིན་ཡིན་སྟབས།  འགྱུར་ལྡོག་འབྱུང་སྲིད་ཀྱང་།  ཉམས་རྒུད་ཀྱི་འབྱུང་རྐྱེན་ལ་མི་སེམས་པ་ནི་ཆེས་འཇིགས་སུ་རུང་བའི་ཉམས་རྒུད་ཅིག་ཡིན་པར་སེམས།    སྐབས་འདིར་ངའི་ཡིད་ལ་ཐོག་མར་འཁོར་ཡོང་བ་ནི་མི་རིགས་ཀྱི་ཆེད་དུ་སྲོལ་རྒྱུན་རིག་གནས་སྦྱང་དགོས་ལ། དུས་རབས་ཀྱི་ཆེད་དུ་དེང་རབས་རིག་གནས་སྦྱང་དགོས་ཞེས་གསུངས་པས་སྐྱེས་ཆེན་དེ་ཡིན་ལ།  ཁོང་ནི་ངེས་པ་དོན་གྱི་འཁོར་ལོ་གསུམ་གྱི་མཛད་འཕྲིན་ནམ་མཁར་མཉམ་པ་ཞིག་ཡིན།  དེ་མཚུངས་སུ།  ཐོབ་པ་ཉུང་ལ་ཤོར་བ་མང་བའི་དགེ་བའི་བཤེས་གཉེན་དག་གིས་ལྷགས་རླུང་དང་བུ་ཡུག་ཁྲོད་ན།   ང་ཚོ་ལ་བྱམས་བརྩེ་རྩ་བ་ཅན་ཤེས་རིག་དར་སྤེལ་གཏོང་དགོས་ཞེས་གསུངས་པ་ནི་ཆེས་རིན་ཐང་ལྡན་ཞིང་བརྗེད་ཐབས་བའི་སྙིང་གཏམ་ཞིག་མ་ཡིན་ནམ།   ཡབ་མེས་ཀྱི་རིག་གནས་འདི་ཉམ་ཆུང་ཞིང་ཉག་ཕྲ་བའི་གནས་སུ་གྱུར་དུས།   ང་ཚོ་ལ་དངོས་གནས་སྙིང་གཏམ་བརྗོད་མཁན་ནི་དགེ་བའི་བཤེས་གཉེན་ལས མ་འདས།  རེ་ཡ། འདས་པའི་ལོ་འགའི་སྔོན་ལ་ང་ཚོ་སྦྲ་རྒན་དུ་བ་ཅན་གྱི་ནང་དུ་འཚོལ་གྱིན་ཡོད་ལ།  དེ་དུས་ཀྱི་འཚོ་བ་དེ་ཧ་ཅང་རྙོག་འཛིང་བྲལ་བ་ཞིག་ཡིན་ལ། སྐབས་དེ་དུད་ཁྱིམ་དག་གིས་དབྱར་དུས་སུ་སྦྲ་ཕིབས་ཀྱང་སྒོ་དར་དང་ཕུགས་དར་སོགས་ཀྱང་མཁའ་རུ་བརྐྱངས་མྱོང་མོད།   ཁ་སང་དེ་རིང་གི་ཉམ་ང་བའི་གནས་བབ་འདི་མཐོང་ན།   སྦྲ་ཕིབས་རྒྱུ་ལྟ་ཞོག་ཐ་ན་སྒོ་ཁྱི་མེད་པའང་གང་མང་ཞིག་མཆིས།   སྔོན་ཉག་ག་དང་རི་ཕྲན་སོགས་སུ་དར་ལྕོག་གིས་གཏམས་པའང་མང་བོ་མཐོང་རྒྱུ་ཡོད་ལ། ལོ་ཁ་ཤས་ཀྱི་ནང་དུ་དེ་དག་གཞི་མེད་དུ་འགྱུར་འདུག  ཉིན་གུང་ཙམ་ལ་ཕ་ཡུལ་དུ་འབྱོར་ཞིང་དགེ་གྲོགས་ཁོང་དང་རེ་ཞིག་གྱེས་དགོས་བྱུང་།   སྐབས་དེར།   དགེ་གྲོགས་ཁོང་གི་གདོང་ཡོངས་སུ་བརྩེ་བའི་འཛུམ་མདངས་རྒྱས་ཡོད་ལ།  དེ་ནི་ཆེས་གསོན་ཉམས་ལྡན་པའི་གྱེས་བྲལ་གྱི་ལེགས་སྐྱེས་ཤིག་ཡིན་ངེས།  ངས་ནམ་རྒྱུན་སློབ་གྲོགས་ཀུན་ལ་དགེ་གྲོགས་ཞེས་བརྗོད་མི་ཐུབ།  རྒྱུ་མཚན།  སློབ་གྲོགས་ཀྱི་རིགས་ལ་རྫུན་ལབ་རོགས་དང་རྐུ་བྱེད་རོགས་སོགས་ཉེ་གྲོགས་ཀྱང་ཡོད་སྲིད།    ཁོང་ལ་དེ་དག་ལས་ལྡོག་ཏེ་དགེ་གྲོགས་ཞེས་འབོད་པ་ནི།  ཁོང་ནི་སློབ་གྲོགས་རང་ག་བ་ཞིག་མ་ཡིན་པར་དོན་སྤྱོད་པ་དང་དོན་མཐུན་པ་སོགས་ཀྱི་དགེ་མཚན་དུ་མ་དང་ལྡན་ཞིང་།   རང་སྐྱོན་ལ་ཀེར་ཞིང་གཞན་གྱི་ཕྱོགས་སློང་བ་སོགས་འགྲོགས་ན་འགྲོགས་བདེ་བའི་མི་གཞིའི་ཁྱད་ཆོ་ངོ་མཚར་བ་ཡོད།   དེ་ནས་ངས་གོམ་ཁ་རང་ཁྱིམ་ཕྱོགས་སུ་སྒྱུར་དུས།  སྐྱེ་དགུ་ནས་ཡིན་ཟེར་བའི་དགོང་དམར་ལ་སྐྲ་ལོ་འཛིངས་པའི་མི་སྐོར་ཞིག་གིས་སྡོད་ཁང་དག་གི་མཐའ་རུ་རྩེད་མོ་ལྟ་བུའི་ཨར་ལས་ཙག་ཙིག་རེ་བྱེད་ཀྱིན་ཡོད་ལ་དེའི་ཉམས་རྒུད་འདི་དག་ལ་ཁ་གསབ་བྱེད་ཐུབ་བམ།   གཞན་གྱིས་མནར་རམ་རང་གི་ལན། གང་ལྟར་དགོས་མེད་ཀྱི་གསར་བརྗེ་མང་བོ་ཞིག་བྱས་ཟིན།  དོ་ནུབ་ཡུན་རིང་མ་འཕྲད་པའི་ཁྱིམ་མི་དང་ལྷན་འཛོམས་བྱུང་ཡང་།   སེམས་པ་དགའ་སྤྲོའི་ཁེངས་པ་ཞིག་མ་བྱུང་།   མཚན་མོ་མགོ་སྔས་ལ་བཞག་ནའང་གཉིད་མི་ཁུག་པའི་སེམས་ཁུར་ལྷག་མ་ཞིག་སྐྱེས་ཡོང་།  མི་ལོ་དུ་མའི་དེར།  ང་ཚོ་ལྷིང་འཇགས་ཀྱི་ཡུལ་གྲུ་འདི་ན་ཞི་དུལ་བག་ཕེབས་ངང་གནས་ཤིང་ང་ཚོའི་འཚོ་དེ་ཡང་དྲི་མས་མ་སླད་པ་ཞིག་ཡིན།   དེ་དུས།   སྣང་ཡུལ་ལ་སྤྲོ་ཉམས་དང་སེམས་ཁམས་ལ་སྙོམ་སྒྲིག་གི་ངལ་གསོ་སྤྱིན་པས་དྭངས་གཙང་གི་མཁའ་དབུགས་ཡོད།  དོ་ནུབ་དྲ་འཁྲིས་ཀྱི་མལ་ཁྲི་ལས་དེ་དག་ལ་ཕྱིར་དྲན་བྱས་ཚེ།   དེ་ནི་བསམ་ཡུལ་འགོང་བའི་སྟོང་འདང་ཞིག་རེད་ཨང་།                                          


གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་གཞུང་ལས་ཁང་དང་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གཉིས་མཉམ་འབྲེལ་སྒོས་སྤེལ། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23645742
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།